བོད། ལྷ་ཀླུ་གཉན་གསུམ།
བྲིས་པའི་ཡི་གེར་ཡིད་ཆེས་བཅོལ་ཉིན་ནས།།
གློག་གི་གྲོང་ཚོའི་སྐུ་མགྲོན་ཆགས་ཉིན་ནས།།
སྟོང་བསམ་མོད་པོའི་ལམ་འགྲོ་བུ་ཆུང་ང་།།
ཤོག་བུའི་ཁུགས་ཀྱི་མེ་ཕུང་དམར་པོ་རེད།།
བསྲེགས་པར་སླ་བའི་སྣང་ཚུལ་ཚུགས་མེད་ཅིག།
བརྟན་པོར་མི་བསྡོད་ཡིད་ཀྱི་ཐོན་རྫས་ཤིག།
ལྷུང་བའི་རྐང་སྣེ་ཐོག་པའི་སྔ་གཞུག་ན།།
ང་ཡི་རང་ཉིད་བོར་བའི་ཚན་པ་ཞིག།
འཁོར་བ་ཟེར་ན་སྐྱིད་པར་རློམ་ཡང་ཆོག།
འཇིག་རྟེན་ཟེར་ནས་སྐྱོ་བའི་ངུས་ཀྱང་འགྲིག།
སྐྱིད་སྡུག་གྱང་རྩྭ་ལྟ་བུ་གཡོ་བ་ཡི།།
ང་ཡི་ལུས་པོ་འདི་ནི་རྫོབས་དོང་རེད།།
སྟོབས་ཀྱི་བཀྱག་དུས་གནམ་ཁ་འདེག་ནུས་ལ།།
ཤུགས་ཀྱི་གསད་དུས་རི་ཡང་གཏོར་འགྲོ་མཁན།།
ཤ་ཡི་ཁུགས་སོ་ཀྱོག་པ་ང་ཡི་སེམས།།
ལྷ་འདྲེ་གཉིས་ཀྱི་རྩེད་རྭ་འཁྲུལ་མེད་ཅིག།
འཛིན་པའི་རེག་བྱ་བོར་ནས་དྲ་བར་འཐམ།།
ཐོབ་པའི་རེ་བ་བྲལ་ནས་སྙན་ཚིག་བསྒྲིགས།།
ཤིང་ལ་རྡོ་ཡི་ལྷན་པ་བརྒྱབས་འདྲ་བའི།།
ཨུ་ཚུགས་བཙན་གྱིས་ཀྱོག་བྲིས་སྙིང་བོ་མེད།།