གནས་ཚུལ་མཁོ་འདོན་པ་མདའ་མོ་ཚང་རིག་པའི་ཁུ་བྱུག
ཕྱི་ལོ་༢༠༡༡།༦།༨ ནས་ཉིན་གསུམ་རིང་ར་ཤི་ཡའི་མངའ་སྡེ་འུ་ལན་ཨོ་བདེ་ཡི་བསམ་འཕེལ་འགྲེམ་སྟོན་ཁང་དུ་བོད་ཀྱི་པར་རིས་དང་།དཀྱིལ་འཁོར་སོགས་འགྲེམ་སྟོན་གཞི་རྒྱ་ཆེ་བ་ཞིག་གནང་ཡོད་འདུག འགྲེམ་སྟོན་བྱེད་ཡུལ་ནི་མངའ་སྡེའི་གཞུང་གི་འགྲེམ་སྟོན་ཁང་ཆེན་ཞིག་གི་ནང་ཡིན་པ་དང་།ཐང་ཀའི་བཟོ་དབྱིབས་ཅན་གྱི་ཤོག་བྱང་རིང་མོ་བརྒྱ་ལྷག་གི་སྟེང་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས།བོད་རྒྱལ་བཙན་པོ་དག་གི་བང་སོ་དང། དེ་དག་ལས་བཏོན་པའི་གནའ་རྫས། གཞན་ཡང་དགོན་པ་ཆེ་ཤོས་དང། འདྲ་སྐུ་རྩ་ཆེན། བོད་དང་རྒྱལ་ཁབ་གཞན་གྱི་བར་ལ་བཞག་པའི་ཆིངས་ཡིག བོད་དམག ཤོག་དངུལ། ས་ཁྲ་རྙིང་པ། ལོ་གསར་གཏོང་སྟངས་དང། གཉེན་སྒྲིག རྒྱན་གོས། རྩེད་རིགས་ཀྱི་སྐོར་སོགས་ཁྱོན་ཡོངས་རྩ་ཆེན་དཔར་རིས་བདུན་བརྒྱ་ལྷག་ལས་གྲུབ་པ་ཞིག་མི་མང་ལ་འགྲེམ་སྟོན་དང་། གསར་ཤོག་དང་བརྙན་འཕྲིན་གྱི་བརྒྱུད་ལམ་ནས་ཁྱབ་སྤེལ་བྱས་འདུག འདི་ནི་ར་ཤི་ཡའི་ རྒྱལ་ཁོངས་སུ་བོད་ཀྱི་རིག་གཞུང་ལོ་རྒྱུས་དང་འབྲེལ་བའི་འགྲེམ་སྟོན་གཞི་རྒྱ་ ཆེ་ཤོས་དང་། ཆེས་ཐོག་མ་དེ་ཡིན་པ་དང་། མུ་མཐུད་ར་ཤི་ཡའི་མངའ་སྡེ་རྒྱལ་ཡོངས་སུ་འགྲེམ་སྟོན་བྱེད་རྩིས་ཡོ ད་པ་རེད།
རིག་ གཞུང་འགྲེམ་སྟོན་འདི་ནི་སྨན་པ་གྲྭ་ཚང་འགྲོ་ཕན་རིག་བྱེད་གླིང་གི་སྨན་དགེ་བླ་བྲང་སྐལ་བཟང་ལགས་ཀྱིས་བློ་འདོན་དང་མཐུན་འགྱུར་གནང་བ་དང་།སྒྲོལ་ལྗང་གྲྭ་ཚང་གི་དགེ་རྒན་ཀླུ་འབུམ་སྐལ་བཟང་རྡོ་རྗེ་ལགས་དང་།བོད་ཀྱི་གྲགས་ཅན་རི་མོ་བ་ཀླུ་ བསམ་བློ་བ།བོད་ཀྱི་གསོ་རིག་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་སྒྲོལ་དཀར་ལགས།
འགྲོ་ཕན་རིག་བྱེད་གླིང་གི་ལས་བྱེད་བུ་མོ་སོ་ཡོལ་མ་སོགས་ནས་ཟླ་ངོ་གསུམ་རིང་དཀའ་ལས་བརྒྱབ་སྟེ་ལེགས་འགྲུབ་བྱུང་བ་ཞིག་ཡིན་པ་དང་།དཔར་རིས་དག་གི་འགྲེལ་བཤད་ ཀྱང་དབྱིན་ཡིག་དང་ར་ཤི་ཡའི་སྐད་ཡིག་སོགས་ཀྱི་སྟེང་སྤེལ་ཡོད་འདུག
སྐུ་ ཞབས་སྐལ་བཟང་རྡོ་རྗེ་ལགས་སུ་འགྲེམ་སྟོན་གྱི་རྣམ་གྲངས་ཅི་ཡོད་སྐོར་དྲིས་པར། ང་ཚོས་ཟླ་ངོ་རེ་ཟུང་ལ་དཀའ་ལས་བརྒྱབ་མཐར་འགྲེམ་སྟོན་འགོ་འཛུགས་ཀྱི་ལས་གཞི་ལེགས་འགྲུབ་བྱུང་སོང་།ད་ཐེངས་ཀྱི་འགྲེམས་སྟོན་གཙོ་བོ་དཔར་རིས་འགྲེམ་སྟོན་ ཡིན་པ་དང་། ཆོས་ཕྱོགས་ནས་སྨན་བླའི་དཀྱིལ་འཁོར་སོགས་ཀྱང་བཞེངས་བསྐྲུན་བྱས་ཏེ་བོད་ཀྱི་ ཐུན་མོང་མ་ཡིན་པའི་ལག་རྩལ་སྐོར་ལ ་ངོ་སྤྲོད་བྱེད་རྒྱུ་བྱུང་ཞེས་དང་།
འགྲེམ་ སྟོན་གྱི་དམིགས་ཡུལ་གང་ཡིན་སྐོར་ལ་དྲིས་པར།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ གིས་ཀྱང་ར་ཤི་ཡའི་མི་མང་ལ་དམིགས་བསལ་ཐུགས་བརྩེ་གནང་གིན་འདུག མི་མང་གིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་དོ་སྣང་དང་བརྩི་བཀུར་ཆེན་པོ་བྱེད་ ཀྱིན་འདུག ལྷག་པར་ལོ་རྒྱུས་ཐོག་ནས་ཀྱང་རྒྱལ་ཁབ་གཉིས་ཀྱི་བར་དམིགས་བསལ་འབྲེལ་བ་ཡོད་བསྡད་པ་ཞིག་རེད།དེ་ཡིན་དུས་མི་མང་ནང་བོད་ཀྱི་ཆོས་དང་། རིག་གཞུང་། ལོ་རྒྱུས། ས་ཁམས། ཡུལ་སྲོལ་གོམས་གཤིས་སོགས་ངོ་སྤྲོད་བྱེད་དགོས་པ་གལ་ཆེན་པོར་མཐོང་སོང་། གནས་སྟངས་དེར་དམིགས་ ཏེ་ང་ཚོ་རང་ཉིད་འཚོ་གནས་ཀྱི་ཞོར་ཏུ་བོད་མི་རིགས་དང་རིག་གཞུང་གི་སླད་དུ་ཞབས་ ཞུ་ཕྲན་ཙམ་རེ་བསྒྲུབ་ཐབས་བྱེད་རྒྱུ་ནི་ང་ཚོ་ཚང་མས་དམིགས་ཡུལ་དང་ལས་འགན་ཡིན་པར་དང་ལེན་བྱས་པ་ཞིག་ཡིན་ཞེས་དང་།
ཡུལ་ལུང་དང་ཁོར་ཡུག་གཞན་ཅིག་གི་ནང་ལས་འགུལ་འདི་ལྟར་སྤེལ་སྐབས་དམིགས་བསལ་དཀའ་ངལ་གང་འདྲ་བྱུང་ཡོད་མེད་སྐོར་ལ་སྐད་ཆ་དྲིས་པར།ལས་འགུལ་གང་འདྲ་ཞིག་སྤེལ་སྐབས་ཀྱི་དཀའ་ངལ་ཆེ་ཤོས་ནི་དཔལ་འབྱོར་རེད།ཡིན་ནའང་།སྐུ་ཞབས་བླ་བྲང་སྐལ་བཟང་ལགས་ནས་མཐུན་འགྱུར་ཆ་ཚང་གནང་སོང་བས་དམིགས་བསལ་དཀའ་ངལ་གང་ཡང་འཕྲལ་མ་སོང་།ལས་ཀ་ཆ་ཚང་བ་ཞིག་བྱས་ཟིན་རྗེས་གློག་ཀླད་ལ་སྐྱོན་ཤོར་བས་ཟླ་བ་གཅིག་རིང་གི་ལས་ཀ་འཕྲོ་བརླག་ཏུ་འགྲོ་སོང་།དེ་ནི་ལས་ཀ་འདིའི་བརྒྱུད་རིམ་གྱི་དཀའ་ངལ་དང་གྱོང་གུད་ཆེན་པོ་ཞིག་ཡིན།དེ་མིན་དཀའ་ངལ་ཕྲན་ཚེགས་རེ་ཡོད་ཀྱང་དེ་ནི་ལས་དོན་ཐུན་མོང་ལ་ཡོད་པའི་དཀའ་ཚགས་སྤྱིར་བཏང་བ་ཞིག་རེད།
མི་མང་ནས་འགྲེམ་སྟོན་འདིའི་ཐད་དོ་སྣང་གང་འདྲ་བྱེད་ཀྱིན་ཡོད་མེད་སྐོར་ལ་དྲིས་པར།དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག ད་ལྟ་མངའ་སྡེ་གཅིག་གི་ནང་མགོ་བཙུགས་མ་ཐག་རེད།ཡིན་ཡང་།མི་མང་གིས་དོ་སྣང་དང་དགའ་མོས་ཆེན་པོ་བྱེད་ཀྱིན་འདུག ང་ཚོས་མུ་མཐུད་ར་ཤི་ཡ་རྒྱལ་ཡོངས་ཀྱི་མངའ་སྡེ་ཚང་མའི་ནང་བསྐོར་བསྐྱོད་ཀྱིས་ཡར་རྒྱས་འཐུས་ཚང་དུ་གཏོང་འཆར་ཡོད་ཅེ ས་གསུང་སོང་།