འཇམ་གཅེས།
བོད་མི་མང་སྤྱི་འཐུས་དང་སྲིད་སྐྱོང་གཙོས་པའི་སྒྲིག་འཛུགས་ཀྱི་ལས་བྱེད་དག་ནི་སྤྱི་པའི་འགན་ཁུར་ནུས་པ་ཞིག་དགོས་པ་ལས། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་བྱེད་པ་ནི་ནམ་ཡང་གཟི་བརྗིད་མིན་པ་ཙམ་དུ་མ་ཟད་ཞབས་འདྲེན་ཡིན། ལྷག་པར་དུའང་རང་ཉིད་འོས་འདེམས་བྱེན་མཁན་གྱི་ཆོལ་ཁ་དང་ཆོས་ལུགས་པའི་ཞབས་འདྲེན་ངོ་མ་དེ་ཡིན་པ་ལས་ནམ་ཡང་གཟི་བརྗིད་མིན། ང་ཚོའི་སྒྲིག་འཛུགས་ནི་གཞིས་བྱེས་བོད་མི་ཡོད་དོ་ཅོག་གི་ཚབ་མཚོན་རང་བཞིན་གྱི་སྒྲིག་འཛུགས་ཤིག་ཡིན་པ་ལས་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པའི་སྒྲིག་འཛུགས་ཤིག་ནམ་ཡང་མིན། དེ་བཞིན་ང་ཚོས་དགོས་འདུན་ནི་བོད་རིགས་ཡོངས་ལ་རང་དབང་དང་ཐོབ་ཐང་ཞིག་ལས་ཆོལ་ཁ་དང་ཆོས་ལུགས་བྱེ་བྲག་པའི་དགོས་འདུན་ཞིག་ནམ་ཡང་མིན།
མདོར་ན་སྤྱི་མི་ཚད་ལྡན་ཡོང་མིན་དེ་ནི་མི་མང་གི་ལག་ཏུ་ཡོད་པས་ངེས་པར་དུ་མང་ཚོགས་མི་རེ་ངོ་རེ་ནས་ཡིད་གཟབ་དགོས་པ་ལས། རང་ཉིད་གང་གི་ཁོངས་སུ་གཏོགས་པའི་ལུང་ཚན་དང་། ཆོལ་ཁ། ཆོས་ལུགས། དགའ་ཉེ་སོགས་རྒྱུ་མཚན་ལྟར་སྣང་གི་ལམ་ནས་འོས་བསྡུར་བྱེད་པ་ནི་ཡིད་མུག་དགོས་པ་ལས། ནམ་ཡང་གཟི་བརྗིད་མིན། ཁྱེད་ཀྱིས་འོས་འདེམས་སྐབས་སུ་གསང་བའི་སྒོ་ནས་ཡིན་སྟབས་སུས་ཀྱང་ཧ་མི་གོ་བའི་གོ་སྐབས་ཤིག་ལ་ངོས་འཛིན་གྱིས་ཕྱོགས་ཞེན་དང་། དྲང་བདེན་ལ་འགན་ཁུར་གང་ཡང་མེད་པའི་སྒོ་ནས་འོས་བླུགས་ནའང་། དོན་དངོས་ཐོག་ཁྱོད་ཀྱི་ངན་མཚང་དང་ཁྱོད་ཀྱི་རང་མདོག་ངོ་མ་དེ་འོས་ཤོག་དང་ལྷན་དུ་སྤྱི་ཚོགས་ནང་དུ་རང་ཉིད་ཀྱིས་ཐེར་འདོན་བྱས་པ་ཡིན། ཁྱོད་ཀྱི་མི་གཞིའི་ཀུན་སྤྱོད་དང་དྲང་བདེན་ནི་ཕྱི་ཙམ་མིན་པར། ཁྱོད་ཉིད་འཇིག་རྟེན་འདིར་ཇི་སྲིད་འཚོ་བའི་རིང་དུ་སྐད་ཅིག་ཙམ་ཡང་འབྲལ་མི་རུང་བའི་རིན་ཐང་ཅན་གྱི་དངོས་པོ་ཞིག་ཡིན་པ་ལས། ལྐོག་གཡོ་ངན་ཇུས་འཁྲབ་བྱེད་ཀྱི་ཟློས་གར་པའི་འཁྲབ་ཆས་ཤིག་ནམ་ཡང་མིན།
ཁྱོད་ཀྱི་ལུང་ཚན་དང་དགའ་ཉེ་གང་ཡིན་ཡང་བཙན་བྱོལ་བའི་དཔོན་གནས་མ་ཐོབ་ནའང་ཁྱོད་ལ་གྱོང་ཁ་གང་ཡང་མེད་ལ། ཐོབ་ནའང་ཁེ་བཟང་དེ་ལས་ཀྱང་མེད། དཔེར་ན། ང་ལ་མཚོན་ན་བཙན་བྱོལ་བའི་སྒྲིག་འཛུགས་ནང་དུ་དབང་ཚད་ལྡན་པའི་སྙིང་ཉེ་བའི་གྲོགས་པོ་དང་གྲོགས་མོ་གཅིག་ཀྱང་མེད་ལ། འོན་ཀྱང་འདས་ཟིན་བྱུང་རབས་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཀྱང་བཙན་བྱོལ་བའི་སྒྲིག་འཛུགས་ཀྱིས་ང་ལ་ཁེ་ཕན་ལས་གྱོང་ཁ་གང་ཡང་སྤྲད་མྱོང་མེད་ལ། མ་འོངས་པ་ལའང་སྤྲད་མི་སྲིད། གལ་སྲིད་སྤྲད་པའི་དབང་དུ་བཏང་ནའང་ངའི་ངོས་ནས་ནམ་ཡང་ཁས་མི་ལེན་པ་ཙམ་དུ་མ་ཟད྄། ང་ལ་གྱོང་སྤྲད་མཁན་གྱི་མི་དེ་དག་ཁྲིམས་ལ་སྦྱར་བའི་དབང་ཚད་དང་རང་དབང་ཡོངས་རྫོགས་ཡོད།
ཤེས་ཡོན་དང་ཀུན་སྤྱོད། འཇོན་ཐང་དང་ལྷག་བསམ་གང་ཡང་མེད་ཁར། ད་དུང་ཕྱོགས་ལྷུང་དང་། གཞན་གྱིས་སྣ་གར་འཐེན་ལ་རྒྱུགས་འགྲོ་མཁན་གྱི་མི་བུ་ཐ་ཤལ་བའི་རིགས་དེ་དག་ནི་ཕ་ཡུལ་དང་ལུང་ཚན་གཅིག་པ་མི་དགོས། དྲིན་ཆེན་ཕ་མ་ཡིན་རུང་ངས་སྤྱི་འཐུས་ལ་མི་འདེམས། རྒྱབ་སྐྱོར་མི་བྱེད། ཚད་ལྡན་གྱི་འོས་མི་ཞིག་ཡིན་ཚེ་དགྲ་བོ་ཡིན་ཡང་གུས་བཀུར་ཅིའི་ཕྱིར་མི་ནུས། མདོར་ན་ངོ་གདོང་ལ་ལྕགས་འབག་གྱོན་མེད་ན་རང་ཉིད་ཀྱི་བྱ་སྤྱོད་ངན་པ་དེ་དག་རང་ཉིད་ཀྱིས་ངོས་འཛིན་ཐུབ་པའི་སྒོ་ནས་སྤྱི་འཐུས་དང་སྲིད་སྐྱོང་གི་འོས་བསྡུར་མི་སྒེར་རམ་རང་ནས་མགོ་བཙུགས་ཏེ་འགན་ཁུར་གནང་རོགས། རང་ཉིད་ཀྱི་སྐྱོན་མཚང་རང་ཉིད་ཀྱིས་བརྟོལ་རོགས། མི་ལ་ངོ་ཚ་མེད་ན་འདྲེ་དང་། ཁྱི་ལ་རྔ་མ་མེད་ན་ཐན་རེད།
མི་རིགས་ཀྱི་ལ་རྒྱ་དང་། རང་ཉིད་ལ་ངོ་ཚ། བཀའ་དྲིན་ལ་བསམ་ཤེས་ཡོད་ན་ད་ལྟ་ཡོད་བཞིན་པའི་བཙན་བྱོལ་སྒྲིག་འཛུགས་འདི་ལ་རྡོག་རྩ་གཅིག་སྒྲིལ་གནང་དགོས། དེ་མིན་ནམ་ཡང་སྤྱི་སེམས་ཁ་ལ་འཁྱེར་ནས་སྒེར་ནད་ཁོག་ཏུ་བཅངས་མཁན་གྱི་མི་བུ་སྟེ། བླུན་རྨོངས་མཁྲེགས་འཛིན་མཁན་དང་། ཕྱོགས་རིས་གདོན་ནད་ཀྱིས་མནར་བཞིན་པའི་སྐྲན་ནད་ཅན་ནམ་ཁྲེལ་མེད་ཉུང་ཤས་ཀྱི་རྗེས་སུ་ནམ་ཡང་རྒྱུགས་མི་རུང་། མདོར་ན་རང་ཉིད་རང་ཚུགས་ཅན་ཞིག་དང་། སྤྱི་པའི་སྒྲིག་འཛུགས་ལ་ལྷག་བསམ་ལྡན་པའི་མི་བུ་ཡ་རབས་ཤིག་གནང་རོགས་ཞུའོ།། །།
ལེགས་པར་བཤད་འདུག སྨན་སོང་། ལགས་སོ།
དང་པོ་འཇམ་གཅེས་རང་ཉིད་ཀྱི་སྐྱོན་ཚང་དེ་ཁྱེད་རང་ཉིད་ཀྱིས་བརྟོལ་དང་དེ་ནས་ལྟ་ཆོག་རྒྱུ་རེད། དྲི་བ། དང་པོ། ཁྱེད་རང་ལ་སྐྱོན་ཆ་ཡོད་དང་མེད། ཡོད་ན་འདི་དང་དེ་ཞེས་འདི་ན་བཤད་དགོས། གལ་སྲིད་ཁྱེད་ལ་སྐྱོན་ཆ་རིགས་མེད་ཟེར་བ་ཡིན་ན་ཁྱེད་ནི་འཇིག་རྟེན་མིའི་གྲལ་དུ་མེད་སོང་བ་ཡིན་པས་མི་དང་ལྷན་དུ་གླེང་མོལ་ཡོང་རྒྱུ་མེད་པར་ཤེས་པ་བགྱིས།
དཔྱད་རྩོམ་ཡག་པོ་བྲིས་གནང་འདུག། སྲིད་སྐྱོང་འོས་མི་གཅིག་ལས་འདེམས་དགོས་མེད་ཙང་སྐྱོན་ཆེ་བ་མི་འདུག། གསར་འགྱུར་བརྒྱུད་ལམ་ཁག་ནང་ལའང་ཡང་ཡང་གོ་རྒྱུ་མཐོང་རྒྱུ་འདུག།
སྤྱི་འཐུས་འདེམས་སྟངས་ནི་འཛམ་གླིང་མང་གཙོའི་རྒྱལ་ཁབ་སུ་དང་ཡང་མི་གཅིག་པའི་འོས་འཕེན་པ་རེ་ནས་འོས་མི་མང་པོ་ཞིག་འདེམས་དགོས་ཀྱི་ཡོད་པ་དང་། འོས་མིའི་ཤེས་ཡོན་སོགས་རྒྱབ་ལྗོངས་སྐོར་གསལ་བསྒྲགས་འདང་ངེས་མེད་ཙང་མགོ་རྙོག་པོ་ཞེ་དྲག་རེད། འོས་འཕེན་པ་སོ་སོས་གཟབ་གཟབ་མ་བྱས་ན་ཉེན་ཁ་ཆེན་པོ་ཞེ་དྲག་རེད་འདུག། རྒྱུ་མཚན་ནི། གྲོས་ཚོགས་ནང་གནད་དོན་གལ་ཆེ་ཆུང་མང་ཆེ་བ་མང་མོས་ཐག་གཅོད་ཐོག་འགྲོ་གི་འདུག། བྱས་ཙང་སྤྱི་འཐུས་ཤེས་ཡོན་ཅན་དང་། ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་རིས་མེད་མཁན་སྤྱི་མི་བསམ་པ་རྣམ་དག་ཅིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་འདུག་གོ།
གངས་ཕྲུག་མིང་ཅན་ལ་གསལ་བཤད། རྩོམ་ཡིག་ནང་དུ་གང་བྲིས་འདུག་མིན་དེ་ཞིབ་ཚག་པོའི་སྒོ་ནས་གཟིགས་དགོས་པ་ལས། རྩོམ་པ་པོ་ལ་སྐྱོན་འཛུག་རྒྱུར་གཙོ་འདོན་མི་རུང་། ང་ནི་སྐྱོན་གྱི་གོང་བུར་ཡིན་པས། སྐྱོན་འདི་དང་འདི་ཡོད་ཅེས་ཡིག་ཐོག་འབྲི་དགོས་ཚེ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ཡིག་ཚོགས་ལས་ཀྱང་མང་བ་ཞིག་འགྱུར་ངེས་པས་དྲྭ་ལམ་དུ་འབྲི་ག་ལ་ནུས། འོན་ཀྱང་གོང་གསལ་རྩོམ་ཡིག་ཏུ་གསལ་བའི་ཆོས་ལུགས་ཆོལ་ཁའི་ཕྱོགས་ཞེན་ཟེར་བ་དེ་ནི་ང་ལ་མེད་ཅེས་སྤོབས་པ་ཆེན་པོའི་སྒོ་ནས་སྨྲ་བར་ནུས། དེའི་ཕྱིར་རྩོམ་ཡིག་འདི་ལྟར་འབྲི་བའི་ཆ་རྐྱེན་རང་ཉིད་ལ་ཡོད་པར་རློམས་ནས་བྲིས་པ་ཡིན།
༼ཕྱོགས་རིས་གདོན་ནད་ཀྱིས་མནར་བཞིན་པའི་སྐྲན་ནད་ཅན་ནམ་ཁྲེལ་མེད་ཉུང་ཤས་ཀྱི་རྗེས་སུ་ནམ་ཡང་རྒྱུགས་མི་རུང༽ ཅེས་པའི་ཉུང་ཤས་དེ་ཚོ་སུ་རེད་གསལ་པོ་བྲིས་ན་ཕྱི་གསལ་ནང་གསལ་རེད། དེ་མིན་དགོད་བྲོ་བའི་གཏམ་ངོ་མ། ཚེ་འདི་ཕྱི།
བཀྲ་ཤིས་མིང་ཅན་ལ། རྩོམ་ཡིག་འདི་བཞིན་སྤྱི་ཚོགས་དཔྱད་བརྗོད་ཀྱི་ངོ་བོའི་ཐོག་ནས་བྲིས་ཡོད་པ་ལས། སྐྱེ་བོ་སྒེར་པ་ཞིག་ལ་བསྐྱོན་བརྗོད་མིན་སྟབས། མི་རེ་རེ་ནས་མིང་དངོས་སུ་སྨྲོས་པའི་ལམ་ལུགས་ནི་སྤྱི་ཚོགས་དཔྱད་རྩོམ་དང་དཔྱད་བརྗོད་ཀྱི་ར་བའི་ནང་མེད་པ་དེ་ཤེས་དགོས། གཙོ་བོ་རྩོམ་ཡིས་བརྗོད་བྱས་སུ་ཞིག་གི་སྙིང་ལ་མི་བདེ་བ་བྱས་ན་དེ་རང་གོ་དགོས་པ་ནི་སྒྱུ་རྩའི་ཁྱབ་ཁོངས་སུ་གཏོགས་པའི་དཔྱད་རྩོམ་གྱི་ཁྱད་ཆོས་ཤིག་རེད།
ཁྱེད་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་པ་ཁྱེད་རང་ཉིད་ཀྱིས་བཤད་པར་སུ་ཡིས་ཡིད་ཆེས་བཟོ་ནི་མ་རེད། ཁྱེད་རང་མི་དྲང་ལྡན་ག་ཚོད་ཡོད་མེད་དྲ་ཐོག་ནས་མཐོང་གིས་འདུག། རང་ཕྱོགས་ཅིག་པུ་ལས་མ་མཐོང་མཁན་མི་ཞིག་ཡིན་པ།
རེད་རེད། ང་དྲང་བདེན་མིན་པ་དེ་ཁྱོད་དང་ཁྱོད་ཀྱིས་ཕྱོགས་གཏོགས་པ་ཚོའི་མིག་སྔར་མ་མཛའ་བས་ཡིན། ཁག་མེད་ཧ་ཧ་ཧ་
ཡག་པོ་བྲིས་འདུག་རྒྱབ་སྐྱོར་ཡོད།
རེད་་་་ཆོས་ལ་ཁ་བཀལ་ཏེ་དད་པས་འོས་བླུག
དྲང་བདེན་གྱི་སྤྱན་ཟུང་མངའ་བའི་གྲོགས་པོ་ཡོངས་ལ་བཀའ་དྲིན་ཆེ། དུས་རྒྱུན་དུ་ད་དུ་ར་བཟས་པ་ལྟ་བུའི་སྨྱོས་གར་མཁན་དག་ལ་ནི་གོ་བརྡ་འཕྲོད་རུང་མ་འཕྲོད་པའི་ཚུལ་ལ་དགའ་བས་ན་ངས་ཀྱང་ཧ་གོ་ནས་ཡོད།