ཐོད་རྒོད་པ་སྤྱན་ཆབ།
རང་ཚུགས།
མི་ཚོགས་ཀྱིས་ཅི་ཞིག་གསུང་ཡང་མ་གསུང་ཡང་།
མི་ཚོགས་ཀྱི་མིག་ཟུང་འཁོར་ཡང་མ་འཁོར་ཡང་།
ང་ནི་ནམ་ཡང་རང་ཉིད་ཀྱི་ཀ་བ་གྲུ་བཞི་དེ་ཡིན་པས།
”ར་མ་རའུར་སོང་ཀྱང་རྩིད་པར་འདོད་ཆགས་ལང”དོན་ཁྱོན་ནས་མེད།
རང་ཚུལ།
སྨྲ་སྒོ་ཆེན་པོ་འདི་སྤུ་དང་བ་སྤུས་ཇི་ལྟར་བསྐོར་ཞིང་།
སྨྲ་སྒོ་མང་པོས་ང་ལ་ངན་དམོད་ཀྱི་རལ་གྲི་ཇི་ལྟར་བརྡབ་ནའང་།
ངས་རང་ཉིད་ཀྱི་བཤད་འདོད་པ་ཡོད་ཚད་གླེང་བཞིན་ཡོད།
ངས་རང་ཉིད་ཀྱི་ཟ་འདོད་པ་ཐམས་ཅད་ལ་ལྕེ་ཡིས་རེག་བཞིན་ཡོད།
རང་སྣང་།
བར་སྣང་ན་རླུང་གི་གཤོག་པ་ཞིག་ཡོད་ཟེར།
ས་སྟེང་ན་ལྕགས་ཀྱི་རྐང་པ་གཉིས་ཡོད་ཟེར།
མི་ཡུལ་ན་གསེར་གྱི་ལག་པ་ཟུང་གཅིག་ཡོང་ཟེར།
ང་འགྲོ་འདོད་ན་འཕུར་ཆོག་ལ་འདུག་འདོད་ན་ཉལ་ཆོག་ཟེར།
རང་སེམས།
དཀར་འཇམ་གྱི་ལྷ་དར་ཡུགས་གཅིག་མ་དེ་ལས་ཅུང་ནག་པ་འདྲ་བའི།
ཟུངས་ཁྲག་གི་བཞུར་རྒྱུན་ཁོལ་ཁོལ་མ་དེ་ལས་ཅུང་དམར་པ་འདྲ་པའི།
ཕྱི་ཚུལ་བལྟས་བལྟས་ནའང་ཅི་ཡང་མི་མཐོང་བ་ལྟ་བུའི།
ནང་ལོགས་སུ་བསྙབ་བསྙབ་ནའང་ཅི་ཡང་མི་རེག་པ་ལྟ་བུའི།
སུས་ཀྱང་མི་ཤེས་བཞིན་སུ་ལའང་འཐམ་ཡོད་པ་དེ་ཁྱོད་ཀྱི་རང་སེམས་རྣལ་མའོ།།
རང་ལུས།
ཉི་མ་ཤར་བ་ན་ཁྱོད་ཀྱི་རང་ལུས་གཡས་ཕྱོགས་ན་འགྲེང་ནས་ཡོད།
ཟླ་བ་ནུབ་པ་ན་ཁྱོད་ཀྱི་རང་ལུས་གཡོན་ཕྱོགས་སུ་རྒྱུ་བཞིན་འདུག
ལན་རེར་རང་ཉིད་ཀྱིས་ཀྱང་མཐོང་བར་མི་ནུས་པའི་རང་ལུས་འདི།
མདོར་ན འགྲོ་དུས་ལམ་གྲོགས་དང་གཉིད་དུས་ཉལ་རོགས་རེད་འདུག