བསང་ཆུ་འབྲུག་བྷེ།
༡དྲི་བ། ཁྱོད་ཀྱིས་རང་གི་ཕ་ཡུལ་གྱི་རྣམ་པ་ངོ་མ་དེ་ཅི་འདྲ་ཞིག་ཏུ་མཐོང་སོང༌།
ལན། མཁའ་དབུགས་རབ་རིབ་ཀྱི་བར་ན་ལུས་སེམས་དེ་གསོ་བཞིན་པའི་ཁྱོད་དང་ངའི་ཕ་ཡུལ་ནི། གཞན་ཞིག་གི་རྐང་པའི་འོག་ན་འདུར་རྒྱུགས་བྱེད་ཅིང་འཚོ་གནས་བྱེད་ཀྱིན་པ་ལས། བརྙན་འཕྲིན་འཕྲུལ་ཆས་ངོས་ཀྱི་རི་ཆུ་ཐང་གསུམ་ལ་སྔོ་ལྗང་མཛེས་སྡུག་གི་མངོན་པ་འདྲ་བའི་ཉམས་སྣང་དེ་འདྲ་ཞིག་མིན་ངེས། དོན་ངོ་མར་ངས་རང་གི་ཕ་ཡུལ་གྱི་རྣམ་པ་ནི་ལག་ངོ་སེར་གས་ཁེངས་ཤིང༌། སེན་རྟིང་རྣག་དང་སེན་མགོ་ཁྲག་གིས་ཁེངས་པའི་གནས་བབ་ཅིག་ཏུ་མཐོང༌།
༢དྲི་བ། ཁྱོད་ཀྱིས་འདས་ད་ལྟ་མ་འོངས་གསུམ་གྱི་ངོས་ནས་རང་རེའི་མི་རིགས་འདི་ཅི་འདྲ་ཞིག་ཏུ་མཐོང་ངམ།
ལན། ང་ཚོའི་འདས་ཟིན་པའི་ལོ་རྒྱུས་ནི་རོ་ཡི་རི་བོ་སྤུངས་ཚར་བ་དང་ཁྲག་གི་རྒྱ་མཚོ་འཁྱིལ་ཟིན་པའི་ལོ་རྒྱུས་དམར་པོ་རེད། ད་ལྟ་ནི་ང་ཚོ་གཅེར་བུ་ཡིན་པའི་ལོ་རྒྱུས་སྐྱ་བོ་རེད། མ་འོངས་པ་ནི་སྨིག་རྒྱུའི་མཚོ་མོ་ལྟ་བུའི་ལོ་རྒྱུས་རབ་རིབ་ཅིག་མ་ཡིན་ནམ།
༣དྲི་བ། ཁྱོད་རང་བོད་ཡུལ་གྱི་སྐྱེས་བུ་སུའི་བསམ་བློ་དང་དགོངས་པ་ཡིས་ཤེས་རིག་གི་ཞིང་ས་ཆེན་མོར་འཇུག་པའི་སྤོབས་པ་བསྩལ།
ལན། ངའི་སེམས་ཁོང་ན་མཆོག་ཏུ་གྱུར་བའི་བོད་ཀྱི་བློ་འབྱེད་བསམ་བློ་བ་ཞིག་ཡོད་པ་ནི་ཟམ་གདོང་རིན་པོ་ཆེ་ཡིན། ངའི་ཉེ་འཁོར་རུ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང༌།བློ་གྲོས་ཀྱི་སྤོབས་པ་འབར་བའི་སྙན་ངག་པ་ཞིག་ཡོད་པ་ནི་ལྗང་བུ་ཡིན། ངའི་ཁོར་ཡུག་ན་སྐྱེས་སྟོབས་ཀྱི་དཔལ་འབར་བའི་གྲོགས་པོ་རེ་ཡོད་པ་ནི། སྐྱབས་ཆེན་བདེ་གྲོལ་དང་རི་སྔོན་བླ་མ་ཐར། ཨ་ཚོགས་ཀླུ་མཁར་བྱམས་དང་ཙོང་ཁ་ཚེ་བརྟན་རྒྱལ་བཅས་ཡིན།
ཟམ་གདོང་རིན་པོ་ཆེ། ཁོང་གིས་ང་ཚོ་ལྟར་སྣང་གི་གསར་བརྗེ་ཙམ་མ་ཡིན་པར་དག་པའི་གསར་བརྗེ་ཞིག་གི་སྒང་འགྲོ་བའི་སྟ་གོན་འགོ་ཡོངས་སུ་ཚུགས་ཏེ། རང་རེའི་ཆབ་སྲིད་དང་དཔལ་འབྱོར། རིག་གཞུང་དང་ལེགས་བྱང་སོགས་ཀྱི་ཐད་བཏོན་གནང་བའི་ཕུགས་བསམ་ཆེན་པོ་དེ་དག་ལས་རེ་བའི་སྤོབས་པ་ཞིག་ང་ལ་འབྱུང་དུ་བཅུག
ལྗང་བུ། ང་ཚོའི་འབྱུང་འགྱུར་རམ་སང་ཉིན་ནི་སྨིག་རྒྱུའི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་བྱེད་པའི་སྙན་ངག་པ་གང་གིས་གྲི་དང་སྟ་རེ་བརྡར་སའི་ཡུལ་གྲུ་འདིའི་ཆེད་དུ་ནམ་ཡང་གཏོར་བཤིག་གི་ལམ་བུ་ཞིག་ནས་ཆས་ཏེ་ཡོང་བའི་སྙན་ངག་ལས་ང་ལ་བློང་བོར་བོར་གྱི་བསམ་གཞིགས་དང་མྱ་ངན། མཛེས་པ་སོགས་རྫོགས་མཐའ་མེད་པ་ཞིག་བྱིན།
སྐྱབས་ཆེན་བདེ་གྲོལ། ཁོང་གིས་བོད་ཀྱི་རྩོམ་རིག་གསར་བའི་རྩིག་ལྡེབས་ངོས་སུ་རྐང་རྗེས་གསར་བ་སྤོས་པ་ནས་བཟུང༌། སྙིང་ཁམས་ཀྱི་འཕར་ལྡིང་འཇོག་མ་མྱོང་བར། བོད་ཀྱི་དེང་རབས་རྩོམ་རིག་གི་ལས་དབང་དང་མཉམ་དུ་མི་རབས་གསུམ་པ་ཞེས་པའི་བརྡ་ཆད་ཅིག་དང་འབྲེལ་ཏེ། རུལ་དྲི་འཐུལ་བའི་བོད་ཀྱི་རྩོམ་རིག་གསར་བར་བྱི་དོར་བྱས་ཤིང། དུས་རབས་ཀྱི་ཚབ་མཚོན་རུང་བའི་བརྩམས་ཆོས་འགའ་བོད་ཡུལ་གྱི་ལྗོངས་སུ་ལེགས་སྐྱེས་སུ་ཕུལ་ཡོད། དེའི་ཕྱིར་ཁོང་ལ་ཨེ་ཤ་ཡའི་འོད་ཟེར་ཡང་འབོད་ཀྱིན་ཡོད།
རི་སྔོན་བླ་མ་མཐར། ཁོང་གིས་མུན་ནག་གི་ཁྲོད་ནས་འོད་ཟེར་འཚོལ་འདོད་ཀྱིས་བོད་ཡུལ་གྱི་དུས་དེབ་དང་ཚགས་པར་ཁ་ཤས་སྟེང་སྙན་ངག་གི་རྐང་རྗེས་སུབ་ཐབས་མེད་པ་འགའ་སྤར་རྗེས། སྙན་ངག་ནི་ནམ་ཡང་ས་སྟེང་གི་རྒྱལ་བོ་ཡིན་པར་རློམ་སྟེ། དེའི་མཛེས་སྡུག་གིས་ཚོད་དུ་རྣམ་དག་གི་བསམ་བློ་ཞིག་བཅིངས་ཡོད།
ཨ་ཚོགས་ཀླུ་མཁར་བྱམས། ཆབ་སྲིད་ཀྱིས་ཕོངས་པའི་མི་རིགས་ཤིག་གི་ལས་དབང་ལ་སེམས་ཁུར་དང་བློས་གཏོང་གི་དཔའ་མཛངས་ལྡན་རྐྱེན། ༼རྒྱལ་བོའི་རྒྱལ་ས་མ་བདེ་ན།། སྤྲང་བོའི་ཉལ་ས་མི་བདེ།།༽ ཞེས་པའི་མི་སྐད་དེས་བཙན་བྱོལ་བོད་མིའི་སེམས་ཀྱི་སྒྱིད་ལུགས་ཀྱི་ལྷིང་འཇགས་དེ་དཀྲོགས་ཤིང་སྐུ་ངོའི་ཚོའི་ལུས་ལ་ཟ་འཁྲུགས་བསླངས་སུ་བཅུག་ཞོར་རང་ལ་ལྷད་མ་འདྲེས་པའི་རང་གཤིས་རྣལ་མ་ཞིག་ཡོད་པ་སྤྱན་མིག་གསུམ་པ་ཚོར་ཡིད་རེར་ཚོར་དུ་བཅུག
ཙོང་ཁ་ཚེ་བརྟན་རྒྱལ། ལོ་རྒྱུས་ཀྱི་སྐྱོ་གར་འཁུར་བཞིན་པའི་གྲོགས་པོ་སྒལ་ཚིགས་ཅན་ཁོང༌། དུས་རྒྱུན་པར་སྐུ་དྲག་གི་རྒྱུ་མའི་གསེང་དང་ནང་སེམས་ཀྱི་ཁོངས་ནས་ཐོན་རྗེས། ༼མར་མེ་རྐང་གཅིག་སྒྲོན་དང༌། ང་ཚོ་ཁྲོམ་སྐོར་ལ་འགྲོ་ཟེར།༽
༥དྲི་བ། ལོ་རབས་བརྒྱད་ཅུའི་ནང་བོད་ལ་དར་བའི་རང་མོས་སྙན་ངག་གི་མདུན་ལམ་དུས་འདིར་གང་འདྲ་ཞིག་ཏུ་མཐོང༌།
ལན། དཔལ་དོན་གྲུབ་རྒྱལ་གྱི་ལང་ཚོའི་རྦབ་ཆུ་ལས་བསླངས་པའི་བསམ་བློའི་གཡོ་སྐྱོམ་དེ་ནས་གྲལ་བསྒྲིགས་པའི་རུ་དཔུང་ཞིག་ལམ་ལ་བུད་མྱོང་ཡང༌། དོན་གྲུབ་རྒྱལ་ནས་བརྒྱུད་ཡོང་བའི་བསམ་བློའི་རླབས་རྒྱུན་དེ་ད་ལྟ་ཞི་འཇགས་ཀྱིས་སྟེགས་བུར་ལུས་ཏེ་མི་རྣམས་ཀྱི་སྙན་ངག་རྐང་ཆག་མ་ཞེས་འབོད་པའི་ཚད་ཞིག་ཏུ་ལྷུང་ཡོད་སྲིད། དེར་བརྟེན་ན་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་གྱིས་ཁོ་ཚོའི་སྙིང་སྟོབས་དང་ཤེས་རབ། ལང་ཚོ་དང་སྤོབས་པ་བཅས་མཚོན་བྱེད་དུ་བརྒལ་དཀའ་བའི་མྱ་ངམ་ཐང་ཆེན་ཞེས་བརྗོད་འདུག
༦དྲི་བ། དེ་ན་རང་རེའི་དེང་རབས་སྙན་ངག་ལ་ཚབ་མཚོན་རུང་བའི་སྙན་ངག་པ་སུ་དང་སུ་བགྲངས་རྒྱུ་ཡོད།
ལན། དེ་ལ་དོན་གྲུབ་རྒྱལ་ཟེར་བའི་དོས་པ་ཞིག་དང༌། འཇུ་སྐལ་བཟང་ཟེར་བའི་གླུ་བ་ཞིག ལྗང་བུ་ཟེར་བའི་མགར་བ་ཞིག སྐྱབས་ཆེན་བདེ་གྲོལ་ཟེར་བའི་ཇག་པ་ཞིག གོང་གི་མི་སྣ་འདི་དག་གིས་ཁོད་ཡངས་པའི་ལམ་ཆེན་དེར་རྐང་རྗེས་མི་དམན་པ་ཞིག་སྤར་འདུག་སྙམ།
༧དྲི་བ། ཁྱོད་ཀྱིས་རང་ཉིད་འཚོ་སའི་ཁོར་ཡུག་འདི་ནས་རང་ཉིད་ངོ་མ་ཞིག་རྙེད་ཨེ་ཐུབ།
ལན། ངའི་ཟག་བཅས་ཀྱི་ཕུང་བོ་འདི་ཡིས་དབང་བོ་རྣམ་ལྔ་ལ་བརྟེན་ནས་དགུང་གི་ཉི་མ་དང་ཟླ་བ་གསལ་བོ་མཐོང་གི་འདུག དེའི་འགྲོ་འོང་གི་ལོ་ཟླའི་འགྱུར་འགྲོས་ཀྱང་མཐོང་གིན་འདུག ཡིན་ན་ཡང་ང་རང་སྔོན་ཆད་འཚོ་སའི་ཕ་ཡུལ་གྱི་གངས་རི་དང་སྙན་ངག་ཅེས་པའི་ཐ་སྙད་འདི་དག་གི་ཁུངས་དང་ཁ་བྲལ་ཏེ། དུས་འདིར་རྒྱ་དམར་དང༌། ཐོབ་ཐང༌། སྤྲདྲཔྲཎ ཞེས་པའི་ཐ་སྙད་འདི་དག་གི་ཁྱབ་ཁུངས་སུ་འཚོ་གནས་བཅའ་བའི་མི་ཞིག་ཏུ་གྱུར་སོང༌། གནས་མལ་འདིའི་འོག་ནས་ངས་རང་ཉིད་ངོ་མ་ཞིག་རྙེད་ཁག་པོ་རེད་འདུག།
༨ དྲི་བ། ད་ལྟ་ཁྱེད་རང་འཚོ་སའི་ཁོར་ཡུག་འདི་རུ་ཤེས་རིག་གི་མཁའ་དབུགས་ཅི་འདྲ་རེད།
ལན། ཕྱི་རྫིག་ནང་སྟོང་ལ་ཉེ་བའི་སྤྱི་ཚོགས་འདི་རུ་ཤེས་རིག་གི་ཚ་རླབས་ཤིག་འཕྱུར་ཐུབ་མེད་པ་ནི། དོགས་སློང་དང་དཔྱོད་ཤེས་ཀྱིས་ཕྱུག་ཅིང་ཁེར་ཚུགས་ཀྱི་མི་གཞི་ལྡན་པའི་མི་རུས་པ་ཅན་དཀོན་པས་རེད། འོན་ཀྱང་དུས་འདིར་གསར་དར་གྱི་མི་རབས་་ཀྱི་ཁྲོད་ནས་ན་གཞོན་གདོང་མཆོང་བ་ཁ་ཤས་ནས་རེ་བའི་མེ་ཁ་ཞིག་གསོ་བར་འགོ་རྩོམ་བཞིན་ཡོད་ཀྱང༌། རང་གཤིས་བརླག་ཅིང་ན་ཟུག་བོར་བའི་ཤེས་ཡོན་པ་རྒན་རབས་སྐོར་ཞིག་གིས་ཁོ་ཚོའི་བསམ་བློ་དམར་གསོད་གཏོང་བའི་བྱ་བཞག་སྒོ་ཀུན་ནས་བརྩམས་པར་བརྟེན། དུས་དེ་རིང་འུ་ཚོའི་ཁོར་ཡུག་གི་མཁའ་དབུགས་ནི་བཙོག་པ་ཞིག་ལས་གཞན་ཅི་ཡང་མི་སྣང༌།
༩ དྲི་བ། ལུང་མ་བསྟན་པ་ཞིག་གི་ངོས་ནས་འཁོར་རྒྱུག་བྱེད་ཀྱིན་པའི་སྤྱི་ཚོགས་འདིས་ཁྱོད་ལ་སྣང་བ་ཅི་ཞིག་སྟེར།
ལན། རང་ཉིད་ལ་ཅི་ཡང་མེད་པའི་ཉམས་སྣང་གསལ་བོ་ཞིག་ལས་གཞན་ཅི་ཡང་མི་འདུག
༡༠ དྲི་བ། དུས་ཀྱི་མདུན་དུ་གདོང་ལེན་མཁན་གྱི་བོད་ཀྱི་བུད་མེད་ཅིག་ཁྱོད་ཀྱི་སྣང་ལ་ངེས་པའི་དྲན་འཛིན་གྱི་ཡིད་དུ་འདུག་གམ།
ལན། གངས་ཆེན་པོ་དང་མཚོ་ཆེན་མོ་ལྟ་བུའི་བོད་ཡུལ་གྱི་ཉམས་འགྱུར་ཡོངས་སུ་རྫོགས་པའི་སྐྱེད་ཡུམ་དམ་པ་མ་ཅིག་ལབ་སྒྲོན་སོགས་ཀྱི་བདག་གཞན་མཉམ་བརྗེས་ཀྱི་དགོངས་པ་ནས་བསྐྱེད་པའི་ལམ་ཆེན་དེ་ད་ལྟ་མིའི་རིགས་ཀྱི་བསོད་ནམས་ཀྱི་གོ་བསྐལ་དུ་བརྟན་ཅིང་རླིང་བའི་ནོར་བུ་ཞིག་ཏུ་ཡོད་མོ།
ཡིན་ན་ཡང་ད་ལྟ་གྲོང་ཁྱེར་གྱི་སྲང་དབར་རེར་ན་ཤོག་སྒོར་གྱི་རུལ་དྲི་ལ་ལུས་ལང་ཚོ་ཕུལ་ཐུབ་པའི་བུད་མེད་མང་བོ་ཞིག་དུས་རབས་འདིའི་མདུན་ཐོན་སྐྱེད་བྱས་འདུག་པས། དྲང་མོ་དྲང་རྐྱང་གི་བཤད་ན་ངའི་ཡིད་སེམས་ཀྱི་རྩིག་ལྡེབས་ངོས་སུ་ལྷང་ལ་ངེར་བའི་བོད་ཀྱི་བུད་མེད་ཅིག་གི་སྐད་ཆ་གསོན་ཉམས་ལྡན་པ་འདི་འདྲ་ཞིག་བཤད་ཡོད་རེད་ཅེས་པའི་བག་ཆགས་ཙམ་ཡང་མི་འདུག
རྩོམ་རྩལ་ནི་འགྱུར་ཁུག་ཅིག་དང་། དེས་བསྐྱེད་ཡོང་བ་ནི་བསམ་གཞིགས་ཀྱི་ན་ཟུག་ཡིན། དེ་དུས་མི་རྣམས་གཞི་ནས་སད་འགོ་རྩོམ་སྲིད་པས། མཐུད་འབྲི་ནི་གཉིད་སློང་གི་དུང་བརྡ་ཅིས་མ་ཡིན།
གྲོགས་པོ། ཕྲན་ཁོ་བོའི་སེམས་ལ་རུམ་ཡོད་པའི་ན་ཟུག་ཁ་ཤས་འདི་ལྟར་དབྱངས་གསལ་སོ་བཞིའི་ཚེ་སྲོག་ལ་བརྒྱུས་ནས་མི་ཡུལ་ལ་བསློངས་རྩིས་ཡོད།
ནམ་གུང་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་བཀླགས་པ་ཡིན། གཉིད་མི་ཁུགས་པའི་སློབ་གྲྭའི་འཚོ་བ་དྲན་པ་ཞིག་རེད།
རྩོམ་ཡག་པོ་ཡག་པོ་ཞིག་བྲིས་འདུག ༼དུས་འདིར་རྒྱ་དམར་དང༌། ཐོབ་ཐང༌། ཞེས་པའི་ཐ་སྙད་འདི་དག་གི་ཁྱབ་ཁུངས་སུ་འཚོ་གནས་བཅའ་བའི་མི་ཞིག་ཏུ་གྱུར་སོང༌།༽ ༼སྤྲདྲཔྲཎ༽ཡིག་གཟུགས་འགྱུར་ས་ཡིན་ཤག་ཀྱང་མི་གོ་གི
ཕྲན་ཁོ་བོའི་སེམས་ལ་རུམ་ཡོད་པའི་ན་ཟུག་ཁ་ཤས་འདི་ལྟར་དབྱངས་གསལ་སོ་བཞིའི་ཚེ་སྲོག་ལ་བརྒྱུས་ནས་མི་ཡུལ་ལ་བསློངས་རྩིས་ཡོད།
གྲོགས་པོ་བཟང་བོ། ངས་དུས་ཡུན་རིང་བོ་རིང་བོ་ཞིག་གི་རྗེས་ནས་འདི་ལྟ་བུའི་ལེགས་རྩོམ་ཞིག་ཀློག་སྐལ་ལྡན་བྱུང་། འདི་ནི་ང་ལ་མཚོན་ན་རྨ་བྱའི་འབྲུག་སྒྲ་ཐོས་པ་ཅི་བཞིན་རང་གི་སྙིང་གི་གྲོགས་པོ་ཞིག་གི་རྩོམ་ཡིག་ཀློག་སྐལ་བྱུང་བའི་དགའ་ཚོར་ངོ་མ་དེ་ཡིན། དེ་བས་ཀྱང་ཁྱོད་ཀྱིས་བྲིས་པའི་རྩོམ་ཡིག་འདི་དངོས་གནས་ཧ་ཅང་ཡག་པོ་འདུག
སྐབས་འདིར་ལེ་བརྡ་ཞིག་ཀྱང་བྱེད་འདོད་དེ། འདི་ལྟ་བུའི་རྩོམ་ཡིག་ཅིག་འབྲི་ཤེས་བཞིན་དུ་ད་དུང་སྨྱུ་གུ་ཤོག་ཐོག་ཏུ་མི་འཛུགས་པར་དུས་རྒྱུན་ལྷོད་གཡེང་དུ་འགྲོ་བཞིན་པར་བསམ་དུས་ཕང་སེམས་ཤིག་དང་། ཁྱོད་ཀྱི་སྒྱིད་ལུག་གི་གཤིས་དེར་ཁོང་ཁྲོ་ཡང་ཅུང་ཙམ་ཟོས་ཡོང་། དེ་ཙམ་ལགས།
རྩོམ་ཡིག་འདི་ཕྲན་གྱིས་གཉེར་གྱིན་པའི་གཞོན་ནུའི་འགྱུར་ཁུགས་ཀྱི་རྩོམ་རིག་ལེན་ཚན་དུ་འདྲེན་བཀོད་བྱས་ཟིན་པས་དེ་དོན་དགོངས་འཇགས་ཡོང་བ་ཞུ་ཞུ།
གྲོགས་ཨ་རིག་ལགས། ངས་སྙིང་ཁམས་ཀྱི་འཕར་ལྡིང་འཇགས་མེད་པས་མུ་མཐུད་དེ་སེམས་ཀྱི་ན་ཟུག་ཁ་ཤས་དབྱངས་གསལ་སོ་བཞིའི་སྲོག་ལ་བརྒྱུས་ཏེ་མི་ཡུལ་ལ་གདོང་དངོས་གནས་ཤིག་གཏོང་འདོད་ཡོད། གོ་སྐབས་འདིར་བརྒྱུད་ནས་ཁྱེད་ཀྱིས་གཙོ་སྒྲུབ་བྱེད་ཀྱིན་པའི་གཞོན་ནུའི་འགྱུར་ཁུགས་ཞེས་པའི་དྲ་བ་དེ་མིག་གི་སྤྱོད་ཡུལ་དུ་བྱུང་བའི་དགའ་བའི་མྱོས་ཡོད།
འདི་གའི་རྩོམ་སྒྲིག་པ་ལགས་སུ་
ཁྱེད་ཀྱིས་མིང་དང་གློག་ཕྲིན་ཁ་བྱང་རང་འཇགས་སུ་སྤྱད་ཚེ། ཁྱེད་ཀྱི་མཆན་བུ་ཐོག་མ་ལ་དག་མཆན་ཐོབ་རྗེས། མཆན་བུ་རྗེས་མ་རྣམས་དག་མཆན་ལ་སྒུག་མི་དགོས་པར་རང་བཞིན་དྲྭ་དེབ་ཏུ་འཁོད་འགྲོ་བ་བཅས་གསལ་འདུག་ཀྱང་། ཁོ་བོས་དེ་སྔོན་མཆན་བུ་ཞིག་བཏབ་མྱོང་མོད་ད་ལྟ་འགྲོ་ཡི་མི་འདུག་པའི་རྒྱུ་རྐྱེན་ལམ་སྟོན་ཞིག་ཡོང་རེ་ཆེ།།
ཁྱེད་ཀྱི་རྩོམ་ཡིག་དེ་བཀླགས་པ་ཡིན་ལ། ང་རང་ཀློག་བཞིན་པའི་སྐབས་སུ་སུ་ཇ་སློབ་གྲྭའི་སློབ་ཟུར་ཡིན་པའི་ངའི་གྲོགས་པོ་ཞིག་གིས་ཁྱེད་དང་འབྲེལ་བའི་སྒྲུང་གཏམ་འགའ་ཡང་བཤད་བྱུང། སྒྲུང་གཏམ་གཅིག་ནི་ཐེངས་གཅིག་བགྲོ་གླེང་སྐབས་སུ་སློབ་སྤྱི་སོགས་འགན་འཛིན་མ་སླེབས་པར་བརྟེན་ནས་ཁྱེད་ཀྱི་བཀའ་སྐྱོན་བཏང་བའི་གནས་ཚུལ་འདུག ངོ་མ་ཁྱེད་རང་བཤད་ཕོད་པ་དང་། བསམ་ཕོད་པ་ཞིག་པ་ཡིན་བཟོ་འདུག
རེད་གོང་གི་བསམ་བློ་བ་ཆེན་་པོ་ཟམ་གདོང་དང་་ཀླུ་མཁར་་ལྗང་བུ་སོགས་བགྲང་བ་རང་གི་འདོད་པ་ཡིན་རྒྱུ་རེད་ཁག་མི་འདིག་ཕྲན་ཀྱི་བསམ་པར་ནི་།སྔོན་འདང་ཞིག་བརྒྱབ་ན་ཟམ་གདོང་ནི་སྔོན་གྱི་རྡོ་སྤིས་ཤེར་རབ་དང་ཀླུ་བྱམས་དཔེ་ནི་ད་དུང་རྙེད་མ་སོང་། ལྗང་བུ་ནི་གནས་སྐབས་ཙམ་རེད་སྙམ་།དགེ་ཆོས་དང་ཞྭ་སྒབ་པ་ལྟ་བུའི་རྣམ་དཔྱོད་རྟོགས་མི་འདུག་་ ད་དུང་ཚིག་སྦྱོར་བདག་དཔེ་ཚོགས་ལ་ལད་མོ་བྱས་ཀྱང་
ཚིག་དོན་གཉིས་ཀ་ནས་བདེན་པའི་སྤྱན་མིག་མི་འདུག
ཀླུ་འབྱམས་དགེ་འདུན་ཆོས་འཕེལ་བྱེད་ན་ག་འདྲ་འདུག
སྐྱབས་ཆེན་ལགས་ཀྱིས་སྙན་ངག་གསར་བའི་ཐད་བཞག་པའི་ལག་རྗེས་གླེང་རྒྱུ་མེད་པ་འདྲ། སྒྲུང་གཏམ་ནི་བཀྲ་ཤིས་ཟླ་བའི་སྒྱུ་འཕྲུལ་རང་ལུགས་ཀྱི་འབྲི་ཐབས་བོད་ཡིག་ནང་སྤྱད་པ་དང་། དཔྱད་བརྗོད་(དོན་དངོས་སུ་ལྷུག་རྩོམ་གྱི་ཁྱབ་ཁོངས་སུ་འགྲོ་)ཀྱི་ཐད་ནས་རྒྱ་ནག་གི་ཚིག་རྫོབ་ལུགས་(ཚིག་གི་སྤྲོས་པ་ཤུགས་ཆེན་པོ་བཀོལ་ཏེ་ཀློག་པོ་རྣམས་ལ་ནན་ཏན་གྱི་གཤིས་ཀ་སྤྲོད་པ་ཞིག་ལ་ཟེར། )ནང་འདྲེན་བྱས་ཏེ་བོད་ལ་མཚོན་ན་རྣམ་པ་གསར་བ་ཞིག་བྱས་ཡོད། དེའི་རྐྱེན་གྱིས་མི་རབས་གསུམ་པའི་རྩོམ་པ་པོའི་ཁྲོད་དུ་སྙན་ངག་གསར་རྩོམ་དང་སྙན་ངག་ལུགས་གསར་གསར་རྩོམ་གྱི་གཟེངས་རྟགས་དེ་སྐྱབས་ཆེན་ལ་མ་ཐོབ་པར་མདའ་བཙན་པོ་ལ་ཐོབ་ཡོད། འདི་རྫུན་གཏམ་མ་རེད། དོན་དངོས་རེད།
ཀླུ་བྱམ་ལ་དགེ་ཆོས་ཀྱི་མཁྱེན་དཔྱོད་རྒྱ་ཆ་བཅུ་ཡང་མེད་ན་ཀླུ་བྱམ་དགེ་ཆོས་ཇི་ལྟར་བྱེད་དགོས་སམ།
རྩེད་མཚར་ཞིག་བཤད་ན་ཐེངས་ཤིག་ལ་ལོན་ཏྲོན་ནས་ཁམས་པའམ་བོད་ཀྱི་དགེ་རྩ་ཚོགས་པའི་ལས་མི་
ཁ་ཤས་ཀྱིས་ང་ལ་འདྲི་བ་འདི་བཏང་སོང་་་དཔལ་ལྡན་རྒྱལ་དང་དགེ་ཆོས་གཉིས་ལ་བོད་ཡིག་གི་ཡོན་ཚད་
འདྲ་འདྲ་མ་རེད་དམ་ཞེས་སྒྲུབ་བྱེད་ཕ་ཡུལ་རེབ་སྐོང་གིས་བསྒྲུབས་་ངས་དེའི་ལན་ཏུ་རེད་རེད་ཅེས་པའི་
ཚིག་འདི་ཙམ་དང་ལག་པས་རང་གདོང་སྤེད་ནས་རེད་རེད་ཡང་བསྐྱུར་ཟེར་དགོས་
ཟམ་གདོང་བླ་མ་ནི་བརྒྱ་ཁ་གཅིག་གཅོད་བྱེད་མཁན་གྱི་བླ་རྒན་ཞིག་རེད་དེར་བརྟེན་ཁོ་པས་བཤད་པའི་རྨང་གཙོ་ནི་རྫུན་མ་རྫུན་རྐྱང་ཡིན།