བཀྲས་བདེ་རྒྱལ་མཚན། ༼འོས་སྦྱོར།༽
འཆད་པ་དངརྩོམ་པ་ལ་འཇུག་པའི་རིགས་ཞེན་གྱི་སྐྱེས་བུ་དག་ལ་གུས་པས་འདུད། “མི་རིགས་ཤིག་རྩ་མེད་བཟོ་དགོས་ན། སྔོན་ལ་དེའི་རིག་གནས་དེ་རྩ་གཏོར་དུ་གཏོང་དགོས། རིག་གནས་དེ་རྩ་གཏོར་དུ་བཏང་དགོས་ན། སྔོན་ལ་རིག་གནས་དེའི་གཞི་རྐང་དུ་གྱུར་བའི་སྐད་ཡིག་དེ་རྩ་མེད་བཟོ་དགོས། སྐད་ཡིག་དེ་རྩ་མེད་བཟོ་དགོས་ན། སྔོན་ལ་ཁོ་ཚོའི་སློབ་གྲྭ་ནས་འགོ་འཛུགས་དགོས།”
འདི་ནི་འཛམ་གླིང་ཐོག་གྲགས་ཆེ་བའི་འཇར་མན་གྱི་ཆབ་སྲིད་མཁན་ཧཱེ་ཐཱ་ལས་Hitler བཤད་པ་རེད། ཁོས་སྐད་ཡིག་ནི་མི་རིགས་ཤིག་གི་སྲོག་རྩ་ཡིན་པའི་གནས་ལུགས་དེ་རྟོགས་ནས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་མི་རིགས་གཞན་མང་པོར་གཞི་རྩའི་ཐོག་ནས་དབང་འགྱུར་དང་རྩ་བརླག་ཐེངས་མང་བཏང་བ་རེད།
མི་རིགས་ཤིག་གི་སྐད་ཡིག་དེ་མི་རིགས་དེའི་རིག་གནས་དང་། མི་རིགས་འཚོ་གནས་ཀྱི་སྲོག་རྩ་ཡིན་པ་དེ་རེད། མི་རིགས་སུ་ཞིག་གིས་རང་གི་སྐད་ཡིག་དེར་གཅེས་འཛིན་མ་ཐུབ་པར་གཏོར་བརླག་ཏུ་སོང་བ་ཡིན་ན། མི་རིགས་དེའི་འཚོ་གནས་ཀྱང་ཉེན་ཁའི་གནས་སུ་ལྷུངས་ཟིན་པ་རེད།
རྒྱའི་རིག་གནས་ཀྱི་གནོན་ཤུགས་དང་ཕྱི་ལུགས་པའི་གཡོ་བཀུག་འོག་བོད་ཀྱི་གཞོན་སྐྱེས་ཚོའི་ཕྱིའི་རྣམ་པ་དང་ནང་སེམས་ལ་འགྱུར་ལྡོག་ཧ་ལས་པ་ཞིག་འགྲོ་བཞིན། འགྱུར་ལྡོག་དེ་ལས་འཕྲོས་པའི་མི་སྒེར་གྱི་རིན་ཐང་ལྟ་བའམ་མི་ཚེའི་ལྟ་བར་ཡང་འགྱུར་བ་ཆེ་མ་ཆུང་ཞིག་འགྲོ་བཞིན་འདུག
དེ་ལྟར་གཞོན་སྐྱེས་ཚོས་མི་རིགས་གཞན་གྱི་རིག་གནས་ལ་ཞེ་མཐོང་ཆེ་རུ་འགྲོ་དུས། རང་འགུལ་གྱི་རང་མི་རིགས་ཀྱི་རིག་གནས་ལ་དོ་སྣང་དང་འབྲེལ་འདྲིས་ཉུང་དུ་སོང་བཞིན་པ་རེད། ཁོར་ཡུག་འདི་འདྲ་ཞིག་གི་རྒྱུ་རྐྱེན་འོག་བོད་ཀྱི་རིག་གནས་ཀྱི་གནས་བབས་དེ་གང་ཅིའི་ཐད་ནས་ཉམས་དམས་སུ་འགྲོ་དང་འགྲོ་བཞིན་ཡོད་པ་རེད། དེའི་ནང་ནས་ཀྱང་ཆེས་མངོན་གསལ་དོད་པ་དང་རྒྱུད་མངའ་ཆེ་ཤོས་ནི་ང་ཚོའི་ཕ་སྐད་འདི་རེད།
བོད་ཀྱི་མཁས་པ་ཚོས་དུས་ཐོག་ཏུ་ཚིག་གསར་དག་བོད་བསྒྱུར་བྱེད་མ་ཐུབ་པ་ཡིན་ནམ། ཡང་ན་བོད་བསྒྱུར་བྱུང་ཡང་ཤེས་ཡོན་ཅན་གྱི་སྡེ་ཁག་གིས་ཚིག་གསར་དག་སྐབས་ཐོག་ཏུ་འཚོ་བའི་ཁྲོད་བེད་སྤྱོད་བཏང་མ་ཐུབ་པ་རེད།
གང་ལྟར་ནམ་རྒྱུན་འཚོ་བའི་ནང་རྒྱ་མིང་རྣམས་བོད་སྐད་དུ་སྤྱོད་་ཆོག་ཆོག་གི་ཁོར་ཡུག་ཞིག་མེད་དུས། བོད་མི་ཚོས་བོད་སྐད་ནང་དུ་རྒྱ་སྐད་བསྲེས་ཡོང་བའི་ར་མ་ལུག་སྐད་ཀྱི་གོམས་གཤིས་ཤིག་ཆགས་ཡོད་པ་རེད།
སྣང་ཚུལ་འདི་འདྲ་ཞིག་བོད་ཁམས་ཡོངས་ལ་ཁྱབ་ཡོང་དུས་རང་མི་རིགས་ལ་ཤ་ཚ་ཞིང་དུང་བ་ཆེ་བའི་བོད་ཀྱི་མཁས་པ་དང་གཞོན་སྐྱེས་ཤེས་ཡོན་ཅན་ཕོ་མོ་མང་པོས་རང་རང་གི་ནུས་ཚོད་ཀྱིས། རྣམ་དཔྱོད་ལྡན་པའི་དཔྱད་རྩོམ་གྱིས་བློ་སྒོ་ཕྱེ་བ། གནས་ལུགས་ཀྱི་ཐག་སྣེ་དྲངས་ནས་གོ་བཀོན་བློ་བཀུག་གི་གཏམ་བཤད་སྤེལ་བ། སྙན་ངག་གི་སྐྱོ་གདུང་དྲགས་པོས་སྨྲེ་སྔགས་འདོན་པ། སྐད་ངག་སྙན་ཞིང་དཔེ་བྱད་ལེགས་པའི་ལ་རྒྱའི་གླུ་པ་གླུ་མ་ཚོས་དབྱངས་སུ་ལེན་པ་སོགས་གང་ཐུབ་ཐུབ་ཀྱིས་ཀེ་འབོད་དང་བསྐུལ་མ་གནང་བཞིན་པ་རེད།(མ་གཞི་ཚང་མའི་སྐུལ་སློང་གཙང་མ་ཡིན་ལ་དམིགས་འདུན་ཡང་གཅིག་པ་ཡིན་རུང་། རྩོམ་མཁན་ཕན་ཚུན་ལ་རྒྱུས་མངའ་ཞན་པའང་བལྟ་ཕྱོགས་དང་གོ་རྟོགས་མི་གཅིག་པས། རྩོམ་པ་པོ་འདིས་བྲིས་པའི་རྩོམ་ཡིག་གམ། ཡང་ན་གཏམ་བཤད་དེར་ཀློག་མཁན་ནམ་ཉན་མཁན་དེས་གོ་བ་གནད་ལ་མི་འཁེལ་བར། གོ་ནོར་དང་ལོག་རྟོགས་སུ་སོང་བས། ད་ལྟ་བོད་ཀྱི་རྩོམ་ཡིག་དྲྭ་ཚིགས་ཁག་གཅིག་ནི་རྩོམ་པ་པོ་ཕན་ཚུན་རྩོད་པ་དང་བཤད་པ་བཏང་སའི་སྟེགས་བུ་ཞིག་ལ་གྱུར་ཡོད་པ་རེད། འོ་ཀྱང་དེ་ད་རེས་ཀྱི་བརྗོད་དོན་དང་མི་མཐུན་པས་སྐབས་ཤིག་ཟུར་ཏུ་བཞག)
འོན་ཀྱང་བླང་དོར་ཀྱི་བློ་རིག་བྲལ་ཞིང་མིག་རྒྱང་ཐུང་ལ་མི་རིགས་ཀྱི་འདུ་ཤེས་ཞན་པའི་བོད་མི་སྐོར་ཞིག་ནི། ད་དུང་གོ་ཡང་གོ་མི་གོ་ཁུལ། མཐོང་ཡང་མི་མཐོང་ཁུལ་གྱིས་གོ་མེད་ཚོར་མེད་དུ་བསྡད་པས། སྙན་ངག་གི་མིག་ཆུ་སྐྱུར་མོས་ར་མ་ལུག་སྐད་ལ་གཙང་སེལ་ཞིག་བྱེད་ཐུབ་མ་སོང་ལ་གནས་ལུགས་ཀྱི་རལ་གྲི་ངར་མས་ར་མ་ལུག་སྐད་དེར་མིད་སངས་ཤིག་བྱེད་ཐུབ་མ་སོང་། འོ་ན་ར་མ་ལུག་སྐད་ཀྱི་ནད་ཡམས་དེ་ཇི་ལྟར་བོད་ལ་ཁྱབ་པ་དང་ནད་གཞི་དེའི་ནད་འབུ་དེ་གང་ཞིག་རེད་ཟེར་ན།
གཅིག
རྒྱལ་ཡོངས་ས་ཁུལ་ཁག་ཏུ་སློབ་སྦྱོང་དུ་ཕྱིན་པའི་སློབ་ཆེན་གཙོས་སློབ་མ་མང་ཆེ་བ། གཞོན་སྐྱེས་བློ་གསལ་ཚོ་ནི་མ་འོངས་པའི་རེ་བ་དེ་ཡིན་ལ་ནག་ཉེས་ཀྱི་བྱེད་གཏེ་དེ་ཡང་རེད། རྒྱ་ཡིག་གཙོ་བོར་འཛིན་པའི་ཀྲུང་གོའི་སློབ་གསོ་ཡི་ཁོར་ཡུག་འོག་བོད་ཀྱི་སློབ་མ་རྣམས་ལ་མཐོ་འབྲིང་ཐོན་རྗེས་མཐུན་མོང་རང་བཞིན་གྱི་བོད་ཡིག་གི་སློབ་གསོ་མྱོང་བའི་གོ་སྐབས་མེད། སློབ་ཆེན་ནང་བོད་ཡིག་ཆེད་ལས་ཁག་གི་སློབ་མ་ཕུད་གཞན་སློབ་མ་རང་ཉིད་ཀྱིས་དུས་ཚོད་སྟོང་པ་བཙལ་ནས་བོད་ཡིག་ལ་སློབ་སྦྱོང་བྱས་ན་མ་གཏོགས་སློབ་ཆེན་ལོ་བཞིའི་ནང་བོད་ཡིག་སྦྱོང་བའི་སྐལ་བ་ཤིན་ཏུ་ཕྲ་བ་རེད། འདི་ནི་ང་ཚོ་བོད་མི་རིགས་ཀྱི་སྐྱོ་བ་དང་ན་ཟུག་ཤིག་རེད་ལ་ཀྲུང་གོ་སྲིད་གཞུང་གི་ངོ་ཚ་ཞིག་ཀྱང་རེད།
བོད་ཡིག་དང་འབྲེལ་འདྲིས་ཉུང་བའི་ལོ་ངོ་བཞི་ཡི་དུས་ཡུན་རིང་མོ་འདི་འདྲ་ཞིག་གི་ནང་། བོད་ཀྱི་སློབ་མ་མང་ཆེ་བས་མཐོ་འབྲིང་སྐབས་སྦྱངས་ཟིན་པའི་བོད་ཡིག་མང་ཆེ་བ་བརྗེད་ངས་སུ་ཕྱིན་ནས་བོད་ཡིག་གི་ཤེས་ཚད་དེ་སྔར་མ་ལས་ཀྱང་ཇི་ཞན་དུ་འགྲོ་ཡི་ཡོད་པ་རེད། འདི་ནི་སྲིད་ཇུས་ཀྱིས་བསྐྲུན་པའི་བྱས་ཉེས་ཤིག་རེད།
སློབ་མ་རང་ངོས་ནས་བཤད་ན། རང་ཉིད་ཀྱི་མི་རིགས་ཀྱི་འདུ་ཤེས་དེ་རེད། འདུ་ཤེས་ཞན་པའི་སློབ་མ་ཁ་ཤས་ཀྱི་བོད་ཡིག་ལ་མཐོང་རྩ་བ་ནས་མ་བྱེད་པར་རྟག་པར་རྒྱའི་རིག་གནས་ཀྱི་རུམ་དུ་འཛུལ་བ་ལས་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཧ་ལམ་མི་བྱེད།
ཡང་སློབ་མ་ཁ་ཤས་ཤིག་ནི་མི་རིགས་གཞན་གྱི་རིག་གནས་ཀྱང་མ་སྦྱང་བར་ཚུལ་མིན་གྱི་བྱ་བ་ཤ་ཏག་ལ་མགོ་འཁོར་ནས་རིན་ཐང་ཆེ་བའི་སློབ་ཆེན་གྱི་དུས་ཚོད་དེ་དྲྭ་ཁང་དང་ཆང་ཁང་ཁོ་ནའི་ནང་དུ་བསྐྱལ་ནས་བསྡད་ཀྱི་ཡོད་པ་རེད། དེ་ལྟར་སློབ་མ་དེ་ཚོས་རང་རང་གི་འཚོ་བ་བསྐྱལ་སའི་ཁོར་ཡུག་ནང་ནས་ཁྱེར་ཡོང་བའི་རྒྱའི་མིང་ཚིག་དག་སློབ་གྲྭའི་ནང་བེད་སྤྱོད་བྱས་ཡོང་དུས། རྒྱ་མིང་དེ་ཚོ་གཅིག་གི་གཅིག་ལ་བརྒྱུད་སྤེལ་བྱས། དེ་ལྟར་སློབ་མ་ཕོན་ནས་ཕོན་དུ་ཁྱབ་སྟེ། སློབ་རའི་ཁོར་ཡུག་དེ་ར་མ་ལུགས་སྐད་ཀྱི་ཁོར་ཡུག་ཞིག་ཏུ་ཆགས་ཡོང་བ་རེད།
དེ་ནས་སློབ་མ་དེ་ཚོས་རང་ཉིད་ཀྱིས་སློབ་གྲྭའི་ནང་ར་མ་ལུག་སྐད་ཤོད་པའི་གཤིས་ངན་དེ། རང་རང་གི་ལུང་པའི་ནང་དུ་ཁྱེར་ཡོང་བ་སྟེ། སློབ་གྲྭའི་རྒྱུན་བཀོལ་མིང་ཚིག་༼ཀའོ་ཀྲུང་།高中མཐོ་འབྲིང་། ལི་ཁོའི།理科རང་བྱུང་ཚན་པ། ཝན་ཁོའི།文科རིག་གནས་ཚན་པ། ཏཱ་ཤའི།大学སློབ་ཆེན། པན་ཁོའི།本科དངོས་གཞི། ཀྲོན་ཁོའི།专科ཆེད་ལས་ཚན་པ་…..༽ད་དུང་ཁ་པར་ཨང་གྲངས་རྒྱ་སྐད་ནས་བཤད་རྒྱུ་སོགས་ཚང་མ་བོད་ཁུལ་དུ་བརྒྱུད་སྤེལ་བྱས་ནས་མཐར་ཞིང་འབྲོག་མི་མང་རྣམས་ཀྱིས་ཀྱང་ཁོ་ཚོའི་ལད་ཟློས་སུ་ར་མ་ལུག་སྐད་འདྲ་བཤད་ཡོང་བ་རེད།
གཉིས།
བོད་ཁུལ་གྱི་གྲོང་ཁྱེར་ལྷ་ས་སོགས་གཙོ་རྒྱུགས་གྲོང་ཁྱེར་ཁག་གི་གྲོང་མི་དང་ཞབས་ཞུའི་ལས་རིགས། ཚོང་གཉེར་སོགས་ལ་འཇུག་པའི་རྒན་གཞོན་ཕོ་མོ།
གྲོང་ཁྱེར་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲས་བུ་དང་། སྔོན་ཐོན་གྱི་བསམ་བློ་དང་རིག་གནས་སྐྱེད་སྲིང་ཐུབ་སའི་ཁོར་ཡུག་དམིགས་གསལ་ཅན་ཞིག་རེད། གྲོང་ཁྱེར་གྱི་ནང་གི་གྲུབ་ཆར་སོང་བའི་གྲོང་མི་དང་ལས་བྱེད་དཔོན་རིགས་རྣམས་ནི་དུས་རབས་དེ་གའི་འཐུས་ཚབ་ཀྱི་རང་བཞིན་ལྡན་ཡོད་དེ། སྤྱི་ཚོགས་ཡོངས་ཀྱི་རིག་གནས་དང་བྱ་ལུགས་མང་ཆེ་བ་གྲོང་ཁྱེར་ལ་མིག་དཔེར་བྱས་ནས་སློབ་སྦྱོང་དང་བརྒྱུད་སྤེལ་བཏང་གི་ཡོད་པས། གྲོང་ཁྱེར་གྱི་གནས་སྡོད་མིའི་བསམ་པའི་ཁྱེར་བཟོ་དང་རིན་ཐང་འཛིན་ཚུལ། བྱེད་སྟངས་བྱེད་ལུགས་དེ་སྤྱི་ཚོགས་ཡོངས་ཀྱི་ངོས་ནས་བཤད་ན་ཧ་ཅང་གི་གལ་འགག་ཆེ་བ་རེད།
ང་ཚོ་བོད་ལ་ཆ་མཚོན་ན་ལྷ་ས་གཙོས་པའི་གྲོང་ཁྱེར་གཞིས་རྩེ་སོགས་ནི་དེང་རབས་བོད་ཁུལ་སྤྱིའི་རྣམ་པ་ལ་འགྱུར་བ་ཤུགས་ཆེན་བཏང་མཁན་གྱི་གྲོང་ཁྱེར་དེ་རིགས་རེད། དེར་བརྟེན་གྲོང་ཁྱེར་དེ་ཚོའི་གྲོང་མིའི་བསམ་བློའི་མཁའ་དབུགས་དེ། ཡང་དག་པ་ཞིག་དང་སྔོན་ཐོན་རང་བཞིན་ཞིག་ཡོད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེ། ཡིན་ན་ཡང་ཁོ་ཚོས་ནམ་རྒྱུན་ཕན་ཚུན་བར་སྐད་ཆ་ཤོད་སྐབས་བོད་སྐད་དྭངས་མ་ཞིག་གི་གཏམ་གླེང་བྱེད་ཡས་དཀོན་པོ་རེད། སྐད་ཆ་དང་སྐད་ཆའི་བར་ལ་རྒྱ་སྐད་མང་པོ་འདྲེས་ནས་ཤོད་བཞིན་པ་རེད། ཕ་མ་རྒན་རབས་ཚོས་དེ་ལྟར་རང་གི་ཕ་སྐད་ལ་ཞེ་མཐོང་དེ་ཙམ་ལས་མེད་དུས་བུ་ཕྲུག་ཚ་བོ་རྣམས་ཀྱི་ནི་དེ་ལ་དོ་སྣང་ཞིག་ག་ལ་སླེབས།
ཁོ་ཚོས་རང་གི་བུ་ཕྲུག་ལ་ཆུང་དུས་ནས་ཨ་མ་ལ་妈妈 གཅུང་མོ་ལ་妹妹 སོགས་སྣང་ཚུལ་དེའི་རིགས་ཤིན་དུ་མང་། བྱིས་པའི་བྱིས་གླུ་དང་རྩེད་གླུ་མང་ཆེ་བ་ནི་རྒྱ་གླུ་རྐྱང་གི་བསླབ་སྟེ་ཆུང་དུས་ནས་བྱིས་པ་ཚོའི་ཀླད་པར་རྒྱ་སྐད་ཞིག་འཇུག་རྒྱུར་དད་མོས་ཆེ། ད་ལྟ་ལྷ་ས་སོགས་པའི་གྲོང་ཁྱེར་གྱི་སློབ་མ་ཚོས་གཞན་བོད་པའི་རྒྱུན་ཤེས་རིག་གནས་ཤེས་རྒྱུ་ཕར་ཞོག དམའ་ཐ་སའི་གཟའ་འཁོར་བདུན་པོའི་མིང་རྣམས་ཀྱང་ཤེས་པ་མ་རེད།
གྲོང་མི་“ཤེས་ཡོན་ཅན་”འགའ་ཞིག་གི་ནམ་རྒྱུན་འདི་ལྟར་བཤད་ཀྱིན་ཡོད་དེ། “ད་ལྟའི་བོད་ཀྱི་སྤྱི་ཚོགས་དེར་བོད་ཡིག་སྦྱང་ན་དེ་ཙམ་གྱི་འདུན་ལམ་མེད། དེ་ལས་རྒྱ་ཡིག་དང་རྒྱ་སྐད་ཀྱི་ཐོག་ལ་ཤུགས་བརྒྱབ་ན་ཡག་པ་ཡོད་རེད་ཟེར།” གྲོང་ཁྱེར་གྱི་ཁོར་ཡུག་འདི་འདྲ་ཞིག་གིས་ང་ཚོར་ཤུགས་རྐྱེན་གང་འདྲ་ཞིག་འཐེབས་པ་ནི་ཚང་མས་ཤེས་བཞིན་པ་རེད།
གསུམ།
ལས་ཁུངས་ཁག་གི་ལས་བྱེད་པ་དང་གཞུང་ཞབས་པ།
འགོ་ཁྲིད་ནི་ཡར་ཐོན་གྱི་སྣེ་འདྲེན་པ་དེ་ཡིན་ལ་ནར་འཁྲུལ་གྱི་འགོ་འདྲེན་དེ་ཡང་རེད། སྤོབས་པ་མཐོ་ཞིང་དབང་ཐང་ཆེ་བའི་ང་ཚོའི་དབུ་ཁྲིད་ལས་བྱེད་པ་ཁོང་རྣམ་པས་ནམ་རྒྱུན་གྱི་མིང་ཚིག་སྤྱིར་བཏང་བ་དེ་ཚོ་རྒྱ་སྐད་ཀྱི་ཤོད་རྒྱུ་ནི་ཁོང་རང་ཚོའི་ཁ་གཡང་ཞིག་ཏུ་ཆགས་ཡོད་པ་འདྲ། ཁོང་རང་ཚོའི་ལས་ཀ་དང་འབྲེལ་བའི་མིང་ཚིག་མང་ཆེ་བ་རྒྱ་སྐད་ནས་བཤད་རྐྱང་བྱེད་པ་སྟེ། ལས་ཀ་ཚུགས་པ། ལས་མཚམས་བཞག་པ་སོགས་དང་འབྲེལ་ཡོད་ཀྱི་ཡིག་ཆ་མང་ཆེ་བ་རྒྱ་སྐད་དང་རྒྱ་ཡིག་རྐྱང་ཡིན་པས། ལས་ཀའི་དགོས་མཁོས་མང་ཚོགས་དང་འབྲེལ་འདྲིས་བྱེད་སྐབས་ཡང་ནམ་རྒྱུན་གྱི་ཁ་གཡང་དེ་ཚོ་བོད་སྐད་ལ་མི་སྒྱུར་བར་ལམ་སེང་རྒྱ་སྐད་ཀྱིས་བཤད་པས། མང་ཚོགས་ཀྱིས་ཀྱང་ཁོ་ཚོའི་ལད་མོ་བྱས་ནས་བསྲེས་སྐད་སྒྲ་དག་ལ་མི་དག་འདྲ་བཤད་ཡོང་གི་ཡོད་པ་རེད།
དེ་ནས་ཤང་དང་གྲོང་ཚོ་ཁག་གི་ལས་བྱེད་པ་ཚོས་རྒྱུན་དུ་བོད་ཡིག་ལས་རྒྱ་ཡིག་བེད་སྤྱོད་བྱེད་རྒྱུར་ལས་སླ་བ་དང་སྟབས་བདེར་བརྩིས་པས། རྒྱ་ཡིག་ཚིག་གཅིག་ཀྱང་མི་ཤེས་མཁན་གྱི་མང་ཚོགས་དང་འབྲེལ་བ་ཧ་ཅང་ཆེ་བའི་ལག་འཁྱེར་དང་ཡིག་ཆ་མང་ཆེ་བ། ཐེམ་ཐོ། སྨན་དེབ། རྩྭ་ཐང་དང་སྒོ་ཕྱུགས་ཀྱི་གྲངས་ཚད་ཐོ་འགོད་བྱེད་སྐབས་ཀྱང་རྒྱ་ཡིག་གིས་འབྲི་བ་རེད།(ཕ་ཡུལ་གྱི་ཡུལ་མི་ཚོས་ཐེམ་ཐོ་དང་སྨན་དེབ་གྱི་ནང་དོན་ལ་ཤེས་རྟོགས་རྩ་བ་ནས་བྱེད་མི་ཐུབ། ནང་དོན་ཚང་མ་རྒྱ་ཡིག་ཡིན་པས་ཁོང་ཚོས་རང་ཉིད་ཀྱི་མིང་ཀྱང་ངོ་མ་ཤེས། དེ་ལྟར་ཐེམ་ཐོ་དང་སྨན་དེབ་ནི་ཧ་ལམ་ཡུལ་མི་ཚོ་དང་འབྲེལ་བ་དེ་ཙམ་མེད་པའི་ཚུལ་དུ་འདུག)
བཞི།
ཆེས་གནད་འགག་ཆེ་བའི་ལས་རིགས་གཅིག་ཏེ། སློབ་གསོ་ལས་རིགས་ལ་འཇུག་པའི་བོད་ཀྱི་དགེ་བའི་བཤེས་གཉེན་གྱི་ཚོགས།
དགེ་རྒན་ནི་མུན་སེལ་གྱི་སྒྲོན་མེ་ཡིན་ལ་མི་རིགས་ཀྱི་ཨ་མ་དེ་ཡང་རེད། ཁོང་རྣམ་པ་ནི་ཤེས་རིག་གི་མཁྱེན་རྒྱ་ཡངས་ཤིང་སློབ་མའི་མི་གཤིས་གསོ་སྦྱོང་དང་མ་འོངས་པའི་ལམ་བུ་སྟོན་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཡིན་དགོས། ཡིན་ན་ཡང་དགེ་རྒན་ཁ་ཤས་ནི་དུས་སྐབས་འདིར་ཡོད་དགོས་པའི་འགན་ཁུར་པོ་ཞིག་དང་སྙིང་སྟོབས་ལྡན་པ་ཞིག་ཡོད་ནི་མ་རེད། དུས་རྒྱུན་སློབ་གྲྭ་ནས་བཀོད་སྒྲིག་བྱས་པའི་སློབ་ཚན་སློབ་འཁྲིད་བྱེད་སྐབས་སློབ་ཚན་དེ་རང་གི་ཤེས་བྱ་ལས་གཞན་དེ་མིན་གྱི་སློབ་མའི་བལྟ་རྒྱ་ཐོས་རྒྱ་འཕེལ་བྱེད་ཀྱི་གཏམ་བཤད་དང་ཟུར་འཁྲིད་བྱེད་པ་ནི་ཧ་ཅང་གི་ཉུང་ཉུང་རེད།
མི་རིགས་དང་འབྲེལ་བ་ཅུང་ཙམ་ཡོད་པའི་སྐོར། དཔེར་ན། བོད་མི་རིགས་ཀྱི་རིག་གཞུང་སྐོར་ལ་ཡང་དེ་འདྲའི་སྐད་ཆ་ཤུགས་ཆེན་པོ་ཞིག་ཤོད་མི་ནུས།(གང་ལྟར་ང་རང་སློབ་གསོ་མྱོང་བའི་བརྒྱུད་རིམ་ནང་བག་ཆགས་དེ་རང་ལས་བཞག་མ་བྱུང་།)དེ་ལས་ལྡོག་ཏེ་དགེ་རྒན་གྱིས་སློབ་མ་རྣམས་ལ་སློབ་འཁྲིད་དང་བགྲོ་གླེང་བྱེད་སྐབས་རྒྱ་ཡིག་གི་མིང་ཚིག་མང་པོ་ཞིག་བོད་སྐད་དང་བསྲེས་ནས་བཤད་ཡོང་བ་རེད། 班长(འཛིན་དཔོན།) 学习委员(སློབ་སྦྱོང་ཨུ་ཡོན།)ལ་སོགས། སློབ་གྲྭའི་ནང་དགེ་རྒན་གྱི་བོད་སྐད་ནང་རྒྱ་སྐད་བསྲེས་ཡོང་བའི་སྣང་ཚུལ་ཤིན་དུ་མང་།
སློབ་གསོའི་ཁོར་ཡུག་འདི་འདྲ་ཞིག་གི་ནང་འཚར་ལོངས་བྱུང་བའི་སློབ་མས་ནི་བོད་ཡིག་ལ་སྦྱང་ཆ་གཞན་ཞིང་བོད་རིགས་ལ་ཤ་ཚ་ཆུང་། མ་འོངས་པའི་དགེ་རྒན་དང་དཔོན་པོ་ལས་བྱེད་པ་དེ་ཚོས་ཀྱང་བོད་སྐད་ཡིག་ལ་འདུ་ཤེས་དེ་འདྲ་ཞིག་ལས་མེད་དུས། ང་ཚོས་ད་དུང་ཁོ་ཚོར་རེ་བ་གང་ཞིག་བཅོལ་དགོས་སམ། །
ལྔ།
གོང་གི་ཚོ་པ་བཞི་པོའི་སློབ་མའི་ཚུལ་དུ་སོང་བའི་བོད་ཀྱི་ཞིང་འབྲོག་མི་མང་།
ཁྱིམ་ཚང་ནི་བུ་ཕྲུག་འཚར་ལོངས་ཡོང་སའི་གཞི་མ་ཡིན་ལ། སློབ་གསོའི་འདུ་ཤེས་ཆགས་བྱེད་ཀྱི་འགོ་འཛུགས་ས་དེ་ཡང་རེད། ཕ་མེས་ཡབ་མེས་ནས་རྒྱུན་གཤིས་སུ་ཆགས་པའི་ཁྱིམ་ཚང་གི་སློབ་གསོ་ནི་ཕ་མས་རང་གི་བུ་ཕྲུག་གི་བསམ་བློ་ཀུན་སྤྱོད། མི་ཚེའི་རིན་ཐང་། དད་པའི་སེམས་པ་སོགས་མི་གཞིའི་རྩ་བ་འཛུགས་བྱེད་དེ་རེད། ནང་མི་རྣམས་ཀྱི་བསམ་བློ་འཁྱེར་བཟོ་དང་རིན་ཐང་བལྟ་ཚུལ་དེ་བུ་ཕྲུག་གི་འཚེར་ལོངས་ལ་གལ་འགངས་ཆེ་ལ་ཤུགས་རྐྱེན་ཡང་ཆེ་བ་ཞིག་རེད།
འོན་ཀྱང་ནམ་རྒྱུན་དུ་དོ་སྣང་མེད་པར་གོང་གི་རུ་ཚོ་བཞི་བོའི་ར་མ་ལུག་སྐད་ཀྱི་གཤིས་ངན་དེ་ཁྱིམ་ཚང་ནང་དུ་ཁྱེར་ཡོང་བས། གོམས་གཤིས་དེས་ཐད་ཀར་ནང་མི་གཞན་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཡོང་བ་རེད། ཞིང་ཁུལ་དུ་ཁྱིམ་ཚང་སུའི་ནང་མི་ལས་བྱེད་པ་དང་སློབ་ཕྲུག་མང་བ་ཡོད་ན། དེའི་ནང་མི་ཚོས་བོད་སྐད་ནང་རྒྱ་སྐད་བསྲེས་ཡོང་བ་ཤུགས་ཆེ།
ང་རང་གི་ཕ་ཡུལ་ལ་ཆ་མཚོན་ནས་བཤད་ན། ནམ་རྒྱུན་ཡུལ་མི་མང་ཆེ་བས། ལག་ཐོགས་ཁ་པར་ལ་ཧྲའུ་ཅི། དང་། གད་སྙིགས་ལ་ལཱ་ཅི། ཟེར་བཞིན་འདུག ཐེངས་གཅིག་ངས་མི་ཞིག་ལ་”ཁྱེད་ཚོས་བཤད་པ་དེ་རྒྱ་སྐད་རེད།” ཅེས་བཤད་དུས། ཁོས་རང་ཉིད་ཀྱིས་བཤད་པ་དེ་བོད་སྐད་ཡིན་ཤག་བྱེད་པ་ལས་རྒྱ་སྐད་ཡིན་པ་རྩ་བ་ནས་མི་ཤེས་ཞེས་ཧ་ལས་མདོག་བྱེད། དེ་ལྟར་ཐ་ན་ཡིག་རྨོངས་ཀྱང་སེལ་མེད་པའི་ཞིང་འབྲོག་མི་མང་ལ་ཡང་གོམས་གཤིས་དེ་འདྲ་ཞིག་འགོས་ཡོད་དུས། བོད་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་གཞི་རྩའི་ཐོག་ནས་ར་མ་ལུག་སྐད་བཤད་ཡས་ཀྱི་རྣམ་པ་ཞིག་ཏུ་འགྱུར་ཡོང་བ་རེད།
བྱ་དངོས་གང་ཞིག་ཡིན་རུང་། དེ་འཇིག་པའམ་ཉམས་རྒྱུད་དུ་འགྲོ་རྐྱེན་ནི། བྱ་དངོས་གང་དེའི་རང་ངོས་ཀྱི་ནང་རྐྱེན་དང་། ནང་རྐྱེན་དེ་ལས་བསྐྲུན་པའི་ཕྱིའི་རྒྱུ་རྐྱེན་གཉིས་ཀྱིས་འཇིག་པར་བྱེད་པ་རེད། ང་ཚོ་བོད་པར་གོད་ཆག་འདི་འདྲ་ཞིག་བྱུང་རྐྱེན་གཙོ་བོ་ཡང་བོད་པ་རང་ཡིན་པས། དེ་ལ་སླར་གསོ་ཐུབ་མཁན་ཡང་བོད་པ་རང་ལས་མེད།
དེ་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་དུས་རབས་ཀྱི་གོམ་འགྲོས་བཞིན་ཚིག་གསར་དག་བོད་སྐད་དུ་བསྒྱུར་ཐུབ་པ་དང་། བོད་བསྒྱུར་བྱུང་བའི་མིང་ཚིག་གསར་པ་དེ་དག་ཤེས་ཡོན་ཅན་གྱི་སྡེ་ཁག་གིས་དུས་ཐོག་ཏུ་འཚོ་བའི་ནང་དུ་བེད་སྤྱོད་ཐུབ་པ་བྱེད་དགོས། དེ་ནས་གོང་གི་རུ་ཚོ་ལྔ་པོའི་ནང་གི་གཅིག་དང་གཅིག་ལྷག་གི་ནང་དུ་འཐུས་ཡོད་པའི་ང་ཚོ་མི་སྒེར་ཡོངས་ཀྱིས་རང་ཉིད་ནས་འགོ་བརྩམས་ཏེ། བོད་བསྒྱུར་ཚིག་གསར་རྣམ་བཀོལ་སྤྱོད་བྱས་ཤིང་། ནམ་རྒྱུན་དུ་ར་མ་ལུག་སྐད་དེར་དོ་སྣང་དང་རྒྱང་སྒྲོགས་གཏོང་བའི་གོམས་གཤིས་ཤིག་ཆགས་པ་བྱས་ནས། རང་གི་མཐའ་འཁོར་གྱི་ཁོར་ཡུག་དེ་ཕ་སྐད་གཙང་མ་ཤོད་ཐུབ་མཁན་གྱི་ཁོར་ཡུག་ཞིག་ཏུ་གྱུར་ཐུབ་པར་བརྩོན་དགོས། དེ་ལྟར་དུས་ནམ་ཞིག་ལ་ར་མ་ལུག་སྐད་དེ་མཐར་སྤྲོད་གཏོང་ཐུབ་ངེས་ལ་བཏང་ཐུབ་པའི་ཡིད་ཆེས་ཀྱང་ཡོད།
ཕན་དང་མི་ཕན་མི་དཔྱོད་ཅིང་།།
བློ་དང་ཐོས་པ་མི་བསྒྲུབ་པར།།
ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།།
སྤུ་མེད་པ་ཡི་ཕག་པ་ཡིན།།
དྲ་འབུ་ནི་དྲ་འབུ་རང་ཡིན་ཏེ་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སོགས་གནད་ས་ཕྲ་ས་དག་ལ་གླེང་སློང་རེ་བྱེད་དུས་འཇམ་ཐིང་ངེར་གནས་ཞིང་བཤད་རྒྱུས་ཕོང་ནས་ཡོད། དེ་མིན་ཆབ་སྲིད་མི་ཤེས་ཀྱང་ནང་ཁུལ་དབྱེན་དཀྲུགས་བྱེད་དགོས་ཚེ་ཡིག་ནོར་གཡག་འདྲ་བ་རེ་དྲིས་ནས་འཆན་ནག་གིས་དྲ་ངོས་འགེངས་བར་བྱེད། དེ་ནི་དེང་གི་དྲ་འབུར་སྐད་པའི་གླད་མེད་ཅོལ་ཆུང་ཚོའི་བྱེད་ལས་རེད། ཁག་མེད་དེ་ཁོ་ཚོ་མང་ཆེ་བ་ཟ་སྐད་འཐུང་སྐད་ཙམ་རེ་ཡིག་ཐོག་ལ་འགོད་རྒྱུ་ལས་གཞན་སློབ་སྦྱོང་གི་བརྒྱུད་རིམ་མེད་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་མེད། ཁོ་བ་ཚོ་གྲྭ་ཚང་ནས་ཁོངས་མ་འཁྱོལ་བའི་མི་འཁྱམ་དེ་དག་ཡིན། ཁོ་ཅག་ནི་སློབ་གྲྭ་ནས་མཐར་མ་ཕྱིན་པའི་མྱི་སྡོམ་དེ་དག་ཡིན། མཐར་གཏུགས་ན་སྤྱི་ཚོགས་ལ་དགོས་མཁོ་མེད་པའི་མི་ལྷག་མ་སྐོར་ཞིག་རེད།