བོད། ལྷ་ྐླུ་གཉན་གསུམ།
མི་ཚོས་རྫུན་ཟེར་དུས་གཞན་གྱིས་བཤད་པ་ལས་རང་གིས་རང་ལ་རྫུན་བཤད་ཀྱི་ཡོད་མེད་ཐད་དུ་བསམ་བློ་གཏོང་གི་ཡོད་པ་རེད་དམ། འོན་ཀྱང་། ངས་རང་གིས་རང་ལ་རྫུན་བཤད་པའི་བསྐོར་ཞིག་ཤེས་ཀྱི་ཡོད། རྫུན་འདིས་ང་རང་ལ་ཐེངས་ཅི་ཙམ་ལ་མགོ་བསྐོར་བཏང་བ་ཡང་རང་གིས་ཤེས་ཀྱང་ད་དུང་འགྱུར་བ་ཞིག་གཏོང་མ་ཐུབ།
རྫུན་འདི་ཅི་ལྟར་རང་གིས་རང་ལ་བཤད་པ་རེད་ཟེར་ན། ང་རང་ནི་དུས་རྒྱུན་དུ་ཐ་མག་འཐེན་རྒྱུས་གོམ་གཤིས་ངན་པ་ཞིག་ཆགས་ཡོད་པ་དེ་དང་འགྲོག་ནས་བཤད་པ་རེད། ངས་རང་གི་མི་ཚེ་ནང་དུ་ཐ་མག་འཐེན་པའི་གྲངས་ཀ་ནི་གཏན་ནས་རྩིས་ཀྱི་མི་ལོངས་པ་ཡིན་ལ། ངས་ད་ནི་ཐ་མག་གཅོད་མཚམས་འཇོག་དགོས་ཟེར་ནས་རང་གི་རང་ལ་བཤད་པའི་གྲངས་ཀ་ཡང་རང་གི་སེམས་སུ་དྲན་གྱི་མི་འདུག ངས་ཐེངས་མང་བོར་རང་གིས་རང་ལ་འདི་ལྟར་བཤད་པ་ཡིན། ད་ནི་ཁྱེད་རང་གིས་ཐ་མག་འཐེན་མཚམས་བཞག་ན་རེད། གཅིག་ནས་ཁྱེད་རང་གི་འཕྲོད་བརྟེན་ལ་གནོད་ཀྱི་ཡོད་པ་ནི་ཤེས་གསལ་རེད། གཉིས་ནས་ཡོང་བབ་ཉུང་བས་སྐབས་འདི་འདྲ་ཞིག་ལ་ཐ་མག་ཉོ་བྱེད་ཀྱི་དངུལ་གྱང་དཀའ་ལས་ཁག་པོ་ཆགས་ཡོད་པ་རེད། གསུམ་ནས་ཁྱེད་རང་གིས་ཐ་མག་འཐེན་པ་ལས་ཁ་ལག་ཡག་པོ་རེ་ཟོས་དེ་གཟུགས་པོའི་བདེ་ཐང་ལ་འགན་ལེན་བྱེད་ཐུབ་ན་ག་འདྲའི་ཡག་པོ་མི་འདུག དེ་བས་ག་ལ་ཚད། ཁོང་གིས་ཀྱང་དུས་རྟག་དུ་དེང་སང་གཞོན་སྐྱེས་མང་བོ་ཞིག་གིས་ཐ་མག་འཐེན་པ་དང་ཆང་འཐུང་། ཤོ་རྒྱག་པ་སོགས་བྱེད་མཁན་མང་བོ་ཞིག་ཡོད་པ་དེ་དག་ནི་དངོས་ནས་ཡག་པོ་མ་རེད། དེ་ཚོས་རང་གི་འཕྲོད་བརྟེན་དང་འཚོ་བའི་ཁྲོད་དུ་འགན་ལེན་བྱེད་ཕྱོགས་བསྐོར་ལ་འཐུས་ཤོར་གཏོང་བཞིན་ཡོད་པའི་བསྐོར་གྱི་བཀའ་སློབ་ཀྱང་རང་གིས་མང་བོ་ཐོས་མྱོང་ཡོད་པ་རེད། འོན་ཀྱང་། དེ་དག་ཐོས་ཐེངས་རེར་རང་གིས་རང་ལ་ད་ནི་ངས་ཐ་མག་འདི་གཅོད་རྒྱུ་ཡིན་ཟེར་ནས་ཐ་མག་འཐེན་མཚམས་བཞག ཉིན་མ་མང་བོ་ཞིག་འགྲོ་མི་དགོས་པར་སླར་ཡང་ཐ་མག་འཐེན་རྒྱ་ཇེ་མང་དུ་སོང་། དྲིན་ཆེན་ཕ་མས་ཀྱང་ཐ་མག་མ་འཐེན་ཟེར་དུས། ཁྱེད་ཀྱིས་ལགས་སོ་ཟེར་ནས་ཕ་མའི་རིག་ས་ནས་ཐ་མག་གཏན་ནས་མ་འཐེན། ཡིན་ཡང་། ཕ་མས་མི་མཐོང་སར་ཁྱེད་ཀྱིས་ཐ་ཐག་འཐེན་རྒྱུར་མང་དུ་བཏང་། ཐ་མག་ཅི་ཙམ་མང་བོ་འཐེན་པ་དེ་ཙམ་གྱིས་ཁྱེད་རང་གི་རྒྱབ་གཞུང་ལ་ན་ཟུག་ཇེ་མང་དུ་སོང་། ཡིན་ཡང་། ཁྱེད་ཀྱིས་སྣང་མེད་དུ་བཞག སྐབས་དེ་འདྲ་ཞིག་ལ་ཁྱེད་རང་གི་འཚོ་བ་འགྱུར་ལྡོག་སོང་དེ། ཐ་མག་ཞིག་ཉོ་རྒྱུའི་དཀའ་ངལ་མེད་པར་སོང་། དེ་དུས་ཁྱེད་ཀྱིས་རང་གིས་རང་ལ་འདི་ལྟར་བཤད་དེ་ནི་སྒོར་མོའི་གནད་དོན་གཅིག་བུ་མ་རེད། ད་ནི་ངས་དངོས་ནས་ཐ་མག་འཐེན་མཚམས་བཞག་ནས་རང་གི་འཕྲོད་བརྟེན་ལ་འགན་ཞིག་ལེན་ཟེར་ནས་ཐ་མག་འཐེན་མཚམས་བཞག ཟླ་བ་ཁ་ཤས་ཤིག་སོང་། ཡང་ཁྱེད་ཀྱིས་ཐ་མག་རྨི་ལམ་དུ་རྨིས་པ་གྲངས་ཀ་མེད། དེ་ལྟར་ཁྱེད་ཀྱིས་བཟོད་བསྲན་བྱས། ཟླ་ངོ་ཁ་ཤས་ཤིག་གི་རིང་དུ་ཁྱེད་རང་གི་ཐ་མག་བཞག་པས་ཁྱེད་ཀྱིས་གཟུགས་པོའི་འཕྲོད་བརྟེན་ཡང་མངོན་གསལ་དོད་པོའི་ཡག་དུ་སོང་།
ཐ་མག་འཐེན། ཟླ་ངོ་ཁ་ཤས་ཀྱི་རྗེས་སུ་ཁྱེད་ཀྱིས་རང་གིས་རང་ལ་རྫུན་བཤད་པ་ཤེས་ཀྱང་། མུ་མཐུད་དུ་ཁྱེད་རང་གིས་རང་གིས་རང་ལ་རྫུན་བཤད། ད་ག་ལེར་མཚམས་འཇོག་བྱེད་ཆོག ཐ་མག་གི་རིན་གོང་དེ་དག་བསགས་ནས་བྱ་བ་བཟང་བོ་ཞིག་བྱེད་བསམ་སྐྱེ། དེ་ཡང་བསམ་པ་ཙམ་ལས་དོན་ཐོག་དུ་མ་ཞོག ཡང་སྙིང་རང་གིས་རང་ལ་འདི་ལྟར་རྫུན་བཤད་དེ་རང་གིས་རང་ལ་མགོ་བསྐོར་ཐེངས་ཇི་ཙམ་ལ་བཏང་བ་དེ་ལྟར་དུ། ཁྱེད་རང་གིས་ཐ་མག་འཐེན་པའི་གྲངས་ཀ་མང་དུ་བྱིན། མིས་ཁྱེད་རང་གི་ཐ་མག་མཚམས་འཇོག་བྱེད་ཆོག་ཟེར་ནས་བཤད་ན་ད་སུ་ཡང་ཁྱེད་རང་ལ་ཡིད་ཆེས་བྱེད་མཁན་མེད་པར་གྱུར། རྒྱུ་མཚན་ནི་ཁྱེད་རང་གིས་རང་གིས་རང་ལ་སྐྱག་རྫུན་བཤད་པའི་གྲངས་ཀ་མང་དྲགས་པས་མ་ཡིན་ནམ། ད་དུང་ཡིན་ན་ཡང་། ཁྱེད་ཀྱིས་ཐ་མག་གཅོད་འདོད་ཡོད་ཟེར་ནས་རང་གིས་རང་ལ་བཤད། སྐད་ཆ་དེ་ནི་ཡང་སྙིང་བདེན་པ་ཡིན་ནམ། ཁྱེད་ཀྱིས་རྨི་ལམ་ནང་གི་སྐྱབས་མགོན་ཡང་ངུས་དེ་སྐད་ཆ་གཅིག་གྱང་ཁྱེད་རང་ལ་མ་བཤད་པ་དེ་ག་རེ་ཡིན་ན། ཁྱེད་རང་གིས་རང་གིས་རང་ལ་བཤད་པའི་སྐྱག་རྫུན་བཤད་པ་མང་དྲགས་པས་ཡིན་ནམ། ཨོ་རེད། མཐར་ཐུག་ན། ཁྱེད་རང་གིས་ཐ་མག་གཅོད་མི་ཐུབ་པའི་གནད་འགག་གང་ལ་ཐུག་ཡོད་པ་རེད་དམ། ཡང་ན། ཁྱེད་རང་རྫུན་བཤད་རྒྱུར་དགའ་བའི་མི་ཞིག་ཡིན་ནམ། ད་དུང་། ག་ཚོད་བར་དུ་ཁྱེད་རང་གིས་རང་ལ་སྐྱག་རྫུན་བཤད་སྲིད་དམ། དོན་དངོས་ཐོག་མ་ཐག་གིས་ཁྱེད་རང་ལ་ཕན་ཐོག་ག་རེ་བྱེད་ཀྱི་འདུག་གམ།
བཅོས། དོན་དངོས་ཐོག་ཁྱེད་རང་ལ་ཐ་མག་གིས་ཕན་ཐོག་ག་རེ་བྱེད་ཀྱི་འདུག་གམ།
བུ་རྒོད་པོ། ཐ་མག་འདི་དངོས་གནས་དུག་རེད། སྐུ་ཉིོད་ཀྱི་ཉམས་མྱོང་དང་རྩོམ་ཡིག་འདིས་ཐ་མག་གིས་འཚོ་བའི་མི་རྣམས་ལ་བསླབ་བྱ་ཞིག་ཐེབས་པའི་རེ་བ་དང་ཡིད་ཆེས་ཡོད།