ཀླུ་སྨྱོན།
—-རང་ཉིད་ཀྱི་རྩོམ་རིག་གི་མི་ཚེར་ཕྱི་མིག་ལྟ་བ།
མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་མི་ཚེ་དེ་དོན་སྙིང་ལྡན་ཞིང་ སྤྲོ་སྣང་འཁོལ་བ་ཞིག་ཡིན་ན་ལོས་འདོད། ཐ་ན་བྱིས་པའི་རྩེད་ར་ཆུང་ཆུང་དེ་ཚོ་ཡང་ཁོ་ཚོའི་སེམས་ཀྱི་མཛེས་སྡུག་ཏག་ཏག་ གིས་བཞེངས་ཤིང་གྲུབ་པར་བྱས་ཡོད་ཅིང་། ཁོང་ཅག་གི་རྩེད་ར་དེ་མཚོ་འགྲམ་གྱི་བྱེ་མའི་ཕུང་པོ་ཞིག་ལས་གྲུབ་ཡོད་ན་ཡང་། ཁོང་ཅག་གིས་དེའི་མ་འོངས་པའི་ཆག་འཇིག་ལ་བསམ་བློ་མི་གཏོང་བར་ཉི་མ་དེ་རིང་དང་ དུས་ཚོད་འདི་རང་ཙམ་གྱི་དུས་ཡུན་ནང་རང་ཉིད་ཀྱིས་བཞེངས་པའི་བྱེ་མའི་ཁང་པ་དང་ རི་བོ་ཆུང་ཆུང་དེ་དག་ཇི་ལྟར་མཛེས་སྡུག་གཟི་འོད་འབར་བ་ཞིག་ཏུ་བཞེང་ཅི་ཐུབ་ བྱེད་པ་རེད།
འོ་ན་ང་ཚོ་སྟེ་རྒན་རབས་པའི་ གྲས་སུ་ཚུད་ཚར་བའི་སྨྱུག་ཐོགས་པ་འདི་དག་གིས་དེ་རིང་བར་དུ་རང་ཉིད་ཀྱིས་བཞག་ པའི་རང་གི་རྐང་རྗེས་ཀྱི་གྲངས་ཀ་དང་དེ་དག་གི་ཟབ་ཚད་ལ་བསམ་བློ་རེ་གཏོང་མྱོང་ ངམ། གལ་སྲིད་ཁྱེད་ཀྱིས་ང་ལ་ལྡོན་པའི་ལན་དེ་ནི་ངས་ཚོད་དཔག་བྱས་པ་དེ་ནོར་མེད་ན་མ་ མྱོང་ཞེས་པ་དེ་རེད། དེ་ནི་ཡིན་སྲིད་པ་ཞིག་སྟེ། འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་སོ་མ་འདི་ཀ་རང་གི་རྒྱུན་སྐྱོང་དགོས་ཞེས་སྔོན་བྱོན་དམ་པ་ཉམས་ མྱོང་ཅན་མང་པོ་ཞིག་གིས་རང་གི་སློབ་བུ་ཡང་སློབ་དག་ལ་གདམས་ཡོད་པས་སོ།།
ང་རང་ལ་མཚོན་ན་ཀ་རྩོམ་ཐན་ཐུན་རེ་འབྲི་དུས་སུ་རྩོམ་པ་པོ་ ཉི་ཚེ་བ་ཞིག་ཡིན་ལ། སྙན་ངག་མེ་ལོང་མར་དཔེར་བརྗོད་འབྲི་དུས་སུ་ཡང་གསར་སློབ་པ་ཉི་ཚེ་བ་ཞིག་དང་། དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་འདྲ་མིན་སྤེལ་དུས་ད་དུང་རྩོམ་པ་པོ་ཉི་ཚེ་ བ་ཞིག ད་ལྟ་དྲ་ངོས་སུ་གང་འདོད་ཅི་འདོད་དུ་རྩོམ་ཡིག་སྣ་ཚོགས་བྱོ་དུས་སུ་ཡང་སྔར་ བཞིན་ཟིན་བྲིས་པ་ཉི་ཚེ་བ་ཞིག་ལས་ཅི་ཡང་མིན་པར་བསམས་ན། མི་ཞིག་གིས་ལྟ་དུས་གྲོག་མ་ཞིག་ཉིན་གང་བོར་ཡར་རྒྱུགས་མར་རྒྱུགས་བྱས་པ་དེ་ལ་ རིན་ཐང་རྩི་རིན་ཅང་མཐོང་གིན་མེད་པ་དང་འདྲ་བ་འམ། ཡང་ན་མི་རྒན་ཞིག་གིས་བྱིས་པའི་རྩེད་མོ་དག་ལ་སྣང་ཆུང་ངམ་དོ་སྣང་ཅང་མི་བྱེད་ པར་སྡོད་པ་དང་ཧ་ཅང་འདྲ་བར་སྣང་བ་འདི་ནི་ངོ་མ་འཇིགས་སུ་རུང་བ་ཞིག་རེད་ཨང་།
རང་ ཉིད་ཀྱིས་དང་པོར་བཞུ་མར་འོག་ནས་བྲིས་ཏེ་སྣུམ་དཔར་དུ་བཏབ་པའི་རྩོམ་ཡིག་དང་། དེ་རྗེས་དུས་དེབ་དང་ཚགས་པར་ཁང་སོ་སོ་ནས་ལྕགས་པར་དུ་བཏབ་པའི་རྩོམ་ཡིག ད་ལྟ་གློག་ཀླད་དུ་གཏགས་ཏེ་སྐད་ཅིག་མའི་ནང་འཛམ་གླིང་གི་ས་ཕྱོགས་སོ་སོའི་ ཀློག་མཁན་གྱི་མིག་ལམ་དུ་བཤམས་པའི་རྩོམ་ཡིག་སོགས་སྔ་ཕྱི་བར་གསུམ་གྱི་རྩོམ་ ཡིག་དག་མདུན་ཅོག་གཅིག་གི་སྟེང་དུ་བཤམས་ནས་བལྟས་ཚེ། ལོ་ངོ་ཉི་ཤུའི་སྔོན་གྱི་གྱོན་པ་ཞིག་ཡང་བཀྲུ་ཡང་གྱོན་བྱས་པ་ཙམ་ཞིག་གི་འདུ་ ཤེས་ལས་སྐྱེ་རྒྱུ་མེད་པ་འདི་ཅི་ཞིག་གིས་ནོངས་པ་རེད་ཨང་།
སྤྱིར་ན་བོད་ཀྱི་རྩོམ་ རིག་གསར་རྩོམ་གྱི་རླབས་རྒྱུན་འདིའི་ངོས་སུ་གཟི་འོད་སྣ་ཚོགས་ཤིག་འཕྲོས་དང་ འཕྲོ་བཞིན་པ་བདེན་མོད། བཀྲ་ཤིས་ཟླ་བ་དང་ཨ་ལེགས་ལྟ་བའི་སྒྲུང་རྩོམ་པ་སྐོར་ཞིག་དང་ཡི་དམ་ཚེ་རིང་དང་ ཚེ་རིང་དབང་མོ་ལྟ་བུའི་སྙན་ངག་པ་སྐོར་ཞིག་གིས་ང་ཚོར་ཉིན་གུང་གི་ཟས་ཐུན་ གཅིག་ལྟ་བུའི་བསམ་པའི་རྒྱགས་ཕྱེ་སྐོར་ཞིག་སྦྱིན་པ་དེ་བདེན་མོད། རང་སྟེང་ནས་བསམ་བློ་རེ་བཏང་ན་རྩོམ་མཁན་ཕར་ཟད་ཀློག་མཁན་ཤེས་རབ་ཅན་ཞིག་གི་ ངོས་ནས་ཀྱང་འགྲེང་ཐུབ་མེད་པ་ནི་ཅི་འདྲའི་ངོ་གནོང་དགོས་པ་ཞིག་རེད་ཨང་།
དུས་ དེ་རིང་ཡང་འགྱོད་པ་སྐྱེ་དགོས་པ་ཞིག་སྟེ། ཟི་ལིང་མེ་འཁོར་འབབ་ཚུགས་ཀྱི་ལྗན་ལྗིན་ཡོད་པ་ས་ཞིག་ཏུ་པཎ་ཆེན་སྐུ་ཕྲེང་བཅུ་ པའི་སྐུ་པར་ཞིག་མཐོང་ཡང་ཉིད་ཀྱི་གཟན་ཤམ་ལ་ནག་ནོག་འགོས་པར་དོགས་ཏེ་སྐུ་པར་ དེ་སྒྲག་ནས་གཙང་ས་ཞིག་ལ་འཇོག་མ་ཐུབ་པ་དེ་དང་འདྲ་བར། མི་ཁ་དང་འཕྱ་སྨོད་སོགས་ལ་འཇིགས་ཏེ་རང་ཉིད་ཀྱི་ཤེས་རབ་ལས་མཆེད་པའི་མེ་སྟག་ ཆུང་ཆུང་དེ་ཚོ་རེ་རེ་བཞིན་ནམ་ཡང་ཞུ་མི་སྲིད་པའི་འཁྱག་རོམ་རྡོག་པོ་རེ་རེས་ མནན་ནས་འཆི་རུ་བཅུག་པ་དེ་ད་དུང་དྲན་ན་ཤ་འདར་རྒྱག་གིན་འདུག་ཨང་།
མི་ལོ་དུ་མ་ཞིག་གི་སྔོན་རོལ་ཏུ་ང་ལ་བོད་ཀྱི་གྲྭ་པ་རྒན་པ་ ཞིག་གིས་འདི་སྐད་ཟེར་མྱོང་བ་སྟེ། ཁྱོད་ཚོས་རྩྭ་མ་ཟོས་པར་ལྕི་བ་གཏོང་རྒྱུ་ཡོད་པ་མ་རེད། དེ་དུས་ངས་ང་རྒྱལ་གྱི་སྣང་བ་སྦོམ་པོ་དེའི་དབང་གིས་རྒན་ཁོང་ཅག་གི་ཚིག་དེ་ བློ་ལ་གཏན་ནས་མ་སོང་བར་ཟུར་ཟའི་མིག་མདངས་སྐྱུག་བྲོ་བོ་ཞིག་གི་རྒྱབ་ཏུ་སྦས་ བཞག་པ་ཡིན་མོད། ལོ་ངོ་འདི་སྙེད་ཅིག་འདས་པའི་དེ་རིང་རྒན་ཁོང་གི་ཚིག་དེ་དག་ངའི་སེམས་ཀྱི་ གཏིང་རུམ་ཞིག་ནས་སྐྱུར་རྩི་ཅི་བཞིན་ཡང་ནས་ཡང་དུ་འཕྱུར་བཞིན་འདུག་ལ། དེང་སྐབས་དེ་དུས་བཟའ་དགོས་པའི་རྩྭ་ལོ་ལྗང་ཁུ་དེ་དག་ངས་ས་ཕྱོགས་གང་ཞིག་ནས་ རྙེད་མི་ཐུབ་པའི་དུས་ཚོད་དེར་བསླེབས་ཡོད་པ་འདི་ནི་ཅི་འདྲས་འཕྱིས་དྲགས་པའི་ འགྱོད་གདུང་ཞིག་གི་མཐའ་མ་དེ་རེད་ཨང་།
ངའི་ སྒྲུང་རྩོམ། ངའི་སྙན་ངག ངའི་ལྷུག་རྩོམ། ངའི་འཁྲབ་གཞུང་། ངའི་དཔྱད་རྩོམ། འདི་དག་རེ་རེ་བཞིན་རྒྱ་མ་གཅིག་གི་ཕར་ཕྱོགས་སུ་བརྩིགས། ཚུར་ཕྱོགས་དེར་ང་ཉིད་དང་ངའི་ཀློག་མཁན་དག་བཞག་ཚེ། སྲང་གང་གི་ཡང་ལྕི་ཡང་མེད་པར་ཕར་ཚུར་གཉིས་ཀ་འཛུམ་མོལ་ལེ་ལྷོད་ཤིག་གེར་སྡོད་ ཐུབ་པ་འདི་ནི་ཅི་འདྲའི་རྨི་ལམ་སྐྱི་གཡའ་དགོས་པ་ཞིག་རེད་ཨང་།
ཉི་ ཚེ་བ་ཞེས་པའི་གོ་དོན་ནི་ཉི་མ་གཏོང་ཐབས་དང་མི་ཚེ་སྐྱེལ་ཐབས་ཙམ་ཞིག་ལ་གོ་བ་ ཡིན་ན། ང་དང་ང་འདྲ་བའི་རྩོམ་པ་པོ་ཡིན་ཟེར་མཁན་གྲངས་མེད་ཅིག་གི་མི་ཚེ་དང་བརྩམས་ཆོས། བསམ་བློ་དང་མི་གཤིས་སོགས་རེ་རེ་བཞིན་གད་སྙིགས་སུ་གྱུར་ཚར་ནས་སྤྱི་ཚོགས་ལ་ དེ་ཙམ་མཁོ་གལ་མེད་པའི་སྤྱི་ཚོགས་ཀྱི་རྡོག་ཁྲེས་ཆུང་ཆུང་རེ་རེར་སྣང་བ་འདི་དག་ང་ཚོས་ཅི་ལྟར་བརྗེད་ནུས་ཨང་།
གལ་སྲིད་ངའི་བརྩམས་སྒྲུང་ཞིག་རྒྱ་ཡིག་ཏུ་བསྒྱུར་པ་ཡིན་ན་དེས་ལོ་རྒྱུས་རིང་བའི་རྒྱ་མི་རིགས་ལ་ངོ་མཚར་གང་ཞིག་བསྐྱེད་ཐུབ་བམ། གལ་སྲིད་ངའི་སྙན་ངག་ཅིག་དབྱིན་ཡིག་ཏུ་བསྒྱུར་པ་ཡིན་ན་དེས་མི་དྲན་དགུ་དྲན་ལྡན་པའི་ནུབ་ཕྱོགས་ཀྱི་ཀློག་པ་པོ་ཚོར་དགའ་སྡུག་གི་ཚོར་བ་ག་འདྲ་ཞིག་སྤྲོད་ཐུབ་བམ། གལ་སྲིད་ངའི་དཔྱད་རྩོམ་ཞིག་འཇར་ཡིག་ཏུ་བསྒྱུར་པ་ཡིན་ན་དེས་རིགས་པ་ཤིན་ཏུ་སྤྱང་བའི་འཇར་པན་པ་ཚོར་བློ་སྐྱེད་ཅི་ཞིག་སྦྱིན་ཐུབ་བམ། ཧ་ཅང་ཀླེན་ལྐུགས་ཡིན་པའི་རང་ཉིད་ལ་དྲི་བ་འདི་དག་མི་འདྲི་ཐབས་མེད་ཡིན་པ་དེ་རང་ཉིད་ཀྱིས་ཤེས་ཀྱིན་ཡོད་ན་ཡང་། ངས་ནམ་ཡང་རང་ཉིད་ལ་འདི་ལྟར་འདྲི་གཅོད་བྱས་པ་ཞིག་དྲན་གྱི་མི་འདུག་པ་དེ་སུས་སུ་ལ་བཀག་སྡོམ་བྱས་པའི་འབྲས་བུ་རེད་ཨང་།
འདི་ལྟར་རང་ཉིད་ཀྱི་ངོ་གདོང་ལ་རང་ཉིད་ཀྱི་མཛུབ་མོ་བཙུགས་ཤིང་། རང་ཉིད་ཀྱི་བརྩམས་ཆོས་ལ་རང་ཉིད་ཀྱིས་སྤྱི་སྡོམ་བརྒྱབ་སྟེ་རང་ཉིད་ཀྱིས་བརྒྱུད་པའི་ལམ་བུ་དེར་ཕྱི་མིག་ལྟ་ཐེངས་ཀྱི་གྲངས་ཀ་དེ་ཇེ་མང་དུ་གཏོང་ཕོད་པ་ཡིན་ན། ད་གཟོད་གཞི་ནས་རང་ཉིད་མི་ཞིག་ཡིན་མིན་དང་། རང་ཉིད་རྩོམ་པ་པོ་ཞིག་ཡིན་མིན། རང་ཉིད་སྙན་ངག་པ་ཞིག་ཡིན་མིན་སོགས་ཀྱི་དྲིས་ལན་རེ་རེ་བཞིན་རང་ཉིད་ཀྱི་ངོ་གདོང་དང་རང་ཉིད་ཀྱི་སྨྱུག་རྩེ་ནས་རྙེད་ཐུབ་ཨང་།
ཨ་ཁུ་ཀླུ་སྨྱོན་གྱིས་ཕྱི་གསལ་ནང་གསལ་བྱས་ནས་གསུངས་པ་ལ་མངོན་པར་བསྟོད་དོ།
རྩོམ་པ་པོ་ཞིག་ཡིན་ཕྱིན་མངོན་ལྐོག་མེད་པར་ཕྱི་གསལ་ནང་གསལ་བྱས་ནས་མི་མང་ལ་འདི་ལྟར་ལམ་སྟོན་གནང་དགོས་པ་ཡིན།
འདི་འགྱོད་པ་རྟས་མི་ཟིན་ཟེར་བ་དེ་རང་ཡིན་ན་དགའ་བ་ཨང། གང་ལྟར་རང་གིས་རང་གི་ངོ་གདོང་གསལ་བོར་མཐོང་ཐུབ་དགོས་པ་འདི་ཆོས་པ་ཞིག་གི་བློ་སྦྱོང་དང་པོ་ཡིན་པའི་ཆ་ནས་ད་ནི་ཁྱོད་ལ་རྟོགས་པ་སྐྱེས་འདུག་ཅེས་བརྗོད་འོས་པར་འདོད། ད་ནི་རྗེ་མི་ལ་སོགས་བཞིན་རིག་པ་ཀློང་རྡོལ་གྱི་མགུར་གླུ་བཞེངས་རན་མིན་ནམ། མ་གཞི་ནས་འཇིག་རྟེན་པའི་སྙན་ངག་པ་དང་སྒྱུ་རྩལ་པ་སོགས་ཚང་མར་མཛུབ་མོ་ལྔ་བཞིན་རིང་ཐུང་ཏོག་ཙམ་ལས་མེད་ན་ཡང་གཅིག་ལས་གཅིག་ལྷག་གི་རློམ་སེམས་ཤིག་གིས་ཕྱི་མའི་ནག་ཁུང་ནང་བར་ལ་དེད་འགྲོ་བ་ཞིག་མིན་ནམ། ད་ནི་བཀའ་གདམས་དགེ་བཤེས་རྣམ་པའི་རྡེའུ་དཀར་ནག་གི་རྩིས་དེ་འདེད་ཐུབ་ན་ཅིས་ཀྱང་དགེའོ། དགེའོ།།
ཨ་རོགས་ཀླུ་སྨྱོན་དེ་རིང་བསམ་ཤེས་སོང་བ་འདྲ།དེ་མིན་རང་ཉིད་མཁས་བར་རློམ་ནས་མགོ་བོ་ཅུང་མཐོ་རུ་འདེགས་བཞིན་ཡོད། བསམ་ཚུལ་འདི་དངོས་གནས་ཡིན་ན་པོ་དོང་ཕྱོགས་ལས་རྣམ་རྒྱལ་གྱི་རྗེས་འཇུག་དང་འདྲ་བས་རྗེས་སུ་ཡི་རང་ཡོད།འདིའི་སྒྲུང་བཤད་མི་དགོས་བར་མཁྱེན་གསལ་ཡིན། དུས་དང་ས་ཆའི་ཚོད་ཀྱི་རི་དྭགས་ཡིན་པ་ནམ་ཡང་མ་བརྗེད།ཁྱེད་གཅིག་པོ་མིན་རང་ཉིད་མཁས་བར་རློམ་པའི་བླུན་པོ་ཕྱི་ལོགས་སུ་ཤིན་ཏུ་མང་།ངའི་འདི་ལ་འཁང་ར་མེད་པའི་རེ་བ་ཡོད།
ཧ་ཧ་ཧ་་་་དེ་རིང་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་སྐྱོ་བས་བཟི་འདུག
རྩོམ་བྲིས་བྲིས་ནས་ངོས་འབྱུང་རྣལ་མ་ཞིག་སྐྱེས་ཡོད་ས་རེད། ཀླུ་སྨྱོན་རྩོམ་རིགས་བྱ་དགའ་དེ་ད་ཅི་བྱེད་ཀྱི་ཡིན་ནམ། ཧེ་ཧེ་ཧེ་་་་རྩེད་མོ་ཡིན་ལགས།
དངོས་གནས་རྩོམ་པ་པོ་ཀླུ་སྨྱོན་གྱི་རྩོམ་འདི། དཀར་པོ་ཆིག་ཐུབ་རེད། ནད་བརྒྱ་སྨན་གཅིག་རེད། གཅིག་ཤེས་ཀུན་གྲོལ་རེད། དཔེ་གཅིག་དོན་བརྒྱ་རེད། རྩོམ་པ་པོ་གྲགས་ཅན་འདིས་འདི་ལྟར་སྨྲ་ན་གཞན་ང་དང་ང་དག་ནི། ས་འབུ་ནག་རིང་རེད་ཡ། ཁ་ཏ་ནག་ཆུང་རེད་ཡ། རྐང་འོག་གི་ས་རེད་ཡ། ལྷམ་ནང་གི་རྩ་རེད་ཡ། ཧ་ཧ་ཧ་ཧ། ཨ་ལ་དེ་འདྲ་ཟིག་ར་ཆི་གོ་ར། དངོས་ནས་གོ་བ་འདུག་ཡ།
ཁྱེད་ཀྱིས་རང་ཉིད་དེ་ལྟར་གླེང་དུས། དངོས་ནས་ཡིད་སྐྱོ་བ་ཞིག་རེད། ང་ཚོ་གང་ཡང་མེད་པར་འདི་ལྟར་འོང་ནས་ཕྱིར་ཡང་འདི་ལྟར་ཆས་དགོས་པ་ནི། འཇིག་རྟེན་འཁོར་བ་གནས་ཚང་ཐེངས་ཤིག་ཡིན་ཟེར་བའི་སྲིད་པའི་གཏམ་དཔེ་ཞིག་ཡིད་དུ་དྲན་སོང་ལགས།
རྩོམ་པ་པོ་ཞིག་ཡིན་ཡང་། སྙན་ངག་པ་ཞིག་ཡིན་ཡང་། གང་ལྟར་སྤྱིའི་ཆ་ལ་བསམ་བློ་བཏང་ནས་འབྲི་དགོས་པར་འདོད། དེ་ལྟར་བྱས་རྗེས། ཁྱོད་ཀྱི་མི་ཚེ་རྫོགས་ཀྱང་རྩོམ་ཡིག་གི་ཚེ་སྲོག་བརྟན་པར་གནས་ཐུབ། རང་ཉིད་ལ་བསམ་པའི་རྩོམ་ཡིག་དང་སྙན་ངག་དག མར་དང་མར་མེ་བཞིན་མར་ཡོད་དུས་འོད་སྣང་ཡོད་ལ། མར་མེད་དུས་མུན་པ་ཞིག་ལས་ཅི་ཡང་མེད། ང་རང་ཉིད་ཀྱིས་ངོ་ཤེས་པ་དེ་ནི་ཕ་མ་ཞིག་ལས་སྐྱེས་པའི་ཀླུ་སྨྱོན་ཟེར་བའི་མི་དེ་མིན། ཀླུ་སྨྱོན་ཟེར་བ་ཞིག་གིས་མི་ཚེ་ལ་བྲིས་པའི་རྩོམ་ཡིག་དེ་དག་ཡིན། འདི་ནི་ངའི་སེམས་ཁུངས་སུ་གཉེར་བའི་ཚོར་བ་བྱེ་བྲག་པ་ཞིག་ཡིན།
ཨ་ཁུ་ཀླུ་སྨྱོན་ཁྱེད་ཀྱིས་གསུངས་བ་ཤིན་ཏུ་ནས་མི་མད། རང་དང་རང་གི་དེ་ཉིད་དེར་ངོ་ཤེས་དགོས་པ་མ་ཟད་ང་རྒྱལ་ཡང་སྒོམ་དགོས། དགེ་ཆོས་དང་རང་གྲོལ་སོགས་ལ་འདི་འདྲའི་མཐུན་རྐྱེན་ནམ་རྩ་རམ་དཀར་ཡོད་མ་མྱོང་མོད་ཕུན་སུམ་ཚོགས་པའི་ལྕི་བ་གང་ས་གང་དུ་བཏང་ཡོད། བརྡའི་གྱ་ནོམ་པའི་དེང་གི་དུས་འདིར་ཁྱེད་ལའང་དེ་འདྲའི་ངོ་མཚར་བྱིན་རླབས་ཅན་གྱི་ལྕི་བ་རིམ་ན་ཡོད་པ་སྤུན་ཟླ་ཚོའི་ཁོག་ན་ལག་མཐུལ་གྱི་སྐྱུ་རུ་ར་ལྟ་བུ་ཡིན། དེ་ཕྱིར་རྨོངས་པའི་དུས་སུ་གཉིད་མ་ལོག་ཅེས་པ་བཞིན་མུ་མཐུད་ནས་མཐའ་བྲལ་སྙན་དངགས་ཀློང་གི་དབྱིངས་སུ་ཟག་མེད་ཡེ་ཤེས་ཀྱི་དགྱེས་གླུ་རྡོལ་བར་མཛོད།
ལས་དང་ནུས་པ་ཉོང་མོངས་བཅས།
གསུམ་པོ་དག་ལ་ང་རྒྱལ་བྱ།
སྤྱོད་འཇུག་གི་ཚིག་དུམ་འདི་ཉིད་ཀྱི་སེམས་ཤུགས་སྤེལ་ཕྱིར་དུ་སྦྱར་རོ།།
རྒན་ཀླུ་སྨྱོན་གྱིས་ཉིན་ལྟར་བསམ་གཞིགས་འདི་འདྲ་བྱེད་ཀྱི་ཡོད་པ་ཁོ་ན་བསོད་ནམས་ཟེར་ནའང་འདྲ། རྟོགས་པ་ཟེར་ནའང་ཆོག །། གཞན་མི་མང་པོ་ཞིག་ཆང་རག་རྒྱན་རྩེད། དེ་མིན་ཊོ་ལར་བུད་མེད་ཁོ་ནར་མགོ་བོ་འཁོར་ནས་རང་གི་མི་ཚེར་བསམ་གཞིགས་ལྟ་ཅི། མིག་ལོག་ཀྱང་ལྟ་ཁོམས་མེད་པ་ལྟ་བུ་རེད།
རབ་བྱུང་ན་རྒན་ཁྱེད་ཀྱི་རྩོམ་ཆ་ཚང་ཕྱོགས་བསྒྲིགས་བྱས་ནས་དེབ་འགའ་ཤས་ཀྱི་ཐོག་སྤར་ཐུབ་ན། རང་གཞན་གཉིས་ཀར་ཕན་པ་ཆེ་སྙམས། དེ་ཡང་རྩོམ་དེ་དག་རྩོམ་ཡིག་འབྲི་བའི་དུས་ཚོད་ལ་གཞིགས་ནས་གོ་རིམ་བསྒྲིགས་ཚེ། ཉམས་ཞིབ་བྱ་རྒྱུར་ཕན་པ་ཆེ།
ཁ་བྲོ།
ཚངས་དབྱངས། ངས་མི་ལོ་ཉི་ཤུའི་རིང་བྲིས་པའི་རང་རྩོམ་ཚང་མ་སྙན་ངག་གི་དེབ། ལྷུག་རྩོམ་གྱི་དེབ། བརྩམས་སྒྲུང་གི་དེབ། སྒྱུར་རྩོམ་གྱི་དེབ་བཅས་རང་རྩོམ་དེབ་ཕྲེང་བཞི་གང་མགྱོགས་དཔར་གྱི་ཡིན། ད་ལྟ་རྒྱ་གར་ན་གློག་ཀླད་དུ་འཇུག་བཞིན་པའི་སྒང་ཡིན། འདི་ལོའི་སྟོན་ཁར་དཔར་སྐྲུན་ལེགས་འགྲུབ་ཡོང་བའི་རེ་བ་ཡོད།
ཀླུ་སྨྱོན་ཚང་གི་བྱིས་པ་བཞི་བདེ་ལེགས་ངང་འཇིག་རྟེན་འདིར་ཡོང་བར་སྨོན།
ཞི་ལི་གཉིས། ཞི་མོ་གཉིས་བཅས་ཡིན་རྒྱུ་ན་བཟང་གི་ག ཀུ་རེ། དཔེ་ཐོན་པར་སྒུགས།