མྱི་སྟིག
དགུང་ནས་མེ་ཏོག་ཆར་བ་མ་བབས་ལ།།
ས་ནས་འཇའ་ཚོན་སྣ་ལྔ་མ་འཆར་བར།།
ཅི་ཞིག་བསགས་པའི་བྱིན་དང་ནུས་མཐུ་ཡིས།།
བོད་ཀྱི་མདོ་ཁམས་སྨད་ནས་མི་རུ་སྐྱེས།།
ཨ་ཕས་བཤད་ན་སྙིང་རྗེ་ཡིན་རབས་ཟེར།།
ཨ་མས་བཤད་ན་ངན་རྟགས་སྟོན་རབས་ཟེར།།
ད་དུང་ཕུ་བོས་ངུ་ཁ་སླ་རབས་ཟེར།།
གང་ལྟར་ཨ་ཅེ་དག་གིས་མྱངས་རབས་འདུག།
དེ་ལྟར་ཟླ་ཐོག་ཟླ་བ་བརྩེགས་ནས་ནི།།
བརྒྱད་པ་ཁ་ཆག་དུས་ལ་རིམ་གྱིས་བསླེབས།།
དུས་ཚིགས་ཚེས་གྲངས་ནམ་ཡིན་མི་གསལ་མོད།།
ལོ་གྲངས་དགུ་ལ་བུད་པའི་ཐེམ་སྐས་ནས།།
རང་སྡེའི་སློབ་ཆུང་ནང་དུ་བསྐྱལ་བ་གསལ།།
རྗེས་ཀྱི་ལོ་སྟེ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་དག།
རྣམ་གཡེང་རྩེད་མོའི་གསེབ་ནས་དེ་རུ་བརླག།
ཉིན་ཞིག་ང་དང་འཛིན་གྲྭའི་འགན་བདག་གིས།།
བོད་ཡིག་ལས་བྱ་འབྲི་རྒྱུ་བརྗེད་པར་བརྟེན།།
ཀླུ་མིང་ཅན་གྱི་དགེ་རྒན་རབ་ཁྲོས་ནས།།
ང་དང་འགན་བདག་གཉིས་ལ་བསྐོར་རྡུང་བྱས།།
ཚིག་རྩུབ་མནར་སྡུག་སྙིང་ནས་མ་བཟོད་པར།།
དེ་ཡི་ཕྱི་དྲོ་སློབ་གྲྭར་གྱེས་བརྡ་བཏང་།།
དེ་ནས་གཏན་དུ་སློབ་གྲྭར་འགྲོ་མཚམས་བཞག།
བརྩེ་བའི་ཕ་ལོས་སྐེ་ཤ་འཐེན་ཞོར་དུ།།
སློབ་གྲྭར་སོང་དང་ཅི་དགོས་ཉོ་ཆོག་ཟེར།།
ཨམ་གཙུགས་བསྡམས་ནས་སེན་མོས་ས་འབྲད་ཞོར།།
སློབ་གྲྭར་མི་འགྲོ་གྲྭ་བ་འདོད་ལུགས་ཀྱིས།།
བླ་བྲང་ཁོངས་ཀྱི་ཧོར་གཙང་ཙག་ཙག་ནས།།
ཆུ་ལེན་ཤིང་གཏུབ་ཞོར་དུ་འདོན་རྟ་སྦྱངས།།
དེ་ལྟར་ལོ་ངོ་གསུམ་ལ་བྲན་གཡོག་གིས།།
གཙུག་ཏུ་བཀུར་ནས་ཧུར་གྱིས་འབད་མོད་ཀྱང་།།
ནམ་རྒྱུན་མིག་གི་དཀར་ལོགས་དམར་ལོགས་ཀྱིས།།
འུ་ཐུག་ཐབས་ཟད་བྱུང་ནས་ཁྱིམ་དུ་ལོག།
དགེ་བ་བསྒྲུབས་པའི་མཇུག་བསྡོམས་དེ་ནས་བརྒྱབ།།
ཨ་ཕས་སྡིག་པས་ཁྱིམ་དུ་མ་བསྡད་པར།།
ཨ་ཅེའི་ལྷན་དུ་ཡུ་གུར་ས་ཆ་ནས།
ཞིང་གི་སྲིན་བལ་བཏོགས་ནས་གཡོག་ལས་བྱས།།
དེ་ལྟར་མྱངས་ཞོར་ལོ་གསར་ཡུལ་ནས་རོལ།།
དཔྱིད་དཔལ་བུ་མོ་ས་ལ་མ་བབས་གོང་།།
མགོ་ལོགས་ཕྱོགས་སུ་དབྱར་རྩ་དགུན་འབུའི་ཆེད།།
ཕུ་བོ་ཆུང་བར་འགྲོགས་ནས་བཞུད་འགོ་བརྩམས།།
ཇི་ལྟར་གོག་ཀྱང་དེ་ཙམ་མི་རྙེད་པས།།
སྡུག་གི་ཨ་ཐང་ཆད་ཀྱང་ལོ་གཉིས་བསྡད།།
ད་དུང་སྔར་བཞིན་ཡིན་པ་གཏན་ཁེལ་བས།།
ངོ་ཤེས་དག་ལ་བཀའ་དྲིན་དང་བཅས་ཏེ།།
ལག་པ་མཆན་དུ་བཅུག་ནས་ཡུལ་དུ་ཡོང་།།
དགོན་ནས་བུད་པའི་ཉི་མ་དེ་ནས་བཟུང་།།
ལོ་ངོ་འཁོར་མོ་བཞི་ལྷག་འཁྱམས་ནས་བསྐྱལ།།
སྡེ་མིའི་ངག་ནས་ཧི་ནན(སོག་རྫོང་)་རྫོང་ཐོག་ན།།
ལས་ཀ་མང་རབས་གླ་ཕོགས་མཐོ་རབས་ཐོས།།
སྡེ་བ་གཅིག་པའི་ན་ཟླ་གཉིས་དང་ལྷན།།
ཧོབ་ཀྱིས་ལམ་འགྲུལ་བྱས་ནས་ལས་ཀར་ཆས།།
ཟླ་བ་འགའ་ལ་ལས་ཀ་བྱས་ན་ཡང་།།
ལག་ཏུ་ལྷག་པ་རྒྱ་སྒོར་ལྔ་བརྒྱ་ཙམ།།
སྡེ་བ་གཅིག་པའི་གྲོགས་པོ་གཞན་ཞིག་གིས།།
རྒྱ་གར་ཡུལ་དུ་འགྲོ་མཁན་ཡོད་མེད་ཟེར།།
རྒྱ་སྒོར་ལྔ་བརྒྱ་མ་གཏོགས་མེད་ཟེར་དུས།།
ལྷ་སར་སོང་ན་ལས་ཀ་རག་མདོག་ཟེར།།
དེ་ཡི་ཕྱི་ཉིན་ཧི་ནན་རྫོང་ཐོག་ནས།།
གནམ་མཁར་ཟི་ལིང་བར་དུ་འཛིན་བྱང་ཉོས།།
ལྩགས་ཀྱི་མེ་འཁོར་ནང་ནས་ལྷ་སར་བསྲེས།།
ཟླ་བ་བཞི་ལྷག་ལྷ་སའི་གྲོང་ཁྱེར་ནས།།
མཚམས་མཚམས་སྐྱིད་པོ་མཚམས་མཚམས་སྡུག་གིས་ཕུད།།
ཡོང་བའི་སྔ་ཉིན་ཕུ་བོར་ཁ་པར་ནས།།
རྒྱ་སྒོར་ལྔ་བརྒྱའི་རོགས་རམ་དགོས་ལུགས་དང་།།
མ་མཐར་དང་ན་ཡུལ་ནས་འདུག་ལུགས་སོགས།།
ཚིག་རྟིང་མནའ་ཡིས་མནན་ཞོར་ཨུ་ཚུགས་བྱས།།
ལམ་འཁྲིད་མི་དེ་རང་སྡེ་ཡིན་པ་ཡིས།།
སྒོར་མོ་གཅིག་ཀྱང་གླ་ལ་མི་དགོས་ཟེར།།
ཉིན་མཚན་བརྗེ་ཞོར་ཉིན་གྲངས་ཉི་ཤུ་ལྷག།།
རྩམ་སྐྱ་ཆུ་ལ་སྤོད་ཞོེར་སྐྲག་སྣང་དང་།།
༧གོང་ས་མཆོག་ལ་གསོལ་བ་འདེབས་ཞོར་གྱིས།།
རེ་བའི་གོམ་ཁ་འདོད་པའི་ཡུལ་དུ་སྤོས།།
རང་གི་ཕུགས་བསམ་འགྲུབ་པའི་གླུ་དབྱངས་ལེན།།
གཏན་གྱི་བསམ་དོན་གྲུབ་པའི་ཞབས་བྲོ་རྒྱག།
གང་ལྟར་གཉེན་མེད་བས་མཐའི་ཡུལ་གྲུ་འདིར།།
ང་འདྲའི་ལེ་ལོ་ཅན་དག་ཡོང་ས་མིན།།
སློབ་ཆུང་སྒོ་ཐེམ་ནང་ནས་ལོ་གསུམ་བརླག།
དགོན་པའི་རྡོ་གཅལ་ཐོག་ནས་ལོ་གསུམ་བརླག།
ཤེས་རབ་དགའ་ཚལ་གླིང་ནས་ལོ་གསུམ་འདས།།
ནོར་གླིང་མཐོ་སློབ་ཚང་གི་ལོ་གསུམ་གྱིས།།
མི་ཡི་གྲལ་དུ་འགྲོ་བར་ཕན་མིན་ལ།།
སེམས་པའི་གཏིང་ནས་སོམ་ཉིའི་དྲ་རྒྱ་དེ།།
གཅོད་པའི་གདེང་ཚོད་སྔར་བཞིན་མི་འདུག་ལ།།
ཆད་པའི་རེ་བ་ནམ་ཡང་མི་རྙེད་དོ།།
སྤྱི་ལོ༢༠༡༡་ སྤྱི་ཟླ༨་ཚེས༡༧ཉིན་རྫོགས་པར་བྲིས་སོ།
སྙན་པོ་འདུག མ་འོངས་བ་བྱ་བཞག་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད།
རིག་གནས་གསར་བརྗེའི་རླུང་ཚུབ་དྲག་པོའི་ནང་།
ལྷ་རྗེས་དབེན་པས་ལུང་ཁུག་ཆུང་ཆུང་དེར།
སྔོན་དུ་གཅེན་པོ་གཉིས་ཙམ་འཇིག་རྟེན་འདིར།
བྱོན་ཙམ་ཉིད་ནས་འཆི་བདག་ཟས་སུ་གྱུར།
གུས་རང་ཡུམ་གྱི་མངལ་དུ་སླེབས་མ་ཐག
ཕ་རྒན་སེམས་པས་མ་བཟོད་སྔགས་རྒན་ཞིག
ནང་དུ་དྲངས་ནས་སྐྱབས་འཇུག་ཞུས་པ་ན།
ད་ཐེངས་བུ་ཡིན་དེ་ནས་ཇི་བཙས་རྣམས།
འཆི་བདག་མི་བཟའ་བདེན་པའི་དབུགས་འབྱིན་པས།
དོན་ལ་གནས་ནས་སྤུན་ལྔ་བདེ་བར་གནས།
ཆུང་དུས་གནས་ཚུལ་དྲན་པའི་ཡུལ་ལ་མེད།
རང་ལོ་བདུན་བརྒྱད་ཙམ་དུ་གྲོགས་དགའ་དང་།
འདེབས་ནས་ཆུ་འགྲམ་ཉ་མོ་འཛིན་དུ་ཕྱིན།
ཉ་མོའི་ཚབ་ལ་ཆུང་ནང་མཐོང་བ་ནི།
གཞན་གྱིས་སྐྱུར་བའི་མའོ་ལྕགས་པར་ཞིག
ལོ་ན་ཆུང་ཡང་མའོ་སྤྱོད་ཚུལ་ལ།
འདོད་མོས་མེད་པས་རྡོ་ཆར་ཕབས་པ་ན།
རྨོ་རྨོ་ཧྲུ་ཅི་ཞེས་པའི་རྒྱ་མོ་དེས།
མཐོང་ནས་ཡུལ་དམག་མང་པོ་འཛིན་པར་བཏང་།
བསམ་མེད་བྱིས་པ་རི་བོའི་རྩེ་རུ་བྲོས།
ཕ་རྒན་དྲིན་ཆེན་རྒྱ་དམར་བཙོན་དུ་མཛངས།
དེ་ནི་ཆུང་ཆུང་སྐབས་ཀྱི་གནས་ཚུལ་ཡིན།
ངའི་མྱིང་གཏག་ནོར་ཤོར་འདུག
མྱི་ལྟིག་ལ་བཅོས་ཡོད།
སྙན་པོ་འདུག ང་རང་གི་གནས་ཚུལ་མང་པོ་ཞིག་ཡིད་ལ་དྲན་ནས་དགའ་སྐྱོ་ཟུང་དུ་འདྲེས།
ཁྱོད་རང་གི་རྩོམ་དེ་ལ་ལྟས་ན་ང་ཡང་ཉོབ་སྙང་དང་སུན་སྙང་རང་བཞིན་སྐྱེས་སོང་དངོས་གནས་ཁྱོང་ནི་ལེ་ལོ་གཡེངས་བས་བཅང་བུ་སློབ་ཁྲུག་ཞིག་རེད་འདུག་ང་ནི་དེའི་རིག་ལ་སུན་སྙང་ཅན་ཞག་ཡིན་རྗེས་ལ་དེའི་རིག་ག་དུས་ཡིན་ན་མ་སྤེལ་ཨ།
ཡག་གི་ ང་ཡོང་ནས་བུད་སོང་།
རག་ཕྱགས་རྡོར་ལགས།ཁྱོད་ཀྱིས་ག་རེ་བཤད་ཀིན་ཡོད།
ཁྱོད་ཀྱིས་བོད་ཡིག་གི་དག་ཆ་མ་ཤེས་པ་ཡིན་ནམ ཡང་ན་བོད་སྐད་ཀྱི་སྒྲ་གདངས་མ་དག་པ་རེད
གང་ལྟར་ངས་དོན་ཡ་མ་ཟུང་འདྲ་ཞིག་གོ་སོང་།སྐུ་ཉིད་ཀྱིསབསམ་ཚུལ་སྤེལ་བ་ལ་ཐུགས་རྗེ་ཆེ། རྗེས་ཕྱོགས་མི་གཞན་ལ་མཆན་འདེབས་སྐབས་
དག་གསར་ཞིག་སྐེ་ལ་བཏགས་ན་ཡག་པོ་ཡོད་ས་རེད།་ཡང་གཅིག་བཤད་ན་བོད་ལའང་ཕན་ས་རེད།
ངས་རང་ཉིད་ཀྱི་ལོ་རྒྱུས་ཐུང་ངུ་ཞིག་དྲ་ཐོག་ཏུ་བཞག་ན་ཁྱོད་རང་སྙིང་འཕར་དོན་འདུག་གམ
མྱི་ལྟིག་གི་ལོ་རྒྱུས་དག་སྙན་པོ་ཞེ་དྲགས་འདུག ཐུགས་རྗེ་ཆེ།
ཆེན་པོ་དག་ལ་བྱུང་བའི་བྱུང་བ་རྫོགས་མཐའ་བྲལ་བ་ཡོད་གྱུར་ཀྱང་། །
ཕྱེད་ཙམ་བདེན་ལ་ཕྱེད་ཙམ་རྫུན་པའི་འཕྲུལ་གྱི་ཡི་གེ་རྐྱང་གིས་གྲུབ། །
ཉིད་ཀྱི་མི་ཚེའི་བརྒྱུད་རིམ་གསལ་བའི་ལོ་རྒྱུས་ཡིག་རིས་ཚིག་བཅད་མར། །
བདེན་པའི་འོ་སྤྲིས་མངར་ཁ་རྒྱས་པའི་རང་བཞིན་སྣང་བ་དག་པར་བྱས། །