ཀླུ་སྨྱོན་གྱི་ལྷུག་རྩོམ་གཡོས་བླུགས་མ་མུ་འགོད།
༡
ཐག་རིང་གི་སྐར་ཚོགས་ཀྱང་ར་བཟི་བའི་ཐོ་རངས་ཤིག་ལ། ར་བཟི་བ་མལ་ཁང་གི་ཕྱིར་བུད་དེ་མཐོ་སྒང་གི་འཇིག་རྟེན་འདིའི་གསང་བ་ཞིག་རྙེད་འདོད་ཀྱིས་དབེན་ཐིང་ཐིང་གི་འཇིག་རྟེན་གཞན་ཞིག་ཏུ་བསྐྱོད། ར་བཟི་བ་དེ་ལྟར་ལམ་ལ་ཆས་པ་དབེན་དགོན་འདིའི་མི་སུ་ཞིག་གི་རྨི་ལམ་དུ་ཡང་མ་རྨིས།
༢
ར་བཟི་བའི་ཀུ་ཅོ་དང་འདྲ་བའི་ཞོགས་ཚོགས་ཀྱི་དུང་བརྡ་རྩུབ་མོས། ར་བཟི་བའི་ཕྱི་བརྩེགས་ནང་བརྩེགས་ཀྱི་རྨི་ལམ་་གྱི་རི་རབ་ཐལ་བའི་རྡུལ་དུ་བརླགས་ཤིང་། སྤྱི་རྒྱ་སྟོང་ཕྲག་ལོངས་པའི་གཅིན་སྒང་གིས་ར་བཟི་བ་གསང་སྤྱོད་སྐྱུར་མོའི་སྒོ་རུ་དྲུད། གཅིན་པ་གཏོང་ཞོར་ར་བཟི་བས་འདར་སིག་ཅིག་བརྒྱབ། དེ་ནི་སྐྱེས་པ་ཀུན་ལ་ཡོད་པའི་སྣང་ཚུལ་ཞིག་ཡིན།
༣
ར་བཟི་བས་འདུ་ཁང་ནང་དུ་ཡང་ར་བཟི་བ་དང་འདྲ་བར་སྔུར་བ་འཐེན་བཞིན་འདུག དགེ་བསྐོས་ཤིག་ར་བཟི་བ་དང་འདྲ་བར་མཆོངས་ཡོང་སྟེ་ར་བཟི་བའི་གདོང་དཀྱིལ་དུ་ཁུ་ཚུར་ལྕི་མོ་ཞིག་གཞུས། ར་བཟི་བ་ར་བཟི་བ་དང་འདྲ་བར་ཅི་ཡང་དྲན་མི་ཐུབ་པ་ཞིག་ཏུ་གྱུར། གྲྭ་ཚོགས་ཁྲོད་དུ་ར་བཟི་བ་ར་བཟི་བ་ཞིག་དང་འདྲ་བར་འཁྱར་འཁྱོར་ངང་འགྲོ་བཞིན་ཡོད་ཟེར་ལ། ར་བཟི་བའི་ཀུན་ལ་མེད་པའི་ཁྱད་ཆོས་ཤིག་ནི་རྨི་ལམ་བརྩེགས་མ་མང་པོ་ཞིག་རང་གི་འདོད་པ་བཞིན་དུ་རྨི་ཐུབ་པ་དེ་འོ།།
༤
ར་བཟི་བས་རྩམ་རྒན་ཞིག་རྫི་བཞིན་བསམ་བློ་བཏང་། བུ་དར་མའི་ལོ་ལ་རྒྱལ་ཁམས་འགྲིམ། སྲིད་པ་རྒན་པོས་ར་བཟི་བར་རྒྱང་རིང་གི་རི་གྲོང་ཞིག་ནས་གཡབ་མོ་བྱས། ར་བཟི་བས་རྒྱལ་ཁམས་འགྲིམ་སྟེ་རྒྱ་གར་ལ་འགྲོ་རྒྱུའི་བསམ་བློ་བཏང་།
༥
ཕྱི་ཉིན་ར་བཟི་བ་ལོ་ངོ་སྟོང་ཕྲག་གི་རིང་ལ་རྟོག་གེ་བ་ཚོའི་ཐལ་སྒྲ་མ་གཏོགས་གྲག་འགུལ་ཅི་ཡང་མེད་པའི་དབེན་དགོན་འདི་ནས་ར་བཟི་རྩྭ་ཐང་དུ་འཐེན་པའི་རྐང་ལམ་ཕྲ་མོ་ཞིག་བརྒྱུད་ནས་ཕྱིན་སོང་ཟེར། ར་བཟི་བས་སྐྱིད་མི་ཐེག ང་བརྒྱད་ལོར་་་ ་་་ ཨེ་ན། དེ་ནི་གྲྭ་རྒན་ཚོས་རྒྱང་བཞུད་ཀྱི་གྲྭ་གཞོན་ཚོའི་ཤུལ་དུ་ཟློ་བའི་སྡོམ་ཚིག་ཚིལ་སྟུག་མ་ཞིག་རེད།
༦
ར་བཟི་བ་ར་བཟི་བས་ཁེངས་པའི་གྲོང་ཁྱེར་ལྷ་སར་འབྱོར། གནས་མོ་ར་བཟི་མ་དེས་ར་བཟི་བ་ཁོ་མོའི་བུ་མོ་ཆུང་བ་དེའི་མག་པར་སྡོད་ཟེར། གླེང་དགོས་པ་ཞིག་ལ་ར་བཟི་བ་ནི་དཀར་ཤ་དམར་མདངས་ཅན་གྱི་གྲྭ་པ་བཞིན་ལེགས་ཤིག་རེད། ལོ་ན་ཆུང་དུས་སྐབས་རེར་ར་བཟི་བས་རང་ཉིད་བུ་མོ་ཞིག་མིན་ནམ་ཡང་དྲན་མྱོང་། ར་བཟི་བའི་སེམས་ལ་ལྷ་སའི་བུ་མོ་དག་ལས་ལྷག་པའི་བུ་མོ་གང་མང་ཞིག་ར་བཟི་རྩྭ་ཐང་གི་མེ་ཏོག་དང་མཉམ་དུ་འབུས་བཞིན་པ་ཝལ་གྱིས་དྲན།
༧
ར་བཟི་བའི་དགེ་རྒན་དང་ཕ་མ་ཚོ་སེམས་ཁྲལ་གྱིས་གདུངས་ཏེ་ར་བཟི་བ་བཞིན་ར་བཟིའི་གྲོང་ཁྱེར་ལྷ་སར་འབྱོར་དུས། ར་བཟི་བ་སོགས་འཁྱམ་པོ་སྐོར་ཞིག་ར་བཟི་བ་དང་འདྲ་བའི་རླངས་འཁོར་ཞིག་ཏུ་བསྡད་དེ་སྟོད་གངས་རིའི་གནས་ལམ་བསྙེགས་ཚར།
༨
ར་བཟི་བས་མི་མེད་ལུང་སྟོང་གི་ས་མཐའ་ནས་རྨིས་པའི་རྨི་ལམ་བརྩེགས་མའི་ངོས་སུ། རྒྱལ་བ་རིན་པོ་ཆེའི་གསེར་ཞལ། དྲིན་ཅན་ཕ་མའི་མིག་ཆུ། དགེ་རྒན་རྣམ་པའི་གསུང་སྐད། དབེན་དགོན་གྱི་རྒྱ་ཕིབས་དང་གསེར་ཏོག ད་དུང་རང་དབང་མེད་པའི་བན་ཆུང་དག་དང་གནས་ལ་འགྲོ་རན་པའི་བུ་མོ་ཚོ། ར་བཟི་བ་ཅི་ཞིག་གིས་སྐྱོ་སྟེ་ཉིན་འགར་ར་བཟི་བ་ལྟར་གྱུར།
༩
ར་བཟི་བ་དྲག་ཆར་དང་རླུང་འཚུབ། གཡང་གཟར་དང་ཆུ་ཀླུང་། ཇག་པ་དང་ཁྲམ་པ་སོགས་ཀྱིས་གཙེས་པས། ར་བཟི་བའི་སེམས་སུ་ར་བཟི་རྩྭ་ཐང་གི་ལྷིང་འཇགས་དྲན་བྱུང་། མི་འདི་ཚོ་ར་བཟི་བ་ཡིན་ནམ། ར་བཟི་བར་འཇིག་རྟེན་གྱི་གྲུ་ཁ་རེ་རེ་ནས་བསམ་གཞིག་གི་སྣེ་མོ་རེ་རེ་རག ར་བཟི་བས་སྦྱོང་བརྡར་གང་མང་ཞིག་བརྒྱུད་དེ་རྒྱལ་ཁ་དང་ཕམ་ཁའི་དབྱེ་མཚམས་སུ་ཀྲོང་ངེར་ལངས་སོང་། ས་དེ་རུ་བལ་བོད་ས་མཚམས་ཀྱི་རྡོ་རིང་བཙུགས་འདུག་ཅིང་། དེའི་སྟེང་དུ་རྒྱ་ཡིག་ལས་བོད་ཡིག་མེད། བོད་མི་ར་བཟི་ཚོ་ཉིན་དེར་ཡང་གནས་གང་ཞིག་ཏུ་ར་བཟི་བ་འདྲ། ར་བཟི་བས་དེ་ལྟར་ཁེར་ལབ་ཅིག་བྱས་ཏེ་བལ་ཡུལ་གྱི་ཁོངས་སུ་གཏོགས་པའི་རི་གྲོང་དེར་གནས་ཚང་གཡར་དུ་བསྐྱོད།
༡༠
ར་བཟི་བས་འགྲུལ་བཞུད་དང་འགྲུལ་བཞུད་མཐུད་ནས་རྒྱ་གར་ལ་འབྱོར། རྒྱལ་བ་རིན་པོ་ཆེའི་གསེར་ཞལ་མཇལ། བཀའ་སློབ་ལ་ཉན། ཕོ་བྲང་ལ་སྐོར་བ་བརྒྱབ། འབྲས་དང་ལྡ་ལི་རྒྱགས་ཚད་ཅིག་ཟོས། ཡིན་ན་ཡང་། ར་བཟི་བའི་སེམས་པ་ད་དུང་སྟོང་བ་ཞིག་རེད། རང་ཉིད་ལ་ཅི་ཞིག་དགོས་པ་ར་བཟི་བ་རང་ཉིད་ལ་ཡང་བཤད་རྒྱུ་མེད། ར་བཟི་བར་ཅི་ཞིག་བོར་སོང་བའི་སྣང་བ་སྐྱེས་ཏེ་གསར་འབྱོར་ཁུག་མའི་ཁུག་མའི་ཁ་ཕྱེ་ནས་ཅ་ལག་ཚིལ་དྲེགས་ཅན་ཁ་ཤས་ཐེངས་དགུར་བསྔོགས་ཀྱང་བོར་སོང་བ་དེ་ཅི་ཡིན་གཏན་ནས་མ་ཤེས།
༡༡
ར་བཟི་བ་ཅི་ཡང་དྲན་རྒྱུ་མེད་པའི་ར་བཟི་བ་ཞིག་དང་འདྲ་བར་སྣེ་ལེན་ཁང་གི་མལ་ཁྲི་རྫོབ་རོ་དེའི་ཐོག་ཏུ་གན་རྐྱལ་དུ་ཉལ་ནས་བསམ་བློ་བཏང་། རྒྱལ་བ་རིན་པོ་ཆེས་ཅི་ཞིག་མ་གསུངས་པ་རེད་དམ། རང་ཉིད་ཀྱིས་གང་ཞིག་མ་ཞུས་པ་རེད། ཡང་ན་འདི་གའི་སྐུ་ངོ་ཚོའི་རྣམ་འགྱུར་ཡག་པོ་མེད་པ་རེད། ར་བཟི་བས་ཞག་གང་བོར་བསམ་བློ་གཏོང་དགོས་བྱུང་། གཡས་གཡོན་གྱི་གདོང་དང་རྐང་ལག་གི་ངོས་སུ་རྨ་ཤུལ་ཅན་གྱི་གསར་འབྱོར་བ་ཚོ་ནི་ར་བཟི་བ་དང་མཚུངས་པར་ལོ་མང་ཉར་བའི་གསར་དྲི་འཐུལ་བཞིན་གཉིད་ཀྱི་ཞིང་ཁམས་སྟུག་པོ་ཞིག་གི་ཆེས་ཟབ་ས་དག་ཏུ་འཛུལ་ཡོད་པ་འདྲ།
༡༢
ར་བཟི་བའི་ཐོ་རངས་སྐར་ཆེན་གྱི་འོད་མདངས་མོག་པོའི་ཁྲོད་དུ། ར་བཟི་བ་ཡར་ལངས་ཏེ་ཕོ་བྲང་ཕྱི་སྐོར་དུ་སོང་། མ་ནི་ཡིག་དྲུག་བསྐོས་པའི་ཕ་བོང་ཆེན་པོ་ཞིག་གི་འགྲམ་དུ། ར་བཟི་བ་འཇམ་ཅག་གེར་ས་ལ་བསྡད། བླ་ཆེན་ཚོ་ཏིང་འཛིན་གྱིས་ར་བཟི་བ་ལས་བཞེངས་ཡོད་དམ། སྐུ་ངོ་ཚོ་ཨ་རག་གིས་ར་བཟི་བ་ལས་ལངས་ཡོད་དམ། གྲྭ་པ་དག་ངེས་འབྱུང་གི་ར་བཟི་བ་ལས་ལྡངས་ཡོད་དམ། མི་དམངས་རྣམས་དཀའ་སྡུག་གིས་ར་བཟི་བ་ལས་སད་ཡོད་དམ། ཨ་ཙི། ར་བཟི་བའི་ཁ་ནས་ཁྲག་དམར་ཁམ་གང་བསྐྱུགས་བྱུང་། ཞོགས་སྐོར་ལ་འགྲོ་བཞིན་པའི་རྒན་རྒོན་འགས་གསར་འབྱོར་འདི་སྙིང་རྗེ་ཟེར་ཞོར་ར་བཟི་བ་བདེ་ལེགས་སྨན་ཁང་དུ་བསྐྱལ།
༡༣
ར་བཟི་བར་ར་བཟི་བའི་སྣང་བ་ཞིག་ཤར་ཞིང་། ཡང་ར་བཟི་བ་དྭངས་པའི་ཚོར་བ་ཞིག་ཀྱང་སྐྱེས། ར་བཟི་བས་ཨུ་ཚུགས་ཀྱིས་མིག་ཟུང་ཕྱེ་བ་ན། དམ་བུ་དམར་པོ་ཞིག་ལས་ཁྲག་གི་ཐིགས་པ་འགའ་ཁོའི་ལག་གཡས་པའི་རྩ་ལམ་དུ་རྒྱུག་བཞིན་འདུག
༡༤
ར་བཟི་བའི་སེམས་སུ་ལུས་ན་ཁྲག་དང་སེམས་ན་སྐྱིད་མེད་པའི་གཞིས་ལུས་མི་དམངས་ཚོ་དྲན་བྱུང་། ཁོས་ག་ལེར་རང་གི་ལག་པར་འཛེར་བའི་སྨན་ཁབ་རྣོན་པོ་དེ་ཕྱིར་ཕྱུངས་ནས་ཁྲག་ཐིགས་འཛག་པའི་སྨན་ཁབ་དེས་འགྲམ་གྱི་ཤོག་བུ་དཀར་གཙང་ཞིག་གི་ངོས་སུ་དམར་ཆེམ་ཆེམ་གྱི་ཡི་གེ་མང་པོ་ཞིག་བྲིས།
༡༥
ར་བཟི་བ་རིམ་གྱིས་ར་བཟི་བ་བཞིན་གྲགས་འགུལ་མེད་པར་གཉིད་སོང་། གཏན་དུ་གཉིད་སོང་། གངས་སེང་དཀར་མོའི་ངར་སྐད་མེད་པར་མི་སད་པའི་གཉིད་སྟུག་པོ་ཞིག་ཁུག་སོང་། བོད་མི་ཁྲི་འབུམ་གྱི་རྒྱལ་ཁའི་གླུ་སྒྲ་མེད་པར་མི་དཀྲོག་པའི་གཉིད་མཐུག་པོ་ཞིག་ལོག་སོང་།
༡༦
ར་བཟི་བ་དེ་ལྟར་ར་བཟི་སོང་། བླ་ཆེན་ཚོས་ཁོ་ལ་བསྔོ་སྨོན་གནང་མིན། སྐུ་ངོ་ཚོས་ཁོ་ལ་བསྔགས་བརྗོད་བྱེད་མིན། མི་དམངས་ཀྱིས་ཁོ་ལ་རྗེས་དྲན་བྱེད་མིན་སོགས་ནི་འདིར་བརྗོད་མི་དགོས་པ་ཞིག་རེད། ངའི་བསྒོ་སྐལ་དུ་ལུས་པ་ནི་ར་བཟི་བའི་མི་ཚེའི་ལམ་བུ་ཐུང་ཐུང་དེའི་སྟེང་གི་གྲོག་མ་ཉམ་ཆུང་ཞིག་བྱེད་ཐུབ་མིན་གྱི་གནད་དོན་ཉག་གཅིག་དེ་རེད། ར་བཟི་བ་ཁོང་སུ་ཡིན་མི་ཤེས་པའི་གྲོགས་པོ་སུ་ཞིག་ཡིན་ཡང་ར་བཟི་བ་ཞིག་ཡིན་པ་ནི་ངའི་མཐའ་མཇུག་གི་བཞི་ཤད་ཡིན།
ར་བཟི་བའི་སྒྲུང་འདི་ར་བཟི་བ་ཞིག་གིས་བྲིས་པས་ཚིག་གི་ཕྲེང་བ་ཐམས་ཅད་རབ་རིབ་ཏུ་གྱུར། དེ་ཀློག་པོ་པོ་ར་བཟི་ཞིག་གིས་ཀློག་བཞིན་མིག་ཟུང་རབ་རིབ་ཏུ་གྱུར། དྲན་པ་རབ་རིབ་ཏུ་གྱུར། དེ་སྒྲུང་འདིའི་དམིགས་བྱ་ཡང་ཡིན་ན་ཐང་།
མཆན་བུ་གཅིག་པོའི་ནང་ལ་མ་གཏོགས་འཛུལ་ཤེས་ཀྱི་མེད་པས་གསར་འགྱུར་འདི་ལ་བྲིས་པ་ཡིན། མདང་ནུབ་ཨ་མདོ་བླ་བྲང་དུ་ཆར་ལོག་དང་ཆུ་ལོག་ཆེན་པོ་སྔར་མ་བྱུང་བ་ཞིག་བྱུང་དེ། ཁང་ཁྱིམ་མང་པོ་ཆུས་ཁྱེར་བ་དང་། མི་སྲོག་ཀྱང་ཤོར་ཡོད་པའི་གནས་ཚུལ་ཡོད་ཀྱང་། རྒྱ་ནག་གིས་དམ་དྲག་འོག་བོད་ལ་གནས་ཚུལ་ག་རེ་བྱུང་ཡང་ཕྱི་ལ་མ་མཐོང་བ་བྱེད་ཀྱི་ཡོད་པ་དང་། ཉིན་ཤས་རྗེས་སུ་གཅིག་བྱས་ན་རྒྱ་དམག་གིས་བོད་མི་དང་གནོད་འཚེ་ཕོག་མཁན་ཚོར་རོགས་སྐྱོར་བྱེད་བཞིན་པ་དང་། ལམ་ནང་གི་རྡོ་ཆེན་པོ་རྣམས་གཙང་མ་བཟོ་བཞིན་པའི་པར་སོགས་ཕྱི་ལ་གཏོང་སྲིད་པ་རེད། གསར་གནས་ཙམ་ཡིན།