—-ལ་རྩེའི་ཇ་ཁང་གི་གདན་ཞུའི་གླེང་སྟེགས་ལས།
ཨ་འཇམ་གྱིས་ཡི་གེར་བཀོད།
ཡ་ལ་རྩེ་ཇ་ཁང་གི་ཇ་གྲོགས་རྣམ་པ་ཟེར་ན་འདྲ། ཚོགས་མི་རྣམ་པ་ཟེར་ན་འདྲ། དྲ་གྲོགས་རྣམ་པ་ཟེར་ན་འདྲ། ལྷན་རྒྱས་སྐུ་ཁམས་བཟང་། བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ངའི་མིང་ལ་རྡོ་རྗེ་ཚེ་རིང་ཟེར་གྱི་ཡོད། སྨྱུག་མིང་ཟེར་ན་རྩོམ་འབྲི་དུས་ལྗང་བུ་ཞེས་སྤྱོད་བཞིན་ཡོད། དེ་རིང་ངས་ཇ་ཁང་ནང་ལ་ཁ་བརྡ་འདི་བྱེད་དོན་ནི་ཕལ་ཆེར་ཟླ་བ་གཉིས་ལྷག་གི་སྔོན་དུ་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་རྒན་པད་མ་འབུམ་ལགས་དང་། བཀའ་མོལ་ཞུ་བའི་དུས་ཚོད་ཅིག་བྱུང་བའི་སྐབས་སུ། སྤྱིར་བཏང་གི་ཁ་བརྡའི་ཁྲོད་ནས་དེ་རིང་གི་བརྗོད་གཞི་འདི་ཉིད་ཐོན་ཡོང་དུས། རྒན་པད་མ་འབུམ་གྱིས། ཨོ་དེའི་སྐོར་ལ་སྐད་ཆ་ཞིག་བཤད་ཐུབ་ན་རིན་ཐང་ཡོད་པར་འདོད་ཅེས་བཤད་བྱུང་། སེམས་ཤུགས་སྤྲད་པ་ཟེེར་ན་འདྲ། སྐུལ་འདེད་བྱེད་པ་ཟེར་ན་འདྲ། དྲན་གསོས་པ་ཟེར་ན་འདྲ། དེ་འདྲ་ཞིག་བྱུང་ནས་སྐབས་དེར་ངས་ཁས་བླངས་པ་ཡིན། འོན་ཀྱང་། དེའི་རྗེས་ལ་ཡང་སྤྱིར་བཏང་འཇིག་རྟེན་འཁོར་བའི་ཅོལ་ཆུང་གི་ལས་ཟེར་ན་འདྲ།
དེ་ནས་རང་ཉིད་ཀྱི་གཤིས་ཀ་སྒྱིད་ལུག་ཡིན་པ་སོགས་རྐྱེན་དུ་མའི་དབང་གིས་ད་བར་དུ་ལུས་སོང་བ་རེད། དང་བོ་དུས་ཆད་བཟོས་བ་ནི་སྤྱི་ཟླ༦ ཚེས༨ སྔོན་ལ་སྐད་བསྐུར་དགོས་མོད། དེ་རིང་བར་དུ་ལུས་སོང་བས་ཉིན་གསུམ་བཞི་ཙམ་དལ་འགོར་བྱས་པས། ཕལ་ཆེར་ལ་རྩེའི་ཇ་ཁང་གི་འཆར་ཅན་གྱི་མཛད་རིམ་ཡང་གནོད་པ་ཅུང་ཟད་ཐེབས་པ་འདྲ་བས། རྒན་པད་མ་འབུམ་གཙོ་བྱས་པའི་ཇ་ཁང་དོ་དམ་དང་འགན་འཛིན། དོ་དམ་པ་རྣམས་ལ་ཐུགས་རྒྱལ་མ་བཞེངས། དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན།
ཡ་ད་རུང་དེ་རིང་བརྗོད་བྱ་ཅི་ཞིག་ཡིན་པ་བཤད་ཡོད་པ་མ་རེད། འདི་ཅི་ཞིག་རེད་ཟེར་ན། སྐུ་ཞབས་དོན་གྲུབ་རྒྱལ་ཏེ་ཡོངས་གྲགས་ཀྱི་སྨྱུག་མིང་ལ་རང་གྲོལ་གྱི་སྙན་རྩོམ་ངས་ཧ་གོ་བ་ཡིན་ན། ཁོང་གི་མི་ཚེ་ནང་གི་རང་མོས་ཀྱི་ཚུལ་དུ་བྲིས་པ་ཕལ་ཆེར་མཐའ་མ་ཡིན་སྲིད་པ་འདྲ། འདི་ན་ཡང་དྲག་ཏུ་མཆོངས་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག ཅེས་པའི་སྐོར་ལ་ཕྱོགས་གཅིག་ནས་ང་རང་སྙན་ངག་འདི་ཁ་ཚང་གྲུབ་པའི་རྒྱུ་དང་རྐྱེན་དང་། དེའི་གོ་རིམ་ཆ་ཚང་ལ་ཆ་རྒྱུས་ཡོད་པ་དེའི་ངོས་ནས་གཅིག་བྱས། གཉིས་ནས་སྙན་ངག་འདི་ཡང་ང་རང་སྒེར་ལ་འབྲེལ་བ་ཏོག་ཙམ་ཡོད་པ་གཉིས་བྱས། གསུམ་ནས་དོན་གྲུབ་རྒྱལ་གྱི་ཕྱོགས་ལ་མི་སྒེར་གྱི་ངོས་ནས་འབྲེལ་བ་ཅུང་ཟད་ཡོད་པ། རྒྱུས་ཅུང་ཟད་ཡོད་པ།
དེ་དག་གཞིར་བཞག་གིས་དེ་རིང་གི་སྐད་ཆ་འདི་འཆད་རྒྱུའི་འགོ་ཚུགས་པའམ་གླེང་སློང་བ་དེ་ཡིན། ད་འདི་བཤད་ནས་ཡོང་ན་དེ་ཡང་སྔོན་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ན་ཟེར་ན། ཨ་ཡ་དེ་ཡང་ཅིག་རིང་འདུག ད་ཕལ་ཆེར་འདི་ཧ་ཅང་སྔ་བོ་རེད། ལོ་སུམ་ཅུ་ཐམ་པའི་སྔོན་རེད། ༡༩༨༥ ལོ་སྟེ་དོན་གྲུབ་རྒྱལ་དགོངས་པ་རྫོགས་པའི་ལོ་ཡང་རེད། སྐབས་དེའི་ཕལ་ཆེར་སྤྱི་ཟླ༦ ནས་ཟླ༧ཟླ་མཇུག་བར་དུ་སྐབས་དེར་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་ཞེས་པའི་འོག་ཏུ་བོད་ཀྱི་སྐད་ཡིག་ལས་དོན་གཞུང་ལས་ཁང་ཞེས་པའི་འགན་འཛིན་འཕྲིན་ལས་ཞེས་ཕ་ཡུལ་ཁྲི་ཀ་ནས་ཡིན་པ་དེ་དང་། མཚོ་སྔོན་གྱི་རྩོམ་པ་པོའི་མཐུན་ཚོགས་ཟེེར་བ་དེའི་ནང་ན་ཕལ་ཆེར་སྐབས་དེའི་འགན་འཛིན་ཡང་ཡིན་ཚོད་ཡོད།
སྦྲང་ཆར་རྩོམ་སྒྲིག་པའི་འགན་འཛིན་འགྱུར་མེད་སོགས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ལ་སྐབས་དང་བོའི་བོད་ཀྱི་རྩོམ་པ་པོའི་སྦྱོང་བརྡར་འཛིན་གྲྭ་ཞེས་པ་ཞིག་བཙུགས་པ་རེད། དེའི་ནང་ལ་མཚོ་སྔོན་ཞིང་ཆེན་གྱི་ཁོངས་ལ་གཏོགས་པའི་གྲོང་ཁྱེེར་དང་བོད་ཀྱི་རང་སྐྱོང་ས་ཁུལ་དྲུག་ནས་ཕལ་ཆེར་ན་གཞོན་ཡིན་པའི་རྩོམ་རིག་ལ་དགའ་བ་ཡང་རྩོམ་རིག་ཅུང་ཟད་སྤེལ་མྱོང་བ་སྐོར་ཞིག་བརྡ་བརྒྱབ་སྟེ་སློབ་སྦྱོང་འཛིན་གྲྭ་ཞིག་བཙུགས་ཏེ། དེའི་ནང་ལ་གཙོ་བོ་རྩོམ་རིག་སྐོར་གྱི་ཤེས་བྱ་སློབ་ཁྲིད་བྱ་རྒྱུ་ཞིག་རེད།
སྐབས་དེར་ཕྱི་ནས་དགེ་རྒན་གདན་འདྲེན་ཞུས་ཡོད་པ་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གཞོན་པའི་འགན་ཁུར་བའི་ཨ་ལགས་དོར་ཞི་གདོང་དྲུག་སྙེམས་པའི་བློ་ལྡན་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་གི་དགེ་རྒན་ཆེན་མོ་སངས་རྒྱས་ཟེར་བ་གདན་འདྲེན་ཞུས་འདུག སྐབས་དེ་དུས་ཨ་ལགས་དོར་ཞི་དངོས་གནས་བཤད་ན་ཡོངས་གྲགས་སུ་གཞོན་ནུ་རྣམས་ཀྱིས་དང་ལེན་བྱེད་ཐུབ་པ་དང་། ངོས་ལེན་ཡོད་པ། དགའ་བསུ་ཡོད་པ། དུང་བ་ཡོད་པ། སྐབས་དེ་དུས་བོད་ཀྱི་མཁས་པ་དར་མ་ཞིག་ཏུ་གྱུར་འདུག སངས་རྒྱས་ཡིན་ནའང་། སྐབས་དེར་སྒྲུང་རྩོམ་འབྲི་སྲོལ་སྐོར་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཟིན་པ་དང་། ཁོང་རང་ཉིད་ཀྱིས་ཀྱང་བརྩམས་སྒྲུང་འབྲི་བཞིན་པ་དང་།
བརྩམས་སྒྲུང་འབྲི་སྐབས་མིང་ལ་རིག་འཛིན་ཞེས་ཟེར་གྱི་འདུག ཕྱི་རྒྱལ་བརྩམས་སྒྲུང་ཐུང་བ་དང་རྒྱ་ནག་གི་བརྩམས་སྒྲུང་ཐུང་བ་དེ་འདྲ་གྲགས་ཆེན་བོད་ཡིག་ཏུ་བསྒྱུར་ཡོད་པས། ཁོང་ལའང་མཐོང་ཆེན་དང་ཡིད་ཆེས་ཡོད་པ་ཞིག་ཏུ་གྱུར། དགེ་རྒན་དེ་གཉིས་གདན་དྲངས་ཏེ་སློབ་སྦྱོང་འཛིན་གྲྭ་འཚོགས་བཞིན་འདུག སློབ་ཁྲིད་ཀྱི་ཁྲིད་གཞིའི་ནང་དོན་ནི་རྗེས་སུ་ང་ཚོས་མཐོང་ཐུབ་པའི་ཨ་ལགས་དོར་ཞིའི་ཚིགས་བཅད་ཀྱི་ལམ་ནས་རྩོམ་རིག་གི་སྤྱི་ཁོག་ཅིག་(རྩོམ་རིག་ཤེས་བྱ་གནད་བསྡུས )བཤད་པ་དེ་ཐེངས་དང་བོར་སྦྱོང་བརྡར་འཛིན་གྲྭ་འདི་ལ་གྲ་སྒྲིག་བྱས་ཏེ་བྲིས་ཚར་བས་དེའི་སྐོར་དཔེ་ཁྲིད་བྱས་ཏེ་རྩོམ་རིག་ཅེས་པ་ཅི་འདྲ་ཞིག་ཡིན་པའི་སྤྱི་ཁོག་བཤད་པ་དང་། ཅི་ལྟར་འབྲི་བ་དང་།
ཁྱད་ཆོས་གང་ཞིག་ཡོད་པ། མི་རིགས་གཞན་གྱི་རྩོམ་རིག་དང་བོད་རང་གི་རྩོམ་རིག ཐ་ན་དམངས་ཁྲོད་རྩོམ་རིག ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དང་། དེ་བཞིན་ནང་ཆོས་ཀྱི་ནང་གི་རྩོམ་རིག་གི་ཁོངས་སུ་གཏོགས་མ་གཏོགས་ཞེས་པ་སོགས་ཀྱི་རིགས་དཔེ་ཁྲིད་དང་ངོ་སྤྲོད་བྱས་པ་རེད། ཚིགས་བཅད་ཀྱི་རྩོམ་རིག་གཞུང་ལུགས་དེ་ཚར་ནས་ཀུན་མཁྱེན་འཇིགས་མེད་དབང་བོའི་གྲུབ་མཐའ་རིན་ཆེན་ཕྲེང་བ་མགྱོགས་པོར་ཁྲིད་སོང་། དེ་ནས་གསལ་བོ་ཞིག་མི་དྲན་མོད། རྟེན་འབྲེལ་བསྟོད་པ་དཔེ་ཁྲིད་མདོར་བསྡུས་ཤིག་བྱས་པ་རེད། སངས་རྒྱས་ཀྱིས་གཙོ་བོ་དེང་རབས་ཕྱི་རྒྱལ་དང་རྒྱ་ནག་གི་རྩོམ་རིག་ཅེས་པ་ཅི་འདྲ་ཡིན་པ་དང་། བརྩམས་སྒྲུང་ཞེས་པ་ཇི་ལྟར་འབྲི་བ། ལྷུག་རྩོམ་ཞེས་ཇི་ལྟར་འབྲི་བ་སོགས་རྩོམ་འབྲི་སྟངས་ཐད་ཀྱི་ཁྱད་ཆོས་དང་དེའི་རྣམ་པ། དེ་མིན་བརྩམས་སྒྲུང་ཞེས་པའི་ཁུངས་དང་ལོ་རྒྱུས་དེ་ལ་སོགས་པ་གཞན་དག་གསལ་བོ་མི་དྲན་མོད། དེ་འདྲ་ཞིག་འཚོགས་པ་རེད།
སྐབས་དེར་ཡོང་བའི་སློབ་མའི་ནང་ན་ལོ་དར་མ་དང་། ཡང་ན་ཅུང་ཟད་རྒན་པ་ལྔ་བཅུ་ཟིན་མ་ཟིན་གྱི་བར་ཡང་ཕལ་ཆེར་གཅིག་གཉིས་ཤིག་འདུག མང་ཤོས་ནི་གཞོན་ནུ་རེད། སྐབས་དེ་དུས་གཞོན་ནུའི་སེམས་ན་དོན་གྲུབ་རྒྱལ་ཟེར་ན་བོད་ཀྱི་རྩོམ་སྟེགས་སུ་གྲུབ་འབྲས་ཆེ་ཤོས་དང་། བོད་ཀྱི་གཞོན་ནུའི་སེམས་ན་བོད་ཀྱི་རྩོམ་ཡིག་ཚབ་མཚོན་གྱི་མི་སྣ་གཅིག་པུ་ལྟ་བུར་ཆགས་ཡོད་པ་རེད། དེ་ནས་འཛིན་གྲྭ་འཚོགས་ཡོང་དུས་དགེ་རྒན་དེ་གཉིས་ཡོད་པ་ཧ་གོ་ནས། ཨ། ད་རེ་དོན་གྲུབ་རྒྱལ་དགེ་རྒན་དུ་གདན་འདྲེན་མ་བྱས་པ་ཅི་ཡིན་ནམ་ཞེས་ཟེར་བ་དང་། རེ་ཟུང་གིས་མི་སྒེར་གྱི་འབྲེལ་ཡོད་པ་དང་ཁོའི་ཀུན་སྤྱོད་སྟེང་ནས་ཆང་འཐུང་བ་དང་སྤྱོད་པ་མི་བཟང་བ། ང་རྒྱལ་ཡོད་པ། གུས་ཞབས་མེད་པ་ལྟ་བུ་དེ་འདྲའི་སྐོར་བཤད་ཀྱི་འདུག རྒྱུ་མཚན་ཅི་ཡིན་མ་ཤེས་མོད། དོན་གྲུབ་རྒྱལ་གདན་དྲངས་མི་འདུག ཡིན་ནའང་། འཛིན་གྲྭ་དེ་བཙུགས་ནས་ཕལ་ཆེར་ཚར་ལ་ཉེ་བའི་སྐབས་ཏེ། ཨ་ལགས་དོར་ཞིས་གྲུབ་མཐའ་རིན་ཆེན་ཕྲེང་བ་འཁྲིད་བཞིན་པ་དེ་འདྲ་ཞིག་རེད།
ཉིན་ཞིག་ལ། དེ་ངས་གསལ་བོ་དྲན་གྱི་འདུག དོན་དག་དེ་ང་རང་གི་མི་ཚེ་ནང་གལ་ཆེན་ཞིག་རེད་བསམ་པས་གསལ་བོ་ཞིག་དྲན་གྱི་འདུག དགོང་མོའི་ཁ་ལག་སྟེ་ནུབ་འཚལ་འཐུང་བའི་སྐབས་ཏེ། ང་ཚོའི་འཚོགས་ས་ནི་སྐབས་དེའི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་ཞེས་པ་དེ་རེད། དེང་སང་ལྟར་ན་མ་རེད་དེ། མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་སློབ་གསོ་སློབ་གྲྭ་ཆེན་མོ་གཉིས་ཁ་ཁ་རེད། ས་ཆ་ཡང་ཁ་ཁ་རེད། སློབ་གྲྭའི་མིང་ཡང་ཁ་ཁ་རེད། སྒྲིག་གཞི་འགན་འཛིན་གང་ཡང་ཁ་ཁ་རེད། འཚོགས་ས་དེ་གཉིས་ལས་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོ་ཞེས་པའི་ནང་ལ་འཚོགས་པ་རེད། སློབ་མ་སྐོར་ཞིག་དབྱར་གནང་གི་གུང་གསེང་བྱིན་པས་སློབ་གྲྭའི་མགྲོན་ཁང་གོང་ཁེ་བོ་ཁང་མིག་འགའ་འདུག་པས་སློབ་སྦྱོང་འཚོགས་ས་ཡང་དེ་གར་བྱས་པ་རེད། ཟ་མ་བཟའ་ས་ཡང་སློབ་གྲྭའི་ཟ་ཁང་ཆེན་པོའི་ནང་དུ་སོང་སྟེ། ནམ་རྒྱུན་སློབ་མ་ལྟར་གྲལ་བསྒྲིགས་ནས་ཟས་ཡིག་སྤྲད་དེ་ཟ་མ་ལེན་གྱི་ཡོད་པ་རེད། ཉིན་དེའི་ཟ་མ་ཅི་ཞིག་ཡིན་པའང་ངས་གསལ་བོ་དྲན་གྱི་འདུག སྒོ་ང་དང་ལྡུམ་སྒོང་ཁུ་བ་དང་། ཕལ་ཆེར་སྔོ་ཚལ་གྱི་ཚོད་མ་ཞིག་ཡོད་པ་དྲན་གྱི་འདུག ཁ་ལག་བླངས་ནས་ཚུར་འོང་དུས་ཟ་ཁང་གི་སྒོ་འགྲམ་ནས་རྒན་སངས་རྒྱས་ལགས་ཀྱིས། ཨོ། ཁྱོད་མི་ཞིག་གིས་འཚོལ་གྱི་འདུག་ཟེར། སུས་འཚོལ་བཞིན་འདུག་ཅེས་དྲིས་པར། ཁོང་དགོད་ཞོར་དུ་ཕར་ལ་བསྟན་པ་ན། ཟ་ཁང་གི་སྒོ་ན་དོན་གྲུབ་རྒྱལ་ལངས་ནས་འདུག དོན་གྲུབ་རྒྱལ་སྐྱེས་བུ་དམ་པ་རེད། མི་ཚང་མ་གྲོགས་པོ་བྱེད་རྒྱུར་དགའ་ནི་རེད། ལྷག་པར་དུ་དམ་པའི་དགོངས་པ་རྫོགས་ཚར་སོང་ནས་རང་རང་གི་གྲོགས་པོ་ཡིན་ཟེར་ནས་འཐེན་འཁྱེར་བྱེད་ནི་རེད། ཡིན་ནའང་། ངེད་གཉིས་གྲོགས་པོ་ཟེར་བ་དེ་འདྲའི་དེ་མེད་མོད། རྒྱུས་ཅུང་ཟད་ཡོད་པ་ཞིག་ཡིན། ང་ལོ་བཅོ་བརྒྱད་བཅུ་དགུའི་སྐབས་དེར་པེ་ཅིན་ལ་རྫས་འགྱུར་རིག་པའི་ཟབ་སྦྱོང་སློབ་གྲྭར་སོང་སྐབས་དོན་གྲུབ་རྒྱལ་སློབ་གྲྭ་དེའི་དགེ་རྒན་གསར་དུ་བྱེད་པའི་སྐབས་རེད། དེ་དུས་ངེད་གཉིས་ཕན་ཚུན་ངོ་ཤེས། འབྲེལ་འདྲིས་ཡོད། ཁ་ལག་ཟོས། སྐད་ཆ་བཤད། མཉམ་དུ་ཆང་ཁང་དང་དེ་འདྲར་སོང་མྱོང་། དེ་ནས་ཁོ་རང་གི་དཔེ་ཁྲིད་ཉན་མྱོང་ཡོད། ད་རྒྱུས་ཡོད་པ་དེ་འདྲ་ཞིག་ཡིན།
དེ་ནས་ཁོ་སླེབས་སོང་། ཁ་ལག་ཨེ་ཟོས་ཞེས་དྲིས་སྐབས་མ་ཟོས་ཟེར། དེ་ནས་ང་ཕྱིར་སོང་ནས་ཁ་ལག་དེ་འདྲ་ཞིག་བླངས་ཏེ་འོང་ནས་མཉམ་དུ་ཟོས། སྐབས་དེར་ངའི་སེམས་སུ། ཨ་ཁ། སྐྱེས་ཆེན་དམ་པ་འདི་འདྲ་ཞིག་ཡོང་ནས་ངས་འདི་ནས་སློབ་གྲྭའི་བྱ་སྒོང་གི་ཁུ་བའི་ཁ་ལག་ཐབས་ཆག་ཅིག་སྤྲད་ནས། དེ་ལྟར་བསམ། བོད་ཀྱི་ལུགས་སྲོལ་ལྟར་ན་མགྲོན་པོ་སྣེ་ལེན་བྱེད་ན་ཁ་ལག་རྒྱས་པ་སྤྲོད་དགོས་པས། དེ་ནས་སེམས་ནས་ཡ་ང་བ་ཞིག་དང་། ཧ་ཅང་མི་བདེ་བ་ཞིག་བྱུང་། ཉིན་དེར་དེ་ལྟར་རྒྱུན་ལྡན་གྱི་ཁ་བརྡ་ཞིག་བྱས་པས། ཁོས། ཁྱོད་འདི་ན་ཡོད་པ་མ་ཤེས་མོད། སངས་རྒྱས་ལ་འཛིན་གྲྭ་འདིའི་ནང་ནས་རྩོམ་རིག་ཤེས་མཁན་སུ་རེད་ཅེས་དྲིས་པས། སངས་རྒྱས་ཀྱིས་ཁྱོད་ངོ་སྤྲོད་བྱས་བྱུང་། ཨ་རོགས། ཁྱོད་འཛིན་གྲྭའི་ནང་ནས་རྩོམ་རིག་ཤེས་ནི་ཞིག་ལ་རྩི་བཞིན་འདུག་ཅེས། ད་རུང་ཁོས་ང་ལ་ཀུ་རེ་རྩེད་ནས་དེ་ལྟར་བཤད། དེའི་རྗེས་ནས་ཨ་ལགས་དོར་ཞི་ལ་དམིགས་བསལ་གྱི་ཁང་མིག་ཁ་ཤས་ཡོད་པ། ནང་ན་བརྙན་འཕྲིན་ཡང་ཡོད་པ་ཞིག་ཏུ་བཞུགས་ཡོད་པ་རེད། ཨ་ལགས་དོར་ཞིའི་སྤྱིར་བཏང་གི་ཞབས་ཕྱི་ཡིན་པ། རྗེས་ནས་བོད་རིག་པའི་ཞིབ་འཇུག་པ་ཆགས་ཡོད་པ་དང་། སྐབས་དེ་དུས་རྫོང་ཞིག་གི་མི་རིགས་སློབ་འབྲིང་གི་སློབ་གཙོ་གཞོན་པ་ཡིན་པའི་ན་གཞོན་ཞིག་ཡོད། ཁོ་ཡོང་ནས་ཨ་ལགས་ཀྱིས་དོན་གྲུབ་རྒྱལ་ཡོང་བ་གོ་འདུག་པས། ཁ་ལག་གྲ་སྒྲིག་ཡོད་པས་ཤོག་ཟེར་གྱི་འདུག་ཅེས་བཤད་བྱུང་། དེ་ནས་དོན་གྲུབ་རྒྱལ་གྱིས་ཁ་ལག་ཟོས་ཟིན་མོད། ཨ་ལགས་ཀྱིས་འབོད་ཀྱི་ཡོད་ན་འགྲོ་དགོས་རྒྱུ་རེད་ཟེར། ངེད་ཅག་ཨ་ལགས་ཀྱི་དེ་གར་སོང་། དེ་ནས་ཨ་ལགས་དང་རྒན་སངས་རྒྱས་ཁོང་ཚོ་ཁ་བརྡ་བྱས། ཁོང་ཚོ་ཕན་ཚུན་ཁ་བརྡ་བྱེད་ཚུལ་ལ་གཞིགས་ན་རྒྱུས་མེད་པ་ཧ་གོ་ཡི་འདུག ཕན་ཚུན་འཚེར་སྣང་ཡོད་པ་འདྲ་བོའི་ངང་རིག་གཞུང་དང་རྩོམ་རིག་སྐོར་མི་གླེང་བར། སྤྱིར་བཏང་གི་འཚོ་བ་དང་ཅི་ཞིག་འབྲི་བཞིན་ཡོད་མེད་སྐོར་སོགས་བཤད་སོང་།
ངའི་ལག་ན་མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་ཡུལ་ལ་སོང་བའི་ཁང་བའི་ལྡེ་མིག་ཡོད། སྔོན་ཏག་ཏག་ལ་དོན་གྲུབ་རྒྱལ་དང་ངེད་གཉིས་ཕལ་ཆེར་དེར་སོང་ནས་འདུག་དགོས་པ་མིན་འགྲོ་ཟེར་ནས་དེ་འདྲ་ཞིག་བཀོད་སྒྲིག་བྱས་ཡོད། དེ་ནས་ཕར་ལ་རྐང་ཐང་དུ་ཆེར་འགྲོ་མི་དགོས། ཨ་རོགས། འུ་གཉིས་ལ་དོན་དག་ཅིག་ཡོད་མོད། ད་འགྲོ་ཞེས་པས། ཡ་ཆོག་གི་ཟེར། དེ་ནས་སྒོར་བུད་དེ་ཡོང་དུས་ང་ཚོའི་སློབ་སྦྱོང་འཛིན་གྲྭར་ཡོད་པ་ཁོ་ཚོའི་ཕ་ཡུལ་གཅན་ཚ་ནས་ཡིན་པའི་ཕ་ཡུལ་གཅིག་པ་ཕལ་ཆེར་གསུམ་ཡོད་པ་ངས་དྲན་གྱི་འདུག དེ་བས་ཀྱང་ཡོད་སྲིད་པ་རེད། སློབ་མ་དེའི་ནང་གི་གསུམ་ནི་ང་རང་རྨ་ལྷོ་དགེ་འོས་སློབ་གྲྭར་འགྲོ་བཞིན་པའི་སྐབས་ཀྱི་སློབ་གྲོགས་རེད། འཛིན་གྲྭ་གཅིག་པ་མ་རེད། ཁ་ཤས་མཐོ་བ་རེད། ཁ་ཤས་དམའ་བ་རེད། ཕན་ཚུན་ངོ་ཤེས་པ་དེ་འདྲ་རེད། དེའི་ནང་ནས་གཉིས་འོང་བྱུང་། གཅིག་གི་མིང་ལ་རྟ་མགྲིན་རྒྱལ་ཟེར། གཞན་པ་དེའི་མིང་ལ་བཀྲ་བྷོ་ཟེར། ངས་གོ་ཐོས་ལྟར་ན་བཀྲ་བྷོ་ནི་དེང་སང་སློབ་གྲྭ་ཆེན་མོ་ཞིག་དགེ་རྒན་རེད་ཟེར། རྟ་མགྲིན་རྒྱལ་གང་ན་ཡོད་མིན་མི་ཤེས། ཁོང་གཉིས་ཀྱིས་དོན་གྲུབ་རྒྱལ་ལ་ཕ་ཡུལ་གཅིག་པ་བསླེབས་འདུག་ཟེར་ནས། དེ་ཚོའི་ཉལ་ཁང་དུ་སོང་། དེ་ནས་ཁ་བརྡ་འདྲ་མི་འདྲ་བྱས། སྤྱིར་བཏང་བོད་པ་ཚོ་མཉམ་དུ་འཛོམས་ན་ཆང་འདྲ་ཉུང་ཙམ་བཏུང་། ཉལ་ཁང་དེ་གར་མལ་ཁྲི་སྟོང་བ་ཞིག་ཡོད་པས་དོན་གྲུབ་རྒྱལ་དེ་གར་ཉལ་སོང་།
ཕྱི་ཉིན་ངེད་ཅག་དཔེ་ཁྲིད་ལ་འགྲོ་དགོས་པས་དོན་གྲུབ་རྒྱལ་ཉལ་འདུག་ཟེར། ཉིན་གུང་སོང་བས་ཕ་ཡུལ་གཅིག་པ་དེ་དག་གིས་ཁ་ལག་གྲ་སྒྲིག་བྱས་འདུག་པས་ཟོས་ཚར་རྗེས། ཁོ་ཨ་རག་ཅུང་འཐུང་འདོད་ཡོད་པའི་ཚུལ་ཞིག་འདུག་སྟེ། འཚེར་སྣང་ཡོད་པའི་ཉམས་ཤིག་བྱུང་བས། ཨ་རག་འཐུང་ངམ་ཞེས་དྲིས་པས། ཨ་རག་འཐུང་ཡ་ཟེར། ཉིན་དེར་ཆར་ཡང་ཅུང་ཟད་འབབ་ཀྱིན་འདུག སློབ་ཆེན་གྱི་ཉེ་འགྲམ་ཞིང་ཁ་ཞིག་བརྒྱུད་ནས་འགྲོ་དགོས་པས། ང་སོང་སྟེ་ཨ་རག་དཀར་པོ་ཤེལ་དམ་གཅིག་དང་ཝུ་ཆང་ཁ་ཤས་ཉོས། དེ་ནས་ངས་ཀུ་རེ་ཡང་ཡིན་པ་ནན་ཏན་ཡང་ཡིན་པའི་སྒོ་ནས། ང་སློབ་མ་ཞིག་རེད། ངས་ཁྱོད་ལ་ཆང་བླུད་ན་ཁྱོད་ཀྱིས་ང་ལ་ཆང་རིན་སྟེར་དགོས་ཨ། ཡིན་གཅིག་མིན་གཅིག་རྩོམ་ཞིག་ཕྲིས་ཞེས། ཤོག་བུ་ཡང་དྲན་གྱི་འདུག་སྟེ། རྒྱ་ཡིག་འབྲི་སའི་གྲུ་བཞི་གྲུ་བཞིར་ཡོད་པའི་ཐིག་ལྗང་ཁུ་ཅན་དེ་འདྲ་ཞིག་དང་སྨྱུ་གུ་ཞིག་བཞག་སྟེ་ངེད་ཅག་དཔེ་ཁྲིད་དུ་བུད་སོང་།
དེ་ནས་ངེད་ཅག་དཔེ་ཁྲིད་ལ་བུད་སོང་། ཕྱི་དྲོ་དེར་ཨ་ལགས་དོར་ཞིའི་དཔེ་ཁྲིད་ཡིན་པའང་དྲན་གྱི་འདུག སློབ་ཁྲིད་གྲོལ་རྗེས་ཨ་ལགས་དོར་ཞིས། དོན་གྲུབ་རྒྱལ་ཕྱིར་སོང་ངམ་ཞེས་དྲིས་བྱུང་། དོན་གྲུབ་རྒྱལ་མ་སོང་བར་ངེད་ཅག་གི་ཉལ་ཁང་འཁྲིས་ཀྱི་ཉལ་ཁང་ཞིག་ཏུ་ཡོད་པར་བཤད་པས། ང་གཅིག་འགྲོ་ཟེར་བཞིན་ངེད་ཅག་སློབ་མ་སྐོར་ཞིག་རྗེས་དེད་ནས་སོང་བས། ནང་ལ་སླེབས་དུས་ཕལ་ཆེར་ཆུ་ཚོད་གཉིས་དང་ཕྱེད་ཙམ་ཡིན་ཚོད་ཡོད། སློབ་ཐུན་གཉིས་ཀྱི་རྗེས་རེད། ང་ཚོ་ཉལ་ཁང་དུ་ཡོང་དུས་ཁོ་ཚོའི་ཕ་ཡུལ་གཅིག་པའི་བུ་མོ་ཞིག་ཡོད་པ་རེད། ང་ཚོའི་འཛིན་གྲྭར་ཡོད་པ་རེད། དོན་གྲུབ་རྒྱལ་གྱིས་རྩོམ་བྲིས་ཚར་ཏེ་ཁོང་གཉིས་ཁ་བརྡ་བྱས་ནས་བསྡད་འདུག ཆང་དང་ཝུ་ཆང་ཡང་བཏུང་ཚར་འདུག
ནང་ལ་སླེབས་མ་ཐག་འདི་རེད། ཆང་རིན་བྲིས་ཡོད་ཅེས་ཟེར། ཡ་འདི་ཅིག་ཀློགས་དང་ཟེར། ང་རང་ཡང་དེ་དུས་ལོ་ཆུང་བ་དང་ཨ་ལགས་དོར་ཞིའི་སློབ་མ་ཡིན་པ་དང་། ངོ་ཚ་ནས་འདོན་རག་མ་ཆོད། སློབ་མ་གཞན་པ་དག་ལ་འདོན་པར་བསྐུལ་ཡང་ངོ་ཚ་དང་གུས་ཞབས་ཡོད་པ་ནི་བོད་པའི་གཤིས་ཀ་རེད་ལ། འདོན་མཁན་མི་འདུག དེ་ནས་ཨ་ལགས་དོར་ཞིས་ཆ་ཚང་ཞིག་བལྟས་ནས་ཕར་བྱིན་པས། ཨ་ཁྱོད་ཚོའི་ནང་ན་འདི་འདྲ་ཞིག་ཀྱང་ཀློག་ནི་མེད་པར་ག་རེ་ངའི་ལག་ཏུ་ཞོག་ཟེར། དེ་ནས་ཁོས། འདི་ན་ཡང་དྲག་ཏུ་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག ཅེས་ཁ་བྱང་བཏོན་ཏེ། དེ་ནས་མར་འདོན་གྱིན་འདོན་གྱིན་དུ་འགྲེལ་བཤད་བརྒྱབ་ནས་དེ་ལྟར་བྱས། རྩོམ་འདི་དང་བོར་གྲུབ་དུས་ཁ་བྱང་གི་འོག་ན་ཁ་བྱང་ཆུང་བ་ཅི་ཞིག་ཡོད་ཅེ་ན། བདག་ལ་བདུད་རྩི་འདྲེན་པའི་གྲོགས་པོ་འགའ་ལ་ཕུལ་བ། ཞེས་པ་དེ་འདྲ་ཞིག་ཡོད། དེ་ནས་ཡང་འདི་ན་ཡང་དྲག་ཏུ་མཆོངས་ལྡིང་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཅེས། དེ་ནས་མཛེས་སྡུག མཚར་སྡུག སྙིང་སྡུག དེ་བཏོན་རྗེས་འདི་ལྟར་འགྲེལ་བཤད་བརྒྱབ་བྱུང་། སྙན་ངག་འདི་འབྲི་སྲོལ་གྱི་སྟེང་ནས་ཚིག་གི་མཐའ་མ་སྒྲ་ཡོང་སྟངས་ལ་རྒྱ་ནག་ལྟར་ན་ཡ་ཡོན་དུ་ཡོན་ཅའོ་ཞེས་ཡོད་མོད།
འུ་ཅག་བོད་ལ་མེད་ཚོད་དུ་འདུག་མོད། དགེ་འདུན་ཆོས་འཕེལ་གྱི་དེའི་ནང་ན་ཤུལ་ཙམ་ཞིག་ཡོད། སྡུག སྡུག སྡུག ཅེས་པ་ནི་ཁོས་བསམ་བཞིན་དུ་བཞག་པ་ཡིན་ཞེས་བརྗོད་པ་དང་། དེ་ནས་མར་བོད་ཀྱི་སྲིད་པ་ཆགས་པའི་ཚུན་ཆད་དུ་ཟེར་བའི་སྔ་མ་ནས་སྤྱིར་བཏང་གི་བོད་མི་རིགས་ཀྱི་ལ་རྒྱ་དང་བླ་སྲོག འདིའི་སྐོར་རེ་རེ་བཞིན་འདོན་བཞིན་འདོན་བཞིན་འགྲེལ་བཤད་རྒྱག་བཞིན་རྒྱག་བཞིན་སོང་། གང་དུ་ཡོད་པ་གསལ་བོ་མི་དྲན་མོད། གོས་སུ་ཤིང་ལོ་གྱོན་པ་ཞེས་པ་ཡང་བོད་འདི་ཡང་འགྲོ་བ་མི་ཐུན་མོང་ནང་བཞིན་སྔ་མའི་ཡ་ཐོག་གི་དུས་དང་ཀླ་ཀློའི་དུས། དེ་ནས་ཤེས་རིག་དར་བའི་དུས་མི་རིགས་གཞན་དང་འདྲ་མཉམ་ཡིན་པའི་འདུ་ཤེས་དེའི་སྐོར་འགྲེལ་བཤད་རྒྱག་གི་འདུག
དེ་ནས་སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་པའི་ཤེས་རིག་དང་དཔའ་རྩལ། སྙིང་སྟོབས་ཆ་ཚང་ཡོད་པའི་སྐོར་ཞིག་བཤད་བྱུང་། སྤྲིན་གྱི་སྒྲ་དབྱངས། པི་ཝང་གི་གླུ་དབྱངས། དྲི་ཟའི་གླུ་དབྱངས། དེ་དག་བོད་ཀྱི་སྲོལ་རྒྱུན་གྱི་ནང་ནའང་ཡོད་པ་དང་། དབྱངས། དབྱངས་ཞེས་པ་འདིའི་རིགས་ཀྱང་གོང་ནས་བཤད་པ་བཞིན་སྙན་ངག་སྟེང་གི་སྒྲ་རྒྱན་རང་མིན་པར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པར་བཤད་རྗེས། ད་དུང་འདི་བཤད་དེ། བསམ་བློ་གསར་བ་ཞིག ལྟ་བ་གསར་བ་ཞིག འདོད་ཚུལ་གསར་བ་ཞིག ལུགས་སྲོལ་གསར་བ་ཞིག སྤྱི་ཚོགས་རིང་ལུགས་སུ་གངས་ལྗོངས་ལ་གདན་འདྲེན་རྒྱུ་ནི་དཀའ་ཚུལ་གྱི་ཚིག་ཅིག་ཡོད་པ་དང་། དམིགས་བསལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ནང་ནས་ལྟ་བ་གསར་བ་དང་བསམ་བློ་ཡོང་རྒྱུ་དཀའ་ཞེས་ངོ་མ་ཡིན་ནམ། ཀུ་རེ་ཡིན། དགོད་ཞོར་དུ་དེ་ལྟར་བཤད་པ་དང་། རུས་སྦལ་གྱི་སྤུ་དང་མཁའ་ཡི་མེ་ཏོག ཅེས་པ་བོད་ཀྱི་སྲོལ་རྒྱུན་གྱི་ཚིག་འདི་བསམ་བློ་གསར་བའི་ནང་ལ་བཞག་ན་ཁྱད་ཆོས་ཤིག་འདུག་ཨ་ཞེས་དེའི་སྐོར་ཞིག་འགྲེལ་བ་བརྒྱབ་བྱུང་།
དེ་ནས་མར་ལ་སོང་ནས་ཞལ་ལྕེ་དགའ་གསུམ་དང་འདར་གསུམ རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་པ་བདེན་དུ་ཆུགས། ཞེས་པ་དེ་མི་རིགས་འདྲ་མཉམ་ཡིན་མིན་དང་ང་ཚོ་དཀའ་ཉོག་ཅིག་འཕྲད་ཡོད་པ་དེ་ནམ་ཉི་མ་ཞིག་ལ་སད་ནི་རེད་ཟེར། དེའི་རྐྱེན་གྱིས་ཞལ་ལྕེ་དགའ་གསུམ་དང་འདར་གསུམ་ཞེས་ལོ་རྒྱུས་དང་སྦྱར་ནས་ཅི་ལྟར་དགའ་བ་དང་ཅི་ལྟར་འདར་ཚུལ་བཤད་བྱུང་མོད། སྐབས་དེ་དུས་ངས་ལོ་རྒྱུས་དེ་གོ་མ་མྱོང་བ་ཞིག་རེད། ཁ་སང་ཁེ་ཉིན་འདི་ནས་བཙལ་བ་ཡིན་ཏེ། ཕལ་ཆེར་མཁས་པའི་དགའ་སྟོན་ཡིན་ཚོད་ཡོད།
ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་མུ་ནེ་མུ་ཏིག་སོགས་ཀྱི་སྐབས་སུ་རྙོག་དྲ་བྱུང་སྟེ་ཞལ་ལྕེ་བཅད་པའི་འབངས་དགའ་བ་དང་རྒྱུ་དགའ་བ།རྒྱལ་བོའི་སྲས་སྤྱུགས་པ་དེ་ལ་སོགས་བརྟེན་ནས་མི་རིགས་ཀྱི་བདེན་ཁ་འདི་མཚམས་ཤིག་ལ་གསལ་འོང་བ་རེད་ཅེས་ཕལ་ཆེར་དེ་འདྲ་ཞིག་བཤད། དེ་ནས་མི་རིགས་ཀྱི་རེ་བའི་རླངས་པ་མཁའ་ལ་འཕྱུར། གངས་ལྗོངས་ཀྱི་ལ་རྒྱའི་སྤྲིན་སྔོན་ལྷོ་ནས་ལྡང་ཞེས་པ་ཡང་དམིགས་བསལ་གྱི་འགྲེལ་བ་ཞིག་བརྒྱབ་བྱུང་། སྤྲིན་སྔོན་ཞེས་པ་སྙན་ངག་འབྲི་སྲོལ་གྱི་ཁྱད་ཆོས་ཤིག་ཏུ་བཏང་བ་ལས་སྤྲིན་པ་སྔོན་པོ་ཞིག་མེད་ཨ། སྤྲིན་པ་ནག་པོ་དེ་ཇེ་ཡག་ཏུ་བཏང་ན་སྔོན་པོ་རེད་ལ་ཞེས་ཟེར། སྤྲིན་སྔོན་ལྷོ་ཕྱོགས་ནས་ལྡིང་བ་ཞེས་ལྷོ་རྒྱ་གར་རྨ་བྱའི་ཡུལ་གྲུ་རེད་ཨ། འདི་ནས་ལ་རྒྱའི་ས་བོན་ཡོང་ན་ད་ཅིག་ཤེས་ནི་རེད་ཟེར། ད་རུང་དེའི་སྐབས་ལ་ཕལ་ཆེར་བོད་པ་གཞོན་ནུ་ཐུན་མོང་ལ་ཆ་རྒྱུས་མེད་པའི་གཞིས་བྱེས་ཟེར་བའི་ཐ་སྙད་འདི་དག་རེད། ཡུལ་གྱར་དང་གནས་སྡོད་པའི་གཞིས་བྱེས་ཞེས་དེ་ཡང་ལྷང་ལ་འབུད་ངེས་ཞེས་ཐུན་མོང་གི་ལ་རྒྱ་ཞིག་བཤད་དེ་འགྲེལ་བཤད་བརྒྱབ་བྱུང་། གཞིས་བྱེས་ཞེས་པ་དེ་ཅི་ལྟར་ཆ་རྒྱུས་མེད་ཅེ་ན། དེང་སང་རྩོམ་འབྲི་དུས་གཞིས་བྱེས་བྱེས་ཀྱི་འགྲེང་བུ་བླངས་ནས་བྱས་གོ་བ་བླངས་པ་དེ་འདྲ་ཞིག་ཆགས་འདུག ཨོ། སྙན་ངག་དེ་བྱུང་བའི་བརྒྱུད་རིམ་དེ་འདྲ་ཞིག་རེད།
སྐབས་དེར་སྙན་ངག་དེ་འཁྱོངས་ནས་ངས་མ་ཡིག་ཁྱེར་ནས་སོང་སྟེ་གྲོགས་པོ་ཞིག་གི་ལག་ནས་སྣུམ་ཤོག་པར་སྐྲུན་བྱེད་པའི་ཡིག་གཏགས་འཕྲུལ་ཆས་ཤིག་གཡར་ཡོད། དེ་དགེ་རྒན་ཞིག་གི་ཁང་བ་གཡར་བ་དེའི་ནང་དུ་བཞག་ཡོད་པས། ང་དེར་སོང་སྟེ་ཡི་གེ་རེ་རེ་བཞིན་གཏགས་པ་ཡིན། ཡང་སྐབས་དེའི་ལྟ་བ་དང་མི་ཁ། ཡང་མི་སྒེར་གྱི་ངོམ་སོ་དང་དེ་འདྲ་ལ་བསམ་བློ་བཏང་ནས། བདག་ལ་བདུད་རྩི་འདྲེན་པའི་གྲོགས་པོ་ཞེས་པ་དེ་བླངས་པ་ཡིན། ད་ལྟ་ཐུན་མོང་གིས་མཐོང་རྒྱུ་ཡོད་པའི་སྙན་ངག་འདི་འཛིན་གྲྭར་ཡོང་སྟེ་རེ་རེ་བཞིན་བཀྲམས་པ་ཡིན། སྐབས་དེ་དུས་འཛིན་གྲྭ་ཡོང་བ་ཚོས་སྙན་ངག་འདི་ཧ་མི་གོ་བ་ཡོད་ནི་མ་རེད། སྐུ་ཞབས་སྨན་བླ་སྐྱབས་ལྟ་བུ། ཁོའི་ཁ་ཤགས་བཤད་རོགས་ཕག་མོ་བཀྲ་ཤིས་ལྟ་བུ། མཚམས་མཚམས་ཞི་བདེ་ཉི་མ་ཡང་དཔེ་ཁྲིད་ཡོང་གི་ཡོད།
འབྲོང་འབྲུག་ལྷ་རྒྱལ་ཡང་ཡོང་གི་ཡོད། དེ་མིན་མཚོ་སྔོན་བོད་ཡིག་གསར་འགྱུར་དང་མཚོ་སྔོན་མང་ཚོགས་སྒྱུ་རྩལ། མཚོ་སྔོན་རླུང་འཕྲིན་ལས་ཁུངས། བརྙན་འཕྲིན་ལས་ཁུངས་གསར་དུ་བཙུགས་འདུག དེ་ལ་སོགས་པའི་གསར་འགོད་པ་དང་རྩོམ་སྒྲིག་པ་སྐོར་ཞིག་ཡོང་འདུག
རྩོམ་འདི་དང་བོ་གང་ནས་བྱུང་སོང་ཟེར་ན། མཚོ་སྔོན་མང་ཚོགས་སྒྱུ་རྩལ་སྟེང་དུ་བཀྲམས་པ་རེད། ང་ཚོའི་འཛིན་གྲྭའི་ནང་ན་མཚོ་སྔོན་མང་ཚོགས་སྒྱུ་རྩལ་གྱི་རྩོམ་སྒྲིག་གཙོ་བོ་ཕག་མོ་དོན་གྲུབ་ཡོད། དེས་ཁྱེར་ནས་ཐེངས་དང་བོར་དུས་དེབ་སྟེང་བཀོད་བྱུང་། ཡིན་ནའང་དེ་སྤྱི་ཟླ་བདུན་པ་རེད། ཟླ ༡༡ པར་དོན་གྲུབ་རྒྱལ་དགོངས་པ་རྫོགས་སོང་བ་རེད། སྐབས་དེ་ལ་ཁོ་ང་ཚོའི་སློབ་གྲྭ་ལ་དེ་ག་ཙམ་དུ་རྩོམ་པ་པོ་སློབ་སྦྱོང་བྱེད་མཁན་ཅི་ཙམ་ཡོད་པ་ཕལ་ཆེར་རྒྱུས་ལོན་བྱེད་པ་དང་། ཁོ་རང་གི་ངོས་ནས་བཤད་ན་སྐབས་དེ་དུས་ཁོ་རང་འཛིན་གྲྭའི་ནང་ལ་གོ་སྐབས་སྤྲོད་མིན་དེ་འདྲ་ཡང་བསམ་བཞིན་པ་ཞིག་ཚོར་བྱུང་། ཡིན་ནའང་། དེ་ལ་ཡ་བྱེད་མཁན་ཞིག་མི་འདུག
སྐུ་ཞབས་སངས་རྒྱས་དང་ཁོང་གཉིས་ཀྱིས་དཔེ་ཁྲིད་བྱེད་བཞིན་ཡོད་པ་རེད་ལ། དེའི་རྐྱེན་གྱིས་ཕལ་ཆེར་བཀོད་སྒྲིག་དང་དེ་འདྲ་མེད་པ་འདྲ། རྩོམ་དེ་བྲིས་ཚར་བའི་ཕྱི་དྲོ་དེར་ཁོ་ཟི་ལིང་གྲོང་ཁྱེར་དུ་བུད་སོང་། གྲོང་ཁྱེར་དུ་འདུག་ས་ནི་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་བྱེད་པའི་ནགས་པོ་སྐལ་བཟང་ཟེར་བ་ཀླུ་འབུམ་མི་རྒོད་ཀྱི་བརྩམས་སྒྲུང་འབྲི་མཁན་དེ་རེད། སྐབས་དེ་དུས་སྐལ་བཟང་ཟེར་བ་དེ་ངས་གོ་མྱོང་བ་ལས་ཐུག་མྱོང་མེད། ཡིན་ནའང་། ངས་ཁོ་ཤེས་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། དོན་གྲུབ་རྒྱལ་གྱིས་ང་ནགས་པོ་སྐལ་བཟང་ནང་ན་བསྡད་ཡོད་པ་དང་། རྒྱ་ཡིག་ཡག་པོ་ཡོད་པ། ཁོ་སྐབས་དེ་དུས་ཧྲ་ཧེ་ཧྥུ་ཏན་སློབ་ཆེན་དུ་རྩོམ་རིག་གི་ཆེད་ལས་སློབ་སྦྱོང་དུ་སོང་ཡོད་པ་རེད་ཅེས་བཤད་སོང་། ངས་དྲན་པ་ལ་ནགས་པོ་སྐལ་བཟང་དེ་དུས་མི་རིགས་དཔེ་སྐྲུན་ཁང་གི་སྒོ་ར་ནང་ཡར་འཛུལ་ན་ཐོག་རྩེག་གཉིས་པ་ཞིག་ཏུ་ཡོད་པར་ལབ་པ་ཞིག་དྲན་གྱི་འདུག
དེ་ཡིན་སྐད་ཆ་ཅུང་ཟད་འཆོལ་སོང་། སྔོན་ལ་གྲ་སྒྲིག་འདྲ་བྱས་ནས་ལེགས་པོ་ཞིག་བཤད་རྩིས་ཡོད་ཀྱང་ཅུང་ཟད་འཆོལ་སོང་། དེ་འདྲ་ཞིག་ཞུས་པ་ཡིན། ཕལ་ཆེར་ཕྱི་དྲོ་དུས་ཚོད་ཅུང་ཟད་ཡོད་ཀྱང་སྲིད། གལ་ཆེན་རེད་བསམ་པ། རྒྱུ་མཚན་འདུག་བསམ་པ་དེ་འདྲའི་དྲི་བ་ཡོད་ན་ལན་རྒྱག་ཐུབ་ཐུབ་བྱེད་ངེས། ངས་འདི་བཤད་དོན་གཅིག་ཅི་རེད་ཟེར་ན། ལ་རྩེའི་དཔེ་མཛོད་ཀྱི་རྒན་པད་མ་འབུམ་གྱིས་ལམ་སྟོན་བྱས་ནས་གོ་སྐབས་སྤྲད་པར་གཅིག་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གཉིས་པ་སྙན་ངག་འདི་བྱུང་བའི་སྐོར་ལ་བཤད་ཡམས་འདྲ་མིན་ཞིག་ཡོད་པ་འདྲ། ཁ་ཤས་ཤིག་གིས་གཞན་ཞིག་གིས་བྲིས་པ་དེ་བརྐུས་པ་འདྲ་ཞིག་བཤད་ཀྱི་ཡོད་པ་འདྲ། དེར་བརྟེན་འདིའི་ཐད་དུ་ཁ་གསལ་བོ་བྱེད་པའི་ཕྱིར་དུ་ཡིན།
ཡང་རྩོམ་པ་པོ་གཞན་གྱིས་རྩོམ་ཡིག་འདི་འབྲི་དུས་ཁོ་མདུན་ན་ཡོད། ཁོའི་མདུན་ནས་བྲིས་སོང་ཞེས་པ་དེ་ཡང་མིན་ཐག་ཆོད་ཡིན། ཕལ་ཆེར་དེ་དུས་མདུན་ལ་ཡོད་པ་མི་གཅིག་རེད། མོ་ཡང་ད་ལྟ་ཞིབ་འཇུག་པ་ཆགས་ཡོད་འདོད། ཁོ་རང་ཚོ་ཕ་ཡུལ་གཅིག་པའི་ང་ཚོའི་འཛིན་གྲྭའི་བུ་མོ་གཅིག་དེ་མ་གཏོགས་ཡོད་པ་མ་རེད། དེ་གཅིག་རེད།
ད་རུང་ངས་འདི་ནས་ཞོར་འདི་ལས་དོགས་སེལ་ཟེར་ན་ཅུང་གསལ་བོ་བྱེད་རྒྱུ་ཞིག་ལ། དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་སྐོར་བཤད་དུས་མང་བོ་ཞིག་གིས། སྔོ་ཚལ་ཁང་གི་མཐོང་ཐོས། ཞེས་པ་དེ་དོན་གྲུབ་རྒྱལ་ཏེ་སྨྱུག་མིང་ལ་རང་གྲོལ་ཞེས་འདིའི་ཡིན་གཞིར་བཞག་བྱས་འདུག་པ་སྐོར་ཞིག་མཆིས། ཐ་ན་ཞིབ་འཇུག་པ་སོགས་ཀྱི་དཔྱད་རྩོམ་གྱི་ནང་ན་དོན་གྲུབ་རྒྱལ་གྱི་རྩོམ་ནང་བཞག་པར་མ་ཟད། གདེང་འཇོག་མཐོན་པོ་བྱེད་བཞིན་པ་དེ་འདྲ་ཡང་མཐོང་མྱོང་། དོན་གྲུབ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་སུ་བཞག་པ་ཡང་མཐོང་མྱོང་། ཡིན་ནའང་། སྔོ་ཚལ་ཁང་གི་མཐོང་ཐོས་ཀྱི་དོན་གྲུབ་རྒྱལ་དང་ཡོངས་གྲགས་སུ་དོན་གྲུབ་རྒྱལ་དང་རང་གྲོལ་ཞེས་པ་འདི་གཉིས་ཁ་ཁ་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། སྔོ་ཚལ་ཁང་གི་མཐོང་ཐོས་འབྲི་མཁན་གྱི་རྩོམ་པ་པོ་དོན་གྲུབ་རྒྱལ་དེ་ང་ཆུང་ཆུང་ལོ་བཅུ་དྲུག་ནས་བཅོ་བརྒྱད་བར་དུ་འཛིན་གྲྭ་གཅིག་པ་ཡིན། དེ་ནས་ལོ་བཅོ་བརྒྱད་ནས་ཉེར་གཅིག་བར་དུ་སློབ་གྲྭ་གཅིག་གི་དགེ་རྒན་དང་ལས་རོགས་ཡིན། ང་ཚོ་ལས་རོགས་ཡིན་པའི་སྐབས་དེར་བྲིས་པ་མ་ཟད། ང་ཚོས་དེའི་ནང་གི་མི་སྣ་དང་སྒྲུང་དེ་ཕྱི་ལ་མ་ཐོན་གོང་དེའི་སྐོར་ཁ་བརྡ་བྱས་མྱོང་། དེར་བརྟེན་དོན་གྲུབ་རྒྱལ་ཞེས་པའི་རྩོམ་པ་པོ་དེའི་ཕ་ཡུལ་ནི་རེབ་གོང་གཉན་ཐོག་སྡེ་བ་ནས་རེད། དེའི་སྐོར་དེ་གསལ་ཁ་ཞིག་བཏོད་ན་འདོད་སོང་། ལགས་སོ།། ཐུགས་རྗེ་ཆེ།
དྲི་བ། ལང་ཚོའི་རྦབ་ཆུ་མཉམ་བྲིས་བྱས་པ་རེད་ཟེར་བ་དེ་དངོས་གནས་ཡིན་མིན་ལན་ཁ་གསལ་གནང་རོགས།
ལན། དེ་དངོས་གནས་ཡིན་མིན་དེ་ངས་ཐག་གིས་ཆོད་ནི་མ་རེད། དེ་འབྲི་བ་ཡང་མ་རིག ནམ་བྱུང་ཡང་མ་ཤེས། ༨༢ ལོའི་སྤྱི་ཟླ༤ ཡིན་སྙམ་ཡོད། དེ་དུས་ངས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྫས་འགྱུར་སྐོར་ལ་དངོས་སྦྱོང་བྱེད་བཞིན་ཡོད། སྐུ་ཞབས་དོན་གྲུབ་རྒྱལ་དང་འབྲེལ་འདྲིས་ཡོད། ཐེངས་གཅིག་ལ་དེང་སང་གི་རྒྱའི་ཙི་ཡོའུ་ཧྲི་(自由诗)དེ་འདྲ་བོད་ཡིག་གིས་བྲིས་མྱོང་མེད་པ་ཅི་ཡིན་ནམ་སྐད་ཆ་ཞིག་དྲིས་མྱོང་། ཨོ་ལེ། དེ་འདྲ་མང་བོ་མི་འདུག་མོད། ན་ནིང་ངས་གཅིག་བྲིས་ཡོད། ལྔ་བཞི་ཞེས་པ་རྒྱ་ཡི་གཞོན་ནུའི་དུས་ཆེན་རེད། དེ་སྐབས་སུ་མི་རིགས་སོ་སོའི་སློབ་མ་དག་གིས་རང་རང་སྐད་ཀྱི་སྙན་ངག་གྱེར་འདོན་དང་སྒྲོག་སྦྱངས་བྱེད་དུས། འུ་ཚོས་ཚིགས་བཅད་སྙན་ངག་ནམ་ཡང་ཤར་སེ་ཤར་སེ་བཏོན་ན་དེ་འདྲའི་སྣང་བ་འགྲོ་བ་ཞིག་མ་རེད། དེའི་རྐྱེན་གྱིས་ངས་ལྔ་བཞིའི་སྐོར་ལ་དེ་འདྲ་ཞིག་བྲིས་ཡོད། ངས་རྗེས་ནས་ཚོད་དཔག་བྱས་པ་ཡིན་ན་ལང་ཚོའི་རྦབ་ཆུ་དེ་ཨེ་ཡིན་འདོད་ཡོད། དེའི་སྐབས་ཤིག་ལ་ངའི་དྲན་པ་རབ་རིབ་ཅིག་ཡོད་པ་ནི། དོན་གྲུབ་དབང་འབུམ་གྱིས་རྒྱ་ཡིག་ཅིག་བྲིས་པ་དང་། ཁོས་བོད་ཡིག་གིས་བྲིས་པ་ཞེས་པའམ། ཡང་ཁོ་གཉིས་མཉམ་བྲིས་ཞེས་པའམ་ཏན་ཏན་ཞིག་མི་དྲན་མོད། དོན་གྲུབ་དབང་འབུམ་དང་འབྲེལ་བ་ཡོད་པ་ཞིག་ཡོད་ཤག་ཤག་ཞིག་ང་ལ་དྲན་པ་རབ་རིབ་ཅིག་འདུག དེའི་རྗེས་སུ་ཡི་དམ་ཚེ་རིང་ལ་ཐེངས་ཤིག་ཉིས་སྟོང་གསུམ་བཞིའི་བར་ཞིག་ལ་ཁ་པར་ལས་དེའི་སྐོར་དྲིས་མོད། ཁྱོད་ཀྱིས་དེ་འདྲ་ཞིག་བཤད་འདུག དེའི་ཁུངས་གང་ཞིག་ནས་འོང་ཞེས་དྲིས་པར། ཨ། དེ་དོན་གྲུབ་དབང་འབུམ་གྱིས་ལ་བཤད་པ་ཡིན་ཟེར། དེ་ཡིན་གཅིག་མིན་གཅིག་ཁུངས་གསལ་བོ་ཞིག་བྱ་དགོས་ན། དེ་མཉམ་བྲིས་རེད་ཟེར་བར་དོན་གྲུབ་དབང་འབུམ་ཁོང་པེ་ཅིན་ལ་ད་ལྟ་བཞུགས་པས། ཁོང་ལ་དྲིས་ན་དོགས་པ་དེ་སེལ་ཐུབ་རྒྱུ་རེད།
དྲི་བ། གཏམ་བཤད་དེ་གློག་ཀླད་དུ་མ་གྲག་ན་ཁ་པར་ལས་གྲག་མི་ཐུབ་ཀི སྐུ་ཞབས་ལྗང་བུ་ལགས་ལ་བཀའ་འདྲི་ཞུ་རྒྱུ་གཅིག་ཡོད། དེ་སྔོན་ཞིག་ལ་ཁྱོད་ལ་དུས་དེབ་ཅིག་གི་ངོས་སུ་དྲི་བ་དྲིས་ལན་འདུག དུས་དེབ་ཀྱི་མིང་དྲན་གྱི་མི་འདུག དེའི་ནང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་བཙན་བྱོལ་དུ་ཕེབས་དུས་ཕྱི་སྡོད་བོད་མི་ཞིག་གིས་བོད་ཡིག་གི་རང་མོས་སྙན་ངག་གིས་བསྟོད་པ་ཞིག་ཕུལ་འདུག་ཟེར་བ་ཞིག་གསུངས་འདུག་པ་དྲན་གྱི་འདུག དེའི་རྩོམ་མཁན་སུ་འདིར་གསུང་གནང་རོགས་ཞུ་རྒྱུ་གཅིག་དང་། བཤད་ཚུལ་ཞིག་ཏུ་ལང་ཚོའི་རྦབ་ཆུ་གྱ་གསུམ་ལོར་སྦྲང་ཆར་དུས་དེབ་ཏུ་མ་ཐོན་པའི་སྔོན་ནས་སྐུ་ཞབས་ལྗང་བུ་ལགས་ཀྱིས་རང་མོས་སྙན་ངག་འགའ་རེ་བྲིས་ཏེ་སྦྲང་ཆར་རྩོམ་སྒྲིག་ཁང་ལ་བསྐུར་མྱོང་བ་རེད་ཟེར། དེའི་གནས་སྟངས་ཅི་ཡིན་ཐད་གསུང་མོལ་ཞིག་གནང་རོགས་ཞུ།
ལན། ལང་ཚོའི་རྦབ་ཆུའི་སྔོན་དུ་རང་མོས་སྙན་ངག་བསྐུར་མྱོང་ངམ་ཟེར་གྱི་འདུག ངས་བལྟས་ན་སྤྱིར་བཏང་རང་མོས་ཀྱི་རྣམ་པ་ཡོད་པ་ནི་བོད་ཡིག་གི་ལམ་ནས་དཔེ་སྐྲུན་གྱི་རྣམ་པར་ཐོན་པ་ཡང་དང་བོ་མ་རེད། ཨོ། དེ་རིང་རང་མོས་སྙན་ངག་གི་རྣམ་པ་དེ་སྔ་མ་སྔ་མའི་ནང་དུ་ཡོད་མེད་ཀྱི་རྙོག་དྲ་དེ་ངས་བཤད་རྒྱུ་མིན། རྗེས་ལ་རང་མོས་སྙན་ངག་གསར་བ་འདིའི་རྣམ་པ་མི་རིགས་གཞན་པ་དང་གཙོ་བོ་རྒྱ་ནང་འོང་བ་དེ། བོད་ནང་འོང་བའི་རྣམ་པ་དེ་རྩོམ་གྱི་སྟེང་ནས་བཤད་ན་ལང་ཚོའི་རྦབ་ཆུ་དེ་དཔེ་སྐྲུན་དང་དཔར་སྐྲུན་གྱི་རྣམ་པ་ནས་དང་བོར་ཆགས་ཡོད་པ་མ་རེད་དེ། སྙན་ངག་གི་ལམ་སྟོན་ཉན་པ་དང་ལད་ཟློས། བག་ཆགས་དང་ཤུགས་རྐྱེན། ཤན་སྟོབས་ཀྱི་འདི་འདྲའི་སྟེང་ནས་ཞིབ་འཇུག་པ་ཚོས་བཞག་པ་ཡིན་རྒྱུ་རེད། ད་འུ་ཚོའི་ཚགས་པར་ལ་བལྟས་ཡོང་ན་མཚོ་སྔོན་བོད་ཡིག་གསར་འགྱུར་དེ་ལ་དཔེར་མཚོན་ན། ༡༩༥༨དང་༥༧ དེའི་བར་གྱི་ཚགས་པར་དུ་རང་མོས་ཀྱི་རྣམ་པ་འདི་སྙན་ངག་གི་རྣམ་པ་ཡིན་པ། རྐང་བའི་རིང་ཐུང་ཡོད་པ།འགྲོས་ཀྱང་ཁ་སྐད་ལ་ཕྱོགས་པ། དེའི་རིགས་དེ་བརྩམས་པའམ་བསྒྱུར་བའི་རིགས་ཀྱང་འདུག
བོད་ལྗོངས་ཉིན་རེ་ཚགས་པར་དུ་༡༩༦༣དང་༦༢ བར་དུ་ཐ་ན་སྐབས་དེའི་རྒྱ་དང་ཡུ་གུར་སོགས་ཀྱི་རང་མོས་རྣམ་པ་བསྒྱུར་བ་ཡང་འདུག ང་རང་གི་དུས་རིམ་དཔེར་བཞག་ན་བྱིས་པ་ཡིན་དུས་༡༩༧༩ ཡིན་སྙམ་པ་ཡོད། དེའི་སྐབས་ནས་པེ་ཅིན་དཔེ་སྐྲུན་བྱས་པའི་ཐེན་ཨན་མིན་གྱི་སྙན་ངག་གི་འདྲ་བཤུས་ཟེར་བ་དེ་ལྟ་བུའི་རང་མོས་སྙན་ངག་གི་རྣམ་པ་ཡོད་པར་མ་ཟད། ལང་ཚོའི་རྦབ་ཆུའི་རྣམ་པར་ལྟོས་དང་། ཉོན་དང་། དེའི་སྒྲོམ་གཞི་དེའི་རྣམ་པ་སྙན་ངག་ཀྱང་མཐོང་རྒྱུ་འདུག དེའི་སྔོན་ཕལ་ཆེར༡༩༦༤ ནས་༦༥ བར་དུ་རྒྱའི་དམར་ཕྱོགས་ཀྱི་འགོ་བ་གྲགས་ཅན་སྙན་ངག་བསྒྱུར་བ་དག་ཏུ་རང་མོས་ཀྱི་དབྱིབས་འདྲ་བོ་ཡོད་པ་དེ་འདྲ་འདུག བྱས་ཙང་། དེའི་སྐབས་ནས་བཟུང་དེ་འདྲ་ཡོད་ཡོད་པ་འདྲ་བོ་ཞིག་རེད། ཡིན་ནའང་། ངས་བཤད་པ་ནི་བོད་པ་རང་གིས་རྩོམ་པ་པོ་འདི་ཡིན་ཟེར་བའི་མིང་བཏགས་པ་ཞིག་མི་འདུག་ཅེས། སྐབས་དེ་དོན་གྲུབ་རྒྱལ་ལ་དེ་དྲིས་པ་ཡིན།
ང་རང་གིས་སྙན་ངག་བྲིས་ཞེས་པ་ནི་ ༡༩༨༡ ལོའི་དགེ་རྒན་གྱི་སློབ་འབྲིང་བཏོན་ཚར་ནས་ཕ་ཡུལ་སློབ་འབྲིང་དུ་དགེ་རྒན་གྱི་མིང་ཞིག་བླངས་ནས་བསྡད། སློབ་མ་ཡིན་དུས་ནས་རྩོམ་འདྲ་བྲིས་ཏེ་ཚགས་པར་སྟེང་དུ་གཅིག་གཉིས་རེ་ཕུད་དེ་ལྟར་བྱས་པ་རེད། ང་རང་ཉིད་ལ་མཚོན་ན་རང་མོས་ཀྱི་རྣམ་པ་དེ་ཕལ་ཆེར་༡༩༨༠ ནས་སློབ་གྲྭའི་སློབ་མ་ཡིན་དུས་ནས་གླུ་ཚིག་དེ་འདྲ་བསྒྱུར་བ་དང་སྦྱོར་བརྡར་ཡོད་པ། བག་ཆགས་ཡོད་པ། རྒྱ་ཡིག་སྐབས་དེའི་རྒྱ་ཡིག་གི་དུས་དེབ་ཡོང་བ་རང་མོས་ཏག་ཏག་རེད། དེ་སྐབས་བོད་ཡིག་རང་ཀློག་མཁན་ཞིག་ཟེར་ན་མ་གཏོགས། བོད་རྒྱ་གཉིས་ཀ་ཀློག་མཁན་ཞིག་ལ་མཚོན་ན་རང་མོས་ཟེར་ན་དམིགས་བསལ་ཚོར་སྣང་གསར་བ་ཞིག་ཡིན་རྒྱུ་མ་རེད་འདོད། དེ་ནས་ངས་དྲིས་མྱོང་། ངས་ཕར་ལ་ཅི་ལྟར་བསྐུར་མི་དྲན་མོད། ཕྱིར་ལ་ཅི་ལྟར་བླངས་པ་གསལ་བོ་དྲན་གྱི་འདུག དེའི་སྐབས་ཀྱི་སྦྲང་ཆར་རྩོམ་སྒྲིག་པ་སྐུ་ཞབས་འགྱུར་མེད་ཀྱི་སར་སོང་བས། སྙན་ངག་རང་མོས་ཞེས་པའི་མིང་མེད་ཀི ངེད་ཅག་གིས་ཙི་ཡོའུ་ཧྲི་ཞེས་པ་ཕུད་བཞིན་ཡོད། སྤྱི་ཚོགས་སྟེང་དུ་ལྟ་ཚུལ་དང་ངོས་འཛིན་ཅི་ཡོང་མི་ཤེས། དེ་འདྲ་ཕུད་བཞིན་ཡོད། དེ་ཕུད་རྗེས་གནས་ཚུལ་ལ་བལྟས་ཏེ་ང་ཚོས་འདང་རྒྱག་རྒྱུ་ཞེས་བཤད་སོང་། དེ་རིགས་པས་སྒྲུབ་ན་ཆོག དེའི་སྐབས་ཀྱི་ཚོད་ལྟ་བྱས་པ་དེ་ལང་ཚོའི་རྦབ་ཆུ་ཡིན་གཞིར་བཞག་རེད། རྩོམ་པ་པོ་གཞན་པར་དྲིས་ན། ཕལ་ཆེར་སྦྲང་ཆར་སྔོན་དུ་ཚགས་པར་ཁ་ཤས་སུ་བོད་ཡིག་གི་རྩོམ་རིག་འདོན་བཞིན་ཡོད་པ་རེད། མཚོ་སྔོན་སློབ་གསོ་ཞེས་པ་ཡང་སྦྲང་ཆར་སྔོན་དུ་ཡོད། ཐ་ན་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཡང་སྦྲང་ཆར་གྱི་སྔོན་རེད། འདི་ལ་སོགས་པའི་ནང་དེའི་སྐབས་ཀྱི་རྩོམ་སྒྲིག་པའི་ལྟ་བ་སོགས་ཀྱིས་རྩོམ་ཡིག་བཀོད་མེད་ཀྱང་སྐུར་མཁན་དང་འབྱོར་ཡོད་པར་བསམ། དེའི་སྐབས་ཀྱི་ཐོ་ཉར་བ་སོགས་བལྟས་ན་ཨང་།
ཨོ། ད་ངས་སྐྱབས་བཅོལ་སྤྱི་ཚོགས་ཀྱི་ནང་དུ་རང་མོས་ཀྱི་རྣམ་པ་འདི་ཡོང་ཡོད་ཟེར་བ་ནི། མཁས་བཙུན་བཟང་བོ་རིན་པོ་ཆེས་༡༩༦༣ ལོར་འཇར་པན་གྱི་ཁྲའོ་ཁེའོ་དེ་ནས་མགུར་གྱི་རྣམ་པར་བཞེངས་པར་དེའི་ནང་ན་རང་མོས་ཀྱི་རྣམ་པ་འདུག་ཅེས་བཤད་མྱོང་ཡོད། གཞས་ཚིག་དེ་རྒྱལ་བ་རིན་པོ་ཆེར་བསྟོད་པ་ཡིན་པ་ཞིག་མི་དྲན་ཏེ། གཞན་ཞིག་ཡིན་པར་མ་ཟད། ༢༠༠༤ ལོའམ་༢༠༠༥ལོར་མཁས་བཙུན་བཟང་བོ་རིན་པོ་ཆེ་ཧྤ་རན་སིའི་རྒྱལ་ས་ཕ་རེ་སིར་ཕེབས་དུས་ཤིག་ལ་བཀའ་འདྲི་ཞུས་ཏེ་སྙན་ངག་དེའི་བྱུང་རིམ་དག་སྒྲ་ཡང་བླངས་ཡོད། ཁོང་གི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ནང་ན་རྩོམ་ཡིག་དེ་ཡོད། ངས་དེ་ཟེར་བ་ནི་སྤྱི་ཚོགས་སྟེང་དུ་༡༩༦༣ ལོར་ཁེལ་ཡོད། བོད་ལྗོངས་ཉིན་རེ་ཚགས་པར་གྱི་དེ་༡༩༦༣ ལོར་ཁེལ་ཡོད། གཅིག་ཟླ་༣ དང་ཅིག་ཤོས་ཟླ་༥ཡིན་པ་ཞིག་དྲན་མོད། ལོ་མང་བོའི་སྔོན་ཞིག་ཏུ་དོ་སྣང་བྱས་ཏེ་བཙལ་བ་ལས་ཏན་ཏན་ཞིག་མི་དྲན་མོད། ང་ཡང་ད་ལྟ་ས་ཆ་གཞན་དུ་ཡོད་པས་བཙལ་ཁོམ་ཡང་མི་འདུག
དྲི་བ། ད་སྐབས་རེ་འགས་རང་མོས་སྙན་ངག་ལ་འགྲེལ་རྒྱག་རྒྱུ་ཡོད་ནི་མ་རེད་ཟེར་བ་འབྱུང་གི་འདུག འདིའི་ཐད་དུ་སྐུ་ཉིད་ལ་དགོངས་ཚུལ་ག་འདྲ་ཡོད་དམ།
ལན། ཁྱོད་ཀྱིས་དེ་ན་གསལ་བོ་བཤད་འདུག དེ་ལྟར་བཤད་པ་ཡོད་ན། ཁྱོད་ཀྱིས་ཀྱང་འགའ་རེས་དེ་ཟེར་གྱི་འདུག་ཟེར། ཕལ་ཆེར་མེད་པ་ཡིན་རྒྱུ་རེད། ཡོད་དང་མེད། ཡིན་དང་མིན་ཅན་པོ། བདེན་དང་རྫུན། ཆེ་དང་ཆུང་ཅན་པོ། འདིའི་རིགས་ཀྱི་རྩོད་པ་བྱེད་སྟངས་ལ་ང་རང་གོམས་གཤིས་ཀྱང་མེད། རྒྱུས་ཀྱང་མེད། དེའི་འཇོན་ཐང་ཡང་མེད། དེ་ངས་ཁ་ཚོན་གཅོད་མི་ཐུབ། རང་མོས་སྙན་ངག་ཟེར་བ་ནི་སྤྱིར་བཏང་སྙན་ངག་བཤད་པའི་སྐབས་ཀྱི་ལུས་ཀྱི་ནང་གི་རྣམ་པ་ཞིག་རེད། དེའི་ནང་ན་རིགས་མང་རྒྱུ་རེད་ལ། རི་མོ་ཞིག་ལ་མཚོན་ན་སྣུམ་ཚོན་རི་མོ་དང་ཆུ་ཚོན་རི་མོ། ཐང་ག་འབྲི་སྲོལ་དུ་བོད་ཀྱི་ལྷ་རིས་ཀྱི་ལུགས་སྲོལ་ལ་བྱེའུ་སྒང་བ་དང་སྨན་ལུགས། མཁྱེན་ལུགས། ཀརྨ་སྒར་བྲིས་སོགས་ཞིབ་ཕྲ་བགར་རྒྱུ་འདུག
རེབ་གཅིག་ཏུ་འགྲེལ་བཤད་རྒྱག་རྒྱུ་མེད་པར་ཟེར་ན་ཅང་མི་ཤེས་ཀི སྙན་ངག་ནི་རྩོམ་པ་པོའི་ངོས་ནས་དེ་བཀླག་རྒྱུ་དང་། དེ་མྱོང་རོལ་བྱ་རྒྱུ་དང་། དེ་ལོངས་སྤྱོད་བྱ་རྒྱུ་མ་གཏོགས། སྙན་ངག་དེ་འགྲེལ་བ་རྒྱག་རྒྱུ་དེ་ཡང་ཞིབ་འཇུག་པའི་མིང་འཁྱེར་མཁན་དང་དགེ་རྒན་གྱི་མིང་འཁྱེར་མཁན་སོགས་འདིའི་རིགས་ཀྱི་ལས་ཀ་ཞིག་རེད་སྙམ་པས། ཁོང་ཚོར་གསལ་བོར་བཤད་རྒྱུ་ཡོད་ན་ཐང་།
དྲི་བ། གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས། ཞེས་པའི་ཉིད་ཀྱི་བརྩམས་ཆོས་དེ་རྩོམ་པའི་སྐབས་སུ་སྤྱི་ཚོགས་གནས་བབ་གསལ་བཤད་རེ་གནང་རོགས།
ལན། དགོངས་དག ང་དུས་ཚོད་ཞེ་དྲག་མེད། དུས་ཚོད་ཅུང་རིང་ཙམ་དགོས་རྒྱུ་རེད། རྩོམ་དེ་ ༡༩༨༧ ལོ་དེ་འདྲ་ཞིག་ལ་ཁེལ་ཡོད་འདོད།
དྲི་བ། དོན་གྲུབ་རྒྱལ་རང་ཉིད་ནས། རྒྱ་ནག་གི་རྩོམ་རིག་གསར་པ་ལ་ལྟ་ཚུལ་གང་འདྲ་ཞིག་ཡོད་མེད་དང་། བོད་ཀྱི་རྩོམ་ཚུལ་རྙིང་བ་ལ་གདེང་འཇོག་གང་འདྲ་ཞིག་གནང་གི་འདུག་གམ། སྐབས་དེར་བོད་དང་རྒྱ་ནག་ནང་རྩོམ་རིག་གསར་རྙིང་གི་ཀླན་ཀ་ཆེ་ཙམ་བྱུང་ཡོད་མེད་་གསུང་བཤད་ཅིག་གནང་རོགས།
ལན། རྒྱ་ནག་གི་རྩོམ་རིག་གི་སྐོར་ལ་དམིགས་བསལ་གྱིས་ང་རང་ངོས་ནས་ཁ་བརྡ་བྱས་པ་ཞིག་དྲན་གྱི་མི་འདུག མི་གཞན་གྱི་ངག་ནས་ཀྱང་དོན་གྲུབ་རྒྱལ་གྱིས་དེའི་སྐབས་ཀྱི་རྒྱ་ནག་གི་རྩོམ་རིག་ལ་ཅི་བྱས་པ་དྲན་གྱི་མི་འདུག དྲང་མོར་བཤད་ན། དོན་གྲུབ་རྒྱལ་ཁོ་རང་གི་ངོས་ནས་བཤད་ན། ངས་བལྟས་ན་ཁོ་དང་ཐེངས་པོ་དེ་ཞིབ་འཇུག་པ་ཞིག་ཡིན་བསམ་གྱི་ཡོད། དེའི་འཕྲོ་མ་དེ་རྩོམ་རིག་གི་རྩོམ་པ་པོ་ཐོབ་ཐང་ཕལ་བའམ། དེའི་སྟེང་ན་བརྩམས་སྒྲུང་དང་སྙན་ངག་པ་ཕལ་བ་ཞིག་ཏུ་ཁོ་རང་ཉིད་ཀྱིས་འདོད་ཀྱི་ཡོད་པ་རེད་བསམ་གྱི་འདུག དོན་གྲུབ་རྒྱལ་གྱི་ཁྱད་ཆོས་གཙོ་བོ་ནི་སྐབས་དེ་དུས་བོད་སྐད་བེད་སྤྱོད་བྱས་ནས་བོད་ཡིག་རྩོམ་འབྲི་བཞིན་པ་འདི་རིགས་ཀྱི་ནང་ནས་མི་རིགས་ཀྱི་སྤོབས་པ་ཡོད་པ་དང་།
མི་རིགས་གཞན་པ་མི་རིགས་ཆེན་པོ་དང་འདྲ་མཉམ་གྱི་ལྟ་བ་འཆང་ཐུབ་མཁན་གྱི་ཧ་ཅང་ཉུང་ཉུང་ནང་ནས་གཅིག་རེད་འདོད། མི་རིགས་ཆུང་ཆུང་ལ་ཀླ་ཀློ་དང་མཐའ་འཁོབ་ཅེས་ཁྱབ་བསྒྲགས་ཀྱི་དབང་གིས་དེ་ལྟར་རེད། དེའི་སྐབས་ཀྱི་བོད་རིག་པའི་མཁས་པ་སྐུ་ཞབས་ཝང་ཡོ་སྐབས་དེ་དུས་རྒྱ་ནག་གི་བོད་རིག་པའི་ཞིབ་འཇུག་ཟེར་བའི་སྲོག་ཤིང་འདྲ་བོ་རེད་ལ།
ཁོ་རང་གིས་ཁོ་རང་མིང་བཏགས་པ་ལ་བལྟས་ན་བོད་དབང་རྒྱལ་བོ་ཞེས་དེ་ལྟ་བུ་ང་རྒྱལ་ཡོད་པ་རེད། དེ་བལྟས་ན་བསྡད་དེ་སློབ་མ་ཞིག་གིས་ཕར་ལ། དགེ་རྒན་ཁྱོད་ཀྱིས་ཤེས་པ་ངས་ཤེས་ལ། ངས་ཤེས་པ་ཁྱོད་ཀྱིས་ཤེས་ནི་མ་རེད། ཅེས་པ་དེ་འདྲ་བཤད་ཐུབ་པ་དེ་གཅིག་པུའི་སྟེང་ནས་དོན་གྲུབ་རྒྱལ་གཤིས་ཀ་དང་།ང་རྒྱལ་གྱི་ཞེས་བཤད་ཀྱི་འདུག་མོད། ང་རྒྱལ་མ་རེད། རྩོད་པ་རེད་ལ། རྩོད་པ་བྱས་པ་དེའི་སྐོར་ལ་ང་ལ་སྒྲུང་ཞིག་ཡོད་མོད། དེ་རིང་དེ་གཡུགས་ཞོག གཤིས་ཀ་དེ་འདྲ་ཞིག་རེད་མོད། རྒྱ་ཡི་རྩོམ་རིག་ལྟ་ཚུལ་གང་འདྲ་ཞིག་འཛིན་བཞིན་ཡོད་མེད་ཐད་ང་ལ་བཤད་རྒྱུ་ཅང་མེད། བརྒྱད་ཅུའི་སྐབས་དེར་ང་ཚོ་ལོ་ཆུང་བས་དོ་སྣང་ཧ་ཅང་ཆེ་མོད།
རྩོམ་རིག་གི་ཀླན་ཀ་དེང་སང་བཞིན་ཡོད་ཡོད་གཉིས་རྩོད་པ་ཐུག་པ་དང་མ་འགྲིག་པར་བསྡད་ཡོད་པ་ལྟ་བུ་ཀླན་ཀ་ཆེས་ཆེར་མེད་པ་འདྲ། ལྟ་བ་མི་མཐུན་པ། ཐབས་ཤེས་མི་འདྲ་བ། སྤྱོད་པ་མི་འདྲ་བ། ཡིན་ནའང་། སྲིད་དོན་གྱི་རྒྱབ་ལྗོངས་ནས་གཞོན་ནུ་དང་རྒན་པ་སོགས་སྐབས་དེར་རྩོམ་རིག་གི་གཡུལ་ས་ནས་རྩོད་པ་བྱེད་ཀྱི་ཡོད་པ་རེད་ཟེར་བ་དེ་འདྲ་ཡོད་ཡོད་པ་རེད།
དྲི་བ། ཁྱེད་རང་ལྟར་ན་རང་མོས་སྙན་ངག་ནི་ཁ་དམ་ལྷོད་གཉིས་ལས་གང་གཙིགས་སུ་འཛིན་ནམ།
ལན། ཚིགས་བཅད་དང་རང་མོས་གང་ཡིན་ཡང་སྙན་ངག་གི་ཁ་དམ་དགོས་པ་དང་ལྷོད་དགོས་པ་ཟེར་བ་ནི་རྩོམ་པ་པོ་རང་ཉིད་ཀྱིས་བྱེད་དགོས་པ་ཞིག་ལས། ཐུན་མོང་བ་ཞིག་ཡོད་རྒྱུ་མ་རེད་སྙམ། ཁོར་ཡུག་དང་ཀློག་པ་པོ་དང་། རིག་གཞུང་གི་རྒྱབ་ལྗོངས་སོགས་མང་བོ་ཞིག་ལ་བརྟེེན་ནས་རྩོམ་པ་པོའི་རང་གཤིས་ཤིག་ཏུ་གྲུབ་དགོས་པ་ཞིག་ལས། རྩོམ་པ་པོ་ཞིག་གི་ངོས་ཐད་ནས་བཤད་ན་ཅིག་དགོས་མུག་དགོས་ཟེར་བ་ནི་ངས་གོ་བ་ལེན་ཐུབ་ཀྱི་མེད། ཞིབ་འཇུག་དང་དཔྱད་རྩོམ།ཉམས་ཞིབ་པ་དང་། འདི་ལ་གདེང་འཇོག་བྱེད་མཁན་ཞིག་ཡིན་ན། ཅིག་རེད་ཅིག་མ་རེད། རེ་རེ་བཀར། གྲངས་ཀའི་རྩིས་ཀྱི་སྒོ་ནས་ཕྱོགས་བསྡོམས་བྱས།མདོག་ཅི་ཞིག་རེད། སྤུ་ཅི་ཞིག་སྐྱེས་འདུག སྐད་ཅི་ཙམ་སྒྲོག་པ། སྐད་ཐེངས་དུ་ཙམ་སྒྲོག་པ། ཞིབ་འཇུག་པར་ཡང་ཁོ་ཚོར་འགྲོ་སྟངས་ཤིག་ཡོད་པས། དེ་ལྟར་བྱས་ནས་མི་ཅི་འདྲ་ཞིག་གིས་འདི་བཀླགས་པ་དང་། ཅི་ཙམ་གྱིས་འདི་ཀློག་གིན་མེད་པ། དེ་ཁོང་ཅག་ལ་རེ་རེ་དེ་ལ་དབྱེ་བ་ཞིག་བཤད་རྒྱུ་ཡོད་པ་ལས།རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་བཀག་རྒྱ་མེད་པའི་སྒོ་ནས་རང་གི་འདོད་པ་ཚིམ་པ་དང་། རང་གི་དམིགས་ཡུལ་འགྲུབ་པ། དེ་ནས་ཀློག་པ་པོར་ལོངས་སྤྱོད་ཡོད་པ།
དེ་ལྟར་ཐུབ་སོང་ན་རྩ་བའི་ཆ་ནས་རྩོམ་ཞིག་གི་ལས་ཀ་འགྲུབ་ཀྱི་ཡོད་པར་སྙམ། རྩོམ་གཅིག་གིས་མ་འགྲུབ་པས་ཡང་ཡང་འབྲི་བཞིན་འདུག་ལ། ཁ་ཤས་རེ་རེ་ལའང་དམིགས་ཡུལ་ཡོད་ཀྱི་རེད། དམིགས་ཡུལ་གཅིག་ལ་རྩོམ་མང་བོས་ཚོད་ལྟ་བྱེད་ཀྱི་ཡོད་པ་རེད་སྙམ། དམིགས་ཡུལ་དེར་སླེབས་རག་བར་དུ། དེང་སང་གཞུང་ལུགས་ཀྱི་ཐ་སྙད་དེ་དག་གིས་བེད་སྤྱོད་བྱས་ཏེ་ཕྱོགས་བསྡོམས་བྱས་པ་ནི་ང་རང་འགྲོ་ས་ཞིག་ཀྱང་མིན། དགའ་ནི་ཞིག་ཀྱང་མིན། ནམ་རྒྱུན་དུ་སྐད་ཆ་ལྟར་བཤད་ན་ཁ་དམ་ལྷོད་ནི་རྩོམ་པ་པོའི་ངོས་ནས་རང་གི་དགའ་ཕྱོགས་ཤིག་རེད་ཨང་།
དྲི་བ། མཁས་དབང་དོན་འགྲུལ་རྒྱལ་མཆོག་གི་སྐོར་ནས་དྲི་བ་ཞིག་འདྲི་ཆོག་པརར་ཞུ། དོན་འགྲུབ་རྒྱལ་དང་འབྲེལ་ཡོད་ཀྱི་རྩོམ་དང་ཁོང་གི་ཁ་ཆེམས་ཡི་གེ། ད་དུང་སྐབས་དུས་རང་རིགས་སྡེ་ཆེན་མོ་འདིའི་ངོས་གང་ཞིག་ལ་བལྟས་ཀྱང་། སྐབས་དེའི་སྤྱི་ཚོགས་ཁྲོད་དུ་ཡོད་པས་ཤེས་ཡོན་པས་སྡེ་སྤྱི་སྒེར་སུས་ཀྱང་མངོན་ལྐོག་གང་ཐད་ནས་རྒྱབ་སྐྱོར་དང་དང་ལེན་བྱས་མེད་པ་འདྲ། མ་ཟད་སྐབས་དེའི་རིག་གནས་སྨྲ་བ་འམ་ཤེས་ཡོན་པས་སྡེ་ན། ཁོང་གི་བརྩམས་ཆོས་དང་དེའི་ བསམ་བློའི་རྒྱབ་ལྗོངས། ཤུགས་རྐྱེན་ལ་དཔྱོད་པས་བློ་ལྡན་པ་ཡང་མེད་ཚོད་འདུག་སྙམ། རྒྱུ་མཚན་དོན་འགྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས་དག་དང་ལེན་བྱེད་ཐུབ་པས་མི་སྣ་གཅིག་ཀྱང་མེད་པས་ཁོང་གིས་གསོན་ལམ་ལས་འཆི་ལམ་འདེམས་པ་དེ་ལ་ཚོད་འགམ་བྱས་ན་རྟོགས་ཐུབ། སྐུ་ཞབས་ལྗང་བུ་ལགས་ཀྱི་བསམ་ན་ཅིའི་ཕྱིར་སྐབས་དེའི་བོད་པས་གཞོན་རབས་ཤེས་ཡོན་པའི་སྡེ་ཡིས་ཁོང་དང་གི་བརྩམས་ཆོས་དང་ལེན་འདོད། ཅིའི་ཕྱིར་དོན་འགྲུབ་རྒྱལ་གྱི་བསམ་བློ་རིན་ཐང་ལ་བརྩི་འཇོག་མ་བྱེད་བསམ། འདི་ལ་བསམ་ཚུལ་གྱི་ཚུལ་ཏུ་ལན་ཅིག་གནང་རོགས།
ལན། སྐབས་དེར་གཞུང་ལུགས་ཀྱི་སྦྱངས་པ་མེད་ཀྱང་རྩོམ་རིག་གསར་བའི་རྒྱུན་ཤེས་ཙམ་གྱི་རྨང་གཞི་མེད་ན་དཔྱད་པ་རྒྱུ་ཡང་དཀའ་ལས་ཤིག་འཕྲད་བཞིན་མེད་དམ་སྙམ། སྔ་མ་སྔ་མའི་རྩོམ་ལ་དཔྱད་པ་ལས་སྐབས་ཐོག་གི་རྩོམ་རིག་པ་ལ་དཔྱད་པ་ཉུང་བའི་ཚད་དུ་རེད། ཡིན་ནའང་། དཔྱད་མཁན་གཏན་ནས་མེད་པའང་མ་རེད། ཕྱི་རྒྱལ་བཞིན་ལམ་སང་ལམ་སང་དཔྱད་པ་འབྲི་བཞིན་པ་ལྟ་བུ་མེད་ཀྱང་། བརྒྱད་ཅུ་གྱ་བཞི་གྱ་ལྔའི་སྐབས་སུ་སློབ་ཆེན་གྱི་མཐར་ཕྱིན་ཆེད་རྩོམ་དུ་དམིགས་བསལ་གྱི་དོན་གྲུབ་རྒྱལ་གྱི་སྐོར་མིན་ནའང་། རིགས་གཅིག་ལ་དོན་གྲུབ་རྒྱལ་གྱི་སྐོར་ཡིན་པ་དེ་འདྲ་མཐོང་མྱོང་། སྐབས་དེ་དུས་དོན་གྲུབ་རྒྱལ་དང་ལེན་བྱེད་མཁན་གཙོ་བོ་གཞོན་ནུའི་སྐོར་རེད།
དྲི་བ། སྔོན་ཆད་ཅིག་ལ། སྐུ་ཉིད་ལ་ཉིད་ཀྱི་སྙན་ངག་གོ་ཡི་མི་འདུག་ལབ་ནས་དེའི་སྐོར་དྲི་བ་འདྲི་དུས། སྐུ་ཉིད་ཀྱིས་ལན་དུ་ངའི་སྙན་ངག་ལོ་བརྒྱའི་རྗེས་ནས་གོ་ཡི་རེད་ཟེར་ནས་ལན་གནང་བ་རེད་ཟེར་བ་ཞིག་བཤད་སྲོལ་འདུག དེ་དངོས་གནས་ཡིན་ནམ། ལན་ཞིག་གནང་རོགས།
ལན། ང་ལ་དེ་འདྲའི་དྲི་བ་འདྲི་མཁན་སུ་རེད། ས་ཆ་གང་རེད། དུས་ཚོད་ནམ་ཞིག་རེད། ཁྱོད་དེ་དུས་ས་ཆ་གང་དུ་ཡོད། ངས་དེ་འདྲ་ཞིག་མི་དྲན་གི ཕལ་ཆེར་དེ་འདྲ་ཞིག་ཡོད་མི་སྲིད་པ་སྙམ་གྱི་ཡོད།
༢༠༡༥ ༦ ༡༥ ཡི་གེར་བཀོད།
ཚང་མ་བཀླགས་ཟིན། འདས་ཟིན་པའི་དུས་ཚོད་ཀྱི་ཀློང་དུ་བསྐྱོད་པ་ཡིན། དོན་གྲུབ་རྒྱལ་ལ་ཐུག་སོང་། ཁོ་དང་མཉམ་དུ་ཇ་ཞིག་ཀྱང་བཏུངས་པ་ཡིན། ཡིན་ཡང་ཆང་འཐུང་རྒྱུ་སྤོབས་པས་འདངས་མ་སོང་།
འདི་ན་ལྗང་བུས་རྩོམ་གཅིག་ཁོ་ལ་བྲིས་ཚུལ་བཤད་འདུག་དེ་ཡིན་པའི་ཆ་བཞག་ཞོག ཡིན་ན་ཡང་རང་མོས་སྙན་ངག་སྲོལ་བཏོད་མཁན་ཡང་ཁོ་རང་ཡིན་པའི་བཟོ་འདྲ་ཟིག་བཤད་འདུག དེ་ག་འདྲ་ཡིན་ནམ་སྙམ།
རྩོམ་ཡིག་ལས། བརྩམས་ཆོས་ལ་གོ་དོན་གང་ཡང་མི་འདུག སྙན་ངག་ལས། སྙན་དངགས་འདི་དག་པར་མཐོང་། རང་མོས་སྙན་དངགས་ཞེས་པ་ནི། རྟོག་བཏགས་ཙམ་ལས་ཁྱད་ཆོས་ལྷག་མ་གང་ཡང་གསལ་མི་འདུག
སྔོ་ཚལ་ཁང་གི་མཐོང་ཐོས་འབྲི་མཁན་སྐུ་ཞབས་དོན་གྲུབ་རྒྱལ་ལམ་རང་གྲོལ་མིན་པ་དེ་རིང་བར་མ་ཤེས། །
ཨ་འཇམ་ཀྱིས་ཡི་གེར་བཀོད་པ་ཡག་བྱུང་། ངས་བཀླགས་པ་ཡིན། །
བཤད་མཁན་ཉོག་ཡོད་པ་ཡིན་ནམ། ཡི་གེར་འབྲི་མཁན་ཉོག་ཡོད་པ་ཡིན་ཆ་མ་འཚལ་ཡང་། གང་ལྟར་མགོ་ཉོག་པོ་ཞེ་དྲག་འདུག་ལ་ཡིག་ནོར་དོན་ནོར་ཡང་མང་ཙམ་འདུག་པས། གནས་ཚུལ་ཁ་ཤས་ཐོག་གོ་ལ་ལོག་རྒྱུའི་ཉེན་ཁ་ཡང་མི་ཉུང་བ་ཞིག་འདུག་དོ་།།
སྐུ་ཞབས་དོན་གྲུབ་རྒྱལ་ལགས་ནི་ཕ་ཡུལ་གཅན་ཚ་ནས་རེད་ཅེས་གཅན་ཚ་ནས་ཡིན་པའི་གྲོགས་པོ་ཁ་ཤས་ཀྱིས་བཤད་མྱོང་།
ཁོད་འགྲོ་བ་བཅས་དགོངས་འཇགས་ཞུ།
ཡིག་ནོར་དོན་ནོར་མང་པོ་རི་འདྲ་སྤུངས་འདུག།
རང་གྲོལ་ལྗང་བུ་གང་ཡང་བཀྲོལ་བ་མ་མཐོང་།།
གནའ་རབས་དེང་རབས་སྙན་ངག་ཐང་མར་བརྡལ་འདུག།
ཤེས་ཡོན་བསམ་བློ་གང་ལ་ཕན་པ་མི་འདུག།
ཨ་འཇམ་གྱིས་མི་དགོས་སར་ཆུ་ཚོད་འཕྲོད་བརླག་ཏུ་བཏང་འདུག འདིར་སྐད་ཆ་དམིགས་བསལ་བ་ཅི་ཞིག་འདུག དེ་ལས་ཁྱོད་ཀྱིས་སྙན་ངག་ཤོ་ལོ་ཀ་གཅིག་བྲིས་ཡོད་ན་འགྲིག་པ་ལ་ཨང་།
སྔར་གྱི་བོད་དཔེ་རྣམས་སུ་དངགས། ཞེས་བྲིས་ཡོད་པ་དང་། དབྱངས་འཐེན་ནས་འདོན་པ་ལ་སྙན་དངགས་སྟེ་ལུངཔ སོ་སོའི་ཕལ་སྐད་དབང་གིས་སྒྲ་གདངས་མི་འདྲ་བ་འབྱུང་། དངགས། ཞེས་པ་འདོན་པ་སྔོན་འཇུག་ད་ཡིག་ལ་ར་སྒྲིའི་ཟུར་འཐོན་པའི་སྒྲ་གདངས་ཀྱང་མཐོང་། རང་བཞིན། དཔེ། གཟུགས་ཅན། བསྐོར་བ་སོགས་སྙན་དངགས་མེ་ལོང་མ་ནས་བཤད་པ་ཡོད་ཀྱང་། སྐུ་གཤེགས་་དོན་གྲུབ་རྒྱལ་གྱིས་རང་གི་བློ་སྟོབས་ཀྱིས་སྙན་དངགས་ཀྱི་དཔེ་ཆ་འདྲ་བརྩམས་པ་ཡོད་ངེས། ཁོང་གི་སྙན་དངགས་དཔེ་ཆ་ཞིག་མཐོང་བ་གསལ་པོར་མི་དྲན། རྒྱ་གར་གྱི་ཉེ་དུས་ཀྱི་ར་བཱིནྡྲ་ནཱཐ་ཊེགྷོར་གྱིར་བརྩམས་པ གླུ་ཐལ་མོ་སྦྱར། ཞེས་པ་དང་པོར་སྐད་གྲགས་ཀྱིས་གཟེངས་བསྟོད་ལེགས་གསོལ་བྱུང་ཡང་། རྗེས་སུ་ཡོངས་གྲགས་མ་བྱུང་། སློབ་དཔོན་རྟ་དབྱངས་ཀྱི་སངས་རྒྱས་ཀྱི་སྤྱོད་པ་ཞེས་བའི་སྙན་དངགས་དང་། ནག་མོ་འཁོལ་གྱི་བསྟན་བཅོས་སྤྲིན་གྱི་ཕོ་ཉ་སོགས་ལེགས་སྦྱར་དུ་སྐད་གྲགས་ཆེ་ཡང་བོད་འགྱུར་དེ་དག་སྙན་དངགས་ཀློག་འདོད་པ་ཞིག་མ་བྱུང་། སློ་བདཔོན་དཔའ་བོའི་སྐྱེ་རབས་སོ་བཞི་པ་ལེགས་སྦྱར་དུ་སྙན་དངགས་རྩིས་མཐོང་ཆེན་པོ་ཡོད་པ་བཞིན་བོད་འགྱུར་ཀྱང་ལེགས་པས་ལྕང་སྐྱ་རོལ་པའི་རྡོ་རྗེས་ཞལ་མཆེམས་ཀྱི་ཚུལ་དུ་ཡོངས་ཡེ་ཤེས་རྒྱལ་མཚན་ལ་འགྲེལ་པ་རྩོམ་པར་བསྐུལ་བ་བཞིན་སྐྱེ་རབས་སོ་བཞི་པའི་འགྲེལ་པ་འགྲལ་ཟླ་མེད་པ་ཞིག་བཞུགས་པ་མཇལ་ཐུབ་པའི་རེ་བ་ལགས། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ལེགས་སྦྱར་དུ་སྙན་དངགས་འབྲིང་པོར་འདོད་ཀྱང་། བོད་འགྱུར་དེ་བོད་ལ་ཡོངས་གྲགས་ཆེན་པོ་བྱུང་། སྙན་དངགས་ཀྱི་བསྟན་བཅོས་དེ་ལ་གཞིར་བཟུང་སྣར་ཐང་དུ་བྱང་ཆུབ་སེམས་དཔའི་རྟོགས་བརྗོད་ཀྱི་སྤར་ཤིང་བརྐོས། དེ་ལས་རས་སུ་སྤར་ཅིང་ཚོན་བཅུག་པའི་ཞལ་ཐང་ཨ་རི་སོགས་ཀྱི་འགྲེམས་སྟོན་ཁང་སོགས་ན་མཇལ་ཐུབ་བོ།