སྐྱོ་བྲག་དགའ་དབང་།
རྗེ་བཙུན་མི་ལ་རས་པའི་མགུར་འབུམ་དུ། བླ་མའི་བཀའ་བསྒྲུབ་ཕྱིར་སྐྱང་ཕན་ནས་ཡོལ་མོ་གངས་ལ་བྱོན་ཏེ། སིང་ག་གླིང་གི་ནགས་གསེབ་སྟག་ཕུག་སེང་གེ་རྫོང་དུ་བཞུགས་དུས། ཡོལ་མོའི་གཞི་བདག་མོས་དང་པོ་ནས་ཞི་བའི་སྒོ་ནས་མཛེས་པའི་གཟུགས་བསྟན། བཀའ་འབངས་སུ་ཁས་བླངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་པར་གྱུར་ཏོ། །ཞེས་ཁོང་ལ་ཡོལ་མོའི་གཞི་བདག་མོ་ཞིག་སྦྱིན་བདག་ཏུ་ཡོད་པར་གསུངས་པ་ནི་ཇོ་མོ་གཡང་རི་ཡིན་པ་ངེས་འདུག །གང་ཡིན་ཞེ་ན། ཡོལ་མོའི་ལུང་པ་སྤྱི་ལ་གཞི་བདག་མོ་ཡོངས་སུ་གྲགས་པ་གཅིག་རང་ཡོད་པ་ནི་ཇོ་མོ་གཡང་རི་རེད་ལ། སྟག་ཕུག་སེང་གེ་རྫོང་ཡང་ཇོ་མོ་གཡང་རིའི་རི་འདབས་ཀྱི་གཙང་འགྲམ་ལ་གདའ།
ལྷ་མོ་འདིའི་ཆ་བྱད་ནི། སྔགས་འཆང་ཤཱཀྱ་བཟང་པོས་མཛད་པར་གྲགས་པ་སྨན་བཙུན་ཇོ་མོ་གཡང་རི་མའི་མཆོད་ཕྲིན་བསྡུས་པ་ལས། ཇོ་མོ་གཡང་རི་ཕྱུག་མོ་ནི། །དམ་ཚིག་ལྡན་པའི་མི་རྣམས་ལ། །དགྱེས་པའི་དུས་སུ་ཚུལ་སྟོན་ཚེ། །མོ་བཙུན་བཟང་མོ་མཛེས་པའི་གཟུགས། །ན་ཚོད་བཅུ་དྲུག་ལོན་པ་འདྲ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །ཞི་འཛུམ་དགྱེས་མཛད་རྫུ་འཕྲུལ་ལྡན། །དབུ་ལ་གཡུ་ཡི་ཀོ་ལྕོག་གསོལ། །མུ་ཏིག་ལེ་བརྒན་འཕྲེང་བ་འཕྱང་། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །སྣ་ཚོགས་དར་གྱི་ན་བཟའ་གསོལ། །ཕྱག་གཡས་དངུལ་དཀར་མེ་ལོང་བསྣམས། །གཡོན་པས་དཔལ་གྱི་འབྲང་རྒྱས་བསྣམས། །དམ་ཚིག་ལྡན་པའི་མི་རྣམས་ལ། །དངོས་གྲུབ་དགོས་འདོད་ཆར་ལྟར་འབེབས། །དགྱེས་པའི་མདངས་ལྡན་ཡ་ལ་ལ། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །རོལ་དུ་གློག་དམར་འཁྱུག་པ་ཁྲིད། །འཁོར་ནི་སྨན་ཕྲན་འབུམ་གྱིས་སྐོར། །མཛེས་པའི་རྒྱན་ཆ་ཁྲོ་ལོ་ལོ། །དཔའ་མོས་གར་བྱེད་ཤིགས་སེ་ཤིག །ཅེས་པ་ཉིད་ཡིན་ཅིང་། གསོལ་མཆོད་ཀྱི་ཡིག་ཆ་གཞན་ཡང་། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་མཛད་པ་སྦས་ཡུལ་ཡོལ་མོ་གངས་རའི་གནས་སྲུང་གསོལ་མཆོད་སོགས་བཀའ་རྙིང་གི་མཁས་གྲུབ་སྔ་ཕྱི་དག་གིས་བྲིས་པ་རྒྱས་འབྲིང་བསྡུས་པ་གང་དགོས་གདའ།
ཇོ་མོ་གཡང་རི་ཞེས་པ་གནས་རི་དེའི་བཀོད་པ་ནི། མཆོད་ཕྲིན་བསྡུས་པ་ལས། སྦས་ཡུལ་ཡོལ་མོ་གངས་ར་ཡི། །རིན་ཆེན་མཆོད་སྡོང་བཙུགས་འདྲ་ན། །ཞེས་པ་ལྟར། ཡོལ་མོ་གངས་རའི་དབུས་ཀྱི་ཆ་ལ་གནས་པ་ནགས་རི་རྩེ་རྒྱལ་ཆེས་བརྗིད་ཉམས་ལྡན་པ་ཞིག་རེད།
ཡོལ་མོའི་ཡུལ་པ་རྣམས་ཀྱིས་སྨན་བཙུན་ཇོ་མོ་གཡང་རི་ནི་བཀའ་གཉན་ལ་ཕྲིན་ལས་ཤིན་ཏུ་མྱུར་བ་ཞིག་ཏུ་བརྩི་ཞིང་འདུག་པའང་དོན་ལ་གནས་པར་འཁུམ་སྟེ། ཁོ་བོ་སྒྲུབ་གནས་སུ་བསླེབས་པའི་ཞག་ཤས་རྗེས་ཀྱི་ཞོགས་པའི་རྨི་ལམ་ཞིག་ཏུ། སྨད་གཡོག་ལྗང་ཁུ་གྱོན་པའི་བུ་མོ་ལོ་ཆུང་ཕྲ་ལ་རིང་བ། གདོང་པ་དཀར་ཞིང་དམར་བའི་མདངས་ཆགས་པ། ཅོད་པན་སོགས་ཀྱི་ཞི་ཆས་ཅན་ཞིག་མཐོང་མ་ཐག །འོ། ཇོ་མོ་གཡང་རི་རེད་ཨང་སྙམ་ཞིང་། མོ་རང་གིས་ཀྱང་ང་ཇོ་མོ་གཡང་རི་ཡིན་ཟེར་ཞོར་ཐུགས་ཀ་ནས་འབྲི་མོ་བྲེ་བོ་སྤོར་སྐྱ་ཞིག་བཀྱེས་པའི་མགོ་བོས་ངའི་བྲང་ཁ་ནས་རྩེད་མོའི་ཚུལ་དུ་གནན་སོང་བ་ན། ངས་ཀྱང་དངངས་སྐྲག་གི་སྣང་བ་མེད་པར་རྩེད་མོའི་ཚུལ་དུ་རྭ་ཅོ་གཉིས་ལ་ལག་པས་འཇུས་པར། ཁྱོད་ལ་རོགས་པ་གང་དགོས་པ་ཐམས་ཅད་ངས་བྱེད་ཀྱི་ཡིན་ཟེར་བར། ངས་ཟས་གོས་འདང་ངེས་ནི་ཁུར་ཡོད། ད་རོགས་པ་དགོས་པ་ཞིག་ཅང་མི་འདུག་ལབས་པར། ཟས་གོས་ཡོད་ནའང་ཞོར་དུ་ཕྲན་བུ་དགོས་པ་དག་ངས་བསྒྲུབ་ཀྱི་ཡིན། ཟེར་བ་ཞིག་རྨིས་ཤིང་། ཇ་མཆོད་ཀྱི་ཆེད་དུ། རིག་འཛིན་པདྨའི་བཀའ་ཉན་དམ་ཚིག་ཅན། །སྦས་ཡུལ་ཉུལ་ཞིང་བསྟན་པ་གཉན་པོ་སྲུང་། །ཟས་ནོར་རིན་ཆེན་དངོས་གྲུབ་ཆར་དུ་འབེབས། །ཇོ་མོ་གཡང་རིའི་ཞལ་དུ་མཆོད་པ་འབུལ། །ཞེས་པ་ཡང་བྲིས་ཏེ་རྒྱུན་མཆོད་བྱས་པའི་ལ་ཉེ་ལྟ་བུས། ཉེ་འཁོར་གྱི་ཡུལ་པ་དག་གིས་སོ་སོ་ལ་གང་ཡོད་པའི་བཟའ་བཏུང་དག་ནར་མར་བྱིན་པ་རྣམས་ལོངས་སྤྱོད་མ་ཐུབ་པར་གཞན་དག་ལ་མཁོ་སྤྲོད་བྱས་པ་ཡིན།
ཧ་ལས་དགོས་པའི་གནས་ཚུལ་གཞན་ཞིག་ཡོད་པ་ནི། ཡོལ་མོའི་ལུང་པ་སྤྱིའི་མཆོད་གནས་སུ་འཛིན་པ་རི་བོ་ཆེན་པོ་ཇོ་མོ་གཡང་རིའི་རྩེ་མོ་ལ། གསང་སྔགས་རྙིང་མའི་བླ་མ་མང་པོ་ཞིག་གིས། ཡོལ་མོའི་ལུང་བྱང་དང་། གནས་ཆེན་བྱིན་དབབ་སོགས་ཀྱི་གཏེར་ལུང་གི་དགོངས་དོན་ཡིན་པར་བསྙད་དེ། ལྷ་ཁང་སོགས་བཞེངས་པ་ཐམས་ཅད་གནམ་ལྕགས་ཐོག་གིས་རྨང་ནས་བཤིག་གཏོར་བྱས་རབས། རྣམ་གྲོལ་གླིང་གི་མཁན་པོ་ཉི་མ་དོན་གྲུབ་ཀྱིས། ཡོལ་མོར་རྒྱལ་བསྟན་དར་ཚུལ་གྱི་ལོ་རྒྱུས་ནོར་བུའི་མེ་ལོང་དུ། མཐོང་གྲོལ་མཆོད་སྡོང་ཆེན་མོ་འདི་ཉིད་གནས་ཡིག་ལུང་བྱང་དང་། གནས་ཆེན་བྱིན་དབབ་སོགས་ལས་ཆེ་བརྗོད་དང་ཕན་ཡོན་བསམ་ལས་འདས་པ་གསུངས་ཡོད་ཀྱང་། དུས་ཚོད་ཡོལ་བའམ་ས་དམིགས་ཆུག་པ་གང་ཡིན་རུང་། སྔོན་དུས་རིག་འཛིན་རྒོད་ལྡེམ་གྱི་དངོས་སློབ་གྲུབ་ཆེན་དཔལ་ལྡན་རྒྱལ་མཚན་གྱིས་ལྷ་ཁང་བཞེངས་སྐབས་སུའང་བླ་མ་ཡབ་ཡུམ་གཉིས། ཡོན་བདག་གཅིག་བཅས་ཐོག་གིས་བཀྲོངས། དེ་རྗེས་གྲུབ་ཐོབ་རྒྱལ་མཚན་འབུམ་གྱིས་ཞིག་གསོ་གནང་ནས་དགུན་གཅིག་བཞུགས་སྐབས་ཀྱང་ཐོག་གི་འཇིགས་པ་ཡང་ཡང་བྱུང་ཡང་བར་ཆད་ཀྱིས་མ་ཚུགས་པ་ཡིན་ཞེས་རྣམ་ཐར་དུ་གསལ་བར་གསུངས། ཡབ་རྗེ་རིག་འཛིན་སུརྱ་སེངྒེའི་སྐབས་སུའང་ཐོག་གི་གནོད་པ་ཡང་ཡང་བྱུང་བ་མ་ཟད་མཐར་ལྷ་ཁང་ཉིད་ཀྱང་ཐོག་ཁོ་ནས་འཇིག་པར་གྱུར། མཐར་རིག་འཛིན་ཕྲིན་ལས་བདུད་འཇོམས་ཀྱིས་བཞེངས་པའང་ཐོག་ཁོ་ནས་བཤིགས་པས། གཙུག་ལག་ཁང་མི་གནས་པར་ཐག་ཆོད་ནས་ཐུགས་གནས་སུ་མ་ཆགས་པར་ཡང་དག་མཆོག་གི་སྒྲུབ་ཕུག་ལ་དགོངས་ནས་ཕེབས་ཀྱང་། ཁ་བ་ཆེ་བས་མ་ཐར་བར་བྲག་སྐྱིབས་ཤིག་ཏུ་རྗེ་བཙུན་མི་ལའི་རྣམ་ཐར་སྐྱོང་བཞིན་བཞུགས། ཞེས་བྲིས་གདའ། ཉེ་བའི་ལོ་འགའི་སྔོན་ལའང་ཇོ་མོ་གཡང་རིའི་རྩེ་མོར། ཡོལ་མོའི་གྲོང་ཚོ་གླང་རུ་རྒྱལ་སའི་ཀུན་བཟང་བླ་མའི་བཟའ་ཟླ་ཨ་མི་རི་ཀ་ལ་སོང་བ་མིང་པུ་ཏ་ལི་སྟེ་ཕྱེ་མ་ལེབ་བྱ་བ་དེས་སྦྱིན་བདག་གཙོ་བོ་བྱས་ཤིང་ཡོལ་མོ་པ་གཞན་དག་གིས་ཀྱང་ཞབས་འདེགས་ཅི་རིགས་པ་ཕུལ་ནས་བཞེངས་པའི་མཆོད་རྟེན་གྱི་རྩེ་མོར་དིང་སང་གི་ཐོག་སྲུང་(lightning rod)བཏགས་ནའང་གང་མ་ཕན་པར་ཐོག་དང་ས་ཡོམ་གྱིས་མཆོད་རྟེན་མགོ་མཇུག་སློག་པ་ན་བུམ་སྒོར་བཞག་པའི་ཇོ་མོ་གཡང་རིའི་སྐུ་བརྙན་ནི་སྐྱོན་ཆག་མེད་པར་གཙང་སེང་ངེ་ལུས་འདུག་ཟེར།
གཞི་བདག་གི་ཆོ་འཕྲུལ་ཙམ་མིན་པར་བོད་ལུགས་ས་དཔྱད་ཀྱི་དབང་དུ་བྱས་ནའང་རི་བོ་ཆེན་པོའི་རྩེ་མོར་ལྷ་ཁང་མཆོད་རྟེན་སོགས་བཞེངས་ན་བཀྲ་མི་ཤིས་པ་ཡིན་པར་ནི། ཆགས་མེད་རི་ཆོས་ལས། རི་བོ་ཆེན་པོའི་རྩེ་དང་ནི། །ཐང་ཆེན་ཡངས་པའི་དཀྱིལ་དང་ནི། །རི་ཐང་གཉིས་ཀྱི་མཚམས་རྣམས་ནི། །ས་ཟད་ཡིན་པས་བཀྲ་མི་ཤིས། །ཞེས་གསུངས་ཤིང་། ཡང་། གྲོང་དང་ཁང་པའི་གཉའ་ལྟག་ཏུ། །བརྩིགས་ན་གཉའ་གནོན་འོང་བས་ངན། །ཞེས་ཡུལ་མི་སྤྱིའི་དབང་ཐང་ཀླུང་རྟ་སོགས་ཡར་འགྲོའི་བྱ་བཟང་དག་ལའང་གནོད་ངེས་པས་ན། མ་འོངས་པར་ནི་བླ་གྲྭ་སྐྱ་སེར་ཕྱུག་སྤྲང་ཕོ་མོ་སུ་ཡིན་ཀྱང་མི་དགོས་པའི་ཕྱག་ལས་རིགས་མ་གནང་ན་ཡག་ཤོས་རེད་སྙམ་མོ། །
སྐྱོ་བྲག་དགའ་དབང་གིས།
རྗེ་བཙུན་མི་ལ་རས་པའི་མགུར་འབུམ་དུ། བླ་མའི་བཀའ་བསྒྲུབ་ཕྱིར་སྐྱང་ཕན་ནས་ཡོལ་མོ་གངས་ལ་བྱོན་ཏེ། སིང་ག་གླིང་གི་ནགས་གསེབ་སྟག་ཕུག་སེང་གེ་རྫོང་དུ་བཞུགས་དུས། ཡོལ་མོའི་གཞི་བདག་མོས་དང་པོ་ནས་ཞི་བའི་སྒོ་ནས་མཛེས་པའི་གཟུགས་བསྟན། བཀའ་འབངས་སུ་ཁས་བླངས་ནས་བསྙེན་བཀུར་ཕུན་སུམ་ཚོགས་པ་བསྒྲུབས་པར་གྱུར་ཏོ། །ཞེས་ཁོང་ལ་ཡོལ་མོའི་གཞི་བདག་མོ་ཞིག་སྦྱིན་བདག་ཏུ་ཡོད་པར་གསུངས་པ་ནི་ཇོ་མོ་གཡང་རི་ཡིན་པ་ངེས་འདུག
ད་དུང་ཅུང་རྒྱས་ཙམ་བྲིས་གནང་ན་བཟང་འདུག
ཡང་།
རྗེ་མི་ལ་བཞད་པ་རྡོ་རྗེ་ཁོང་ལ། རི་འཁྲོད་དུ་མ་བྲག་སྲིན་མོ་དང་། དེ་མ་ཡིན་པའི་ཡི་དྭགས་ཀྱི་རིགས་ཤིག་དང་འཕྲད་པ་དང་། ཚེ་རིང་མཆེད་ལྔ་དང་དམིགས་བསལ་འབྲེལ་བ་ཞིག་ཡོད་པའི་སྐོར་ལ་རྣམ་ཐར་ནང་ལ་ཡོད་སྙམ་པ་ཞིག་དྲན་ཡང་། ང་ལ་རྣམ་ཐར་རྒྱས་པ་མེད་པས་ཀློག་ཐབས་བྲལ་བས་་་་་་ འགའ་ཡིས་མཁྱེན་ན་སྐབས་འདིར་མཆན་བཀོད་འོངས་བར་མཁྱེན། མཁྱེེན། མཁྱེེེན། །
སྐལ་བཟང་དུས་བཟང་གི་དུས་ཚོད་ལ་ལྷ་ཀླུ་ཡུལ་ལྷ་གཞི་བདག་སོགས་སྐྱེ་འགྲོ་ཀུན་ལ་བཟང་གྲོགས་འཕྲིན་ལས་གནང་མཁན་གཟུགས་མེད་ཀྱི་ལྷ་ཀླུ་ཡུལ་ལྷ་གཞི་བདག་སོགས་བོད་ཡུལ་ཀུན་ལ་དར་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནོད་ཡུལ་རྒྱལ་ཁམས་ཀུན་ལ་དར་ནས་བོད་ལྡན་གྱི་རྒྱལ་ཁབ་ཟེར་བའི་ཐ་སྙད་ཡང་དེ་ནས་བྱུང་བ་དང་དུས་དེང་སང་དུས་ངན་ཤར་ནས་ལྷ་ཀླུ་ཡུལ་ལྷ་གཞི་བདག་ཚོའི་རྒྱ་དམར་གུང་ཁྲན་ལ་གང་ཡང་གནང་མ་ཐུབ་པ་འདྲ།
ནོར་བཅོས་༡ ནོད་དེ་བོད་དང་
ནོར་བཅོས་༢བོད་ལྡན་དེ་བོད་ཆོས་ལྡན་ལ་བཅོས་རོགས།
མ་བྲག་སྲིན་མོ་དང་། ཕ་སྤྲེལ་རྒན་བྱང་སེམས་དཔའི་སྐོར་ལ་ཉམས་ཞིབ་སྐོར་ལ་ཆེད་རྩོམ་གསར་པ་འདྲ་ཡོད་དམ་མེད། མེད་ན་གཞོན་སྐྱེས་ཚོས། ཅུང་ཚན་རིག་དང་ཡང་མཐུན་ལ། ཅུང་ཆོས་ཀྱི་སྒྲུང་གཏམ་དང་ཡང་མཐུན་པ་ཞིག་གསར་གཏོད་དགོས་འདུག ལགས། དགོས་མི་འདུག་གེ། །།
སྐྱོ་བྲག་དགའ་དབང་མཆོག་གིས། ཇ་མཆོད་ཀྱི་ཆེད་དུ། བྲིས་གནང་བ།
་
རིག་འཛིན་པདྨའི་བཀའ་ཉན་དམ་ཚིག་ཅན། །
སྦས་ཡུལ་ཉུལ་ཞིང་བསྟན་པ་གཉན་པོ་སྲུང་། །
ཟས་ནོར་རིན་ཆེན་དངོས་གྲུབ་ཆར་དུ་འབེབས། །
ཇོ་མོ་གཡང་རིའི་ཞལ་དུ་མཆོད་པ་འབུལ། །
་
ཀརྡོ་ང་ཡིས།
་
སློབ་དཔོན་པདྨའི་བཀའ་གཉན་མ། །
ཡུལ་མོ་གངས་ལ་གཉུག་མྱུལ་མ། །
གཡུ་འབྲུག་སྔོན་ཆིབས་འཁོར་འབུམ་མ། །
ཇོ་མོ་གཡང་མའི་ཞལ་དུ་མཆོད། །
་
སརྦ་མངྒ་ལམ།
པདྨའི་བཀའ་གཉན་དམ་ལྡན་མ། དམ་ཚིག་ཅན། །
ཡུལ་མོ་གངས་ལ་གཉུང་མར་གནས། ། ལས་ད་བྱོན་ཅིག །
གཡུ་འབྲུག་སྔོན་མོ་ཆིབས་འཁོར་སྨན་འབུམ། །
གཡུ་འབྲུག་སྔོན་མོ་ཆིབས་འཁོར་སྨན་འབུམ། །
པདྨའི་བཀའ་གཉན་དམ་ཚིག་ཅན། །
ཡུལ་མོ་གངས་ལ་གཉུང་མར་གནས། ། །
གཡུ་འབྲུག་སྔོན་ཆིབས་འཁོར་སྨན་འབུམ། །
ཇོ་མོ་གཡང་རིའི་ཞལ་ལ་མཆོད། །
ཀརྡོས།
གཞི་བདག་མཆོད་འབུལ།
སངས་རྒྱསས་ཆོས་དང་དགེ་འདུན་དང་། །
བླ་མ་ཡི་དམ་མཁའ་འགྲོ་གསུམ། །
ལྷ་ཀླུ་བཙན་དང་གཞི་བདག་ལ། །
ཕྱག་འཚལ་མཆོད་འབུལ་རེམས་ན་ཕན། །
༄༅། ལྷ་ཀླུ་གཞི་བདག་སྐྱེས་ལྷ་དང། སྐྱེས་ལྷ་ཡུལ་ལྷ་གཞི་བདག་རྣམས།
ལྷ་སྲུང་རྣམས་ལ་མི་རབས་ནས། བློ་བྲང་སྙིང་ནས་གསོལ་འདེབས་ཀྱང།
རང་ཡུལ་དམར་པོས་བཙན་འཕྲོག་སྐབས། རོགས་ཕན་གནང་བ་ཡེ་ནས་མེད། ལས་འབྲས་ཡིན་ཞེས་མ་བཤད་པར།རྒྱུ་མཚན་ཚད་ལྡན་ཡོད་ན་ཤོད།
དྲ་གྲོགས་འཇིགས་དབང་ལན་ཅིག་གསོན། །
ལྷ་མི་ཀུན་སྤྱོད་མཐུན་པ་དང་། །
ལྷ་མིའི་བདེ་སྡུག་འབྲེལ་བ་དེ། །
དྲ་གྲོགས་ཁྱེད་ཀྱིས་མི་ཤེས་སམ། །
་
ད་དུང་རྒྱུ་མཚན་མང་དགོས་ན། །
ཡུལ་ལྷ་གཞི་བདག་ཕན་གནོད་དང་། །
ཆོས་སྐྱོང་སྲུང་མའི་གྲོགས་འཕྲིན་རྣམས། །
རང་གིས་མཆོད་ཅིང་དམོད་ན་ཤེས། །
འདི་ཡང་། དཀོན་མཆོག་གམ། ཆོས་སྲུང་གིས་མ་བསྐྱབས་མ་རེད།
http://tibettimes.net/2019/03/05/175807/
ཆོས་སྐྱོང་མིང་དོན་མཚུངས་པ་དེ། །
རྣལ་འབྱོར་གྲོགས་མཛད་ཆོས་སྲུང་ཉིད། །
སྲུང་ཚེ་རང་སྡེར་བསྐྱབས་པ་དང་། །
གཞན་སྡེར་ཅུང་གནོད་ཆོས་ཉིད་དོ། །
འདི་ནི་ང་ཡི་རྨོངས་དད་ཡང་སྲིད། །
་
དཔེར་ན་ཤུགས་ལྡན་འགར་གནོད་ན། །
འགའ་ལ་ཕན་པ་ཅི་ཐོགས་དགོས། །
དེས་ན་གསང་སྔགས་དམ་ཚིག་སྲུངས། །
ཁྱད་པར་ཆོས་སྲུང་མཆོས་བསྟོད་རེམས། །
འདི་ནི་ཀརྡོའི་སྙིང་གཏམ་མོ། །
དེས་ན།
རང་བཙན་ཤོར་མཁན་ཡང་ཡུལ་ལྷ་མིན། །
རང་བཙན་སྤྲོད་མཁན་ཡང་ཆོས་སྲུང་མིན། །
རང་བཙན་ཤོར་མཁན་ཡང་བོད་རིགས་རེད། །
རང་བཙན་སྤྲོད་མཁན་ཡང་བོད་རིགས་རེད། །
དེས་ན་དཀོན་མཆོག་ལ་དད་མ་ལོག །
དེས་ན་ཆོས་སྲུང་ལ་ཁ་མ་གཏོང་། །
་
དབུས་ལམ་དགོས་ན་མཐུན་སྒྲིལ་གྱིས། །
རང་བཙན་དགོས་ན་ངོ་རྒོལ་གྱིས། །