(ཕ་ཡུལ་དུ་ཁ་པར་ཐེངས་ཤིག་བཏང་རྗེས་བྲིས།)
སྦྲ་ཪིགས་ཐོགས་མེད།
སུ་ལའང་ཡོད་ཆོག་པའི་མཛེས་སྡུག་གི་རྨི་ལམ་དེའི་ཕྱིར་དུ།
ཡང་ན། སུ་ལའང་ཡོད་དགོས་པའི་རང་དབང་གི་འབོད་སྒྲ་དེའི་ཆེད་དུ།
སྨག་ནག་པའི་ཕ་ཡུལ་གྱི་རི་སུལ་དེ་ནས།
ཁྱོད་ཀྱིས་རང་ཉིད་མར་མེ་རྐོང་བུ་ཞིག་གི་ཚུལ་དུ་བསྒྲོན།
ཁྱོད་ཀྱིེས་རང་ཉིད་ཚག་སྒྲ་རྐང་ཞིག་གི་ཟོལ་དུ་སྤར།
དམར་ལྷབ་ལྷུབ་ཀྱི་མེ་ལྕེ་དེས།
སྨག་རིམ་གྲངས་མེད་ཀྱི་མཚན་གཞུང་གཤགས་ནས།
སུ་ཞིག་གིས་བརྡར་བའི་གནས་ལུགས་བཞིན།
གཏམ་རྒྱུད་གཞན་ཞིག་བྲང་ཁོང་བརྟོལ་ནས་ཕེབས་སོང་།
འདི་ཁོ་ན་ཁྱོད་ཀྱིས་མི་ཡུལ་ལ་བཞག་པའི་རྐང་རྗེས་ཡིན་ནམ།
འདི་ཁོ་ན་ཁྱོད་ཀྱིས་ཕ་ཡུལ་ལ་བསྐྱུར་བའི་ཁ་ཆེམས་ཡིན་ནམ།
མཚན་མོ་དེའི་སྔ་རྗེས་སུ།
ཁྱོད་ཀྱི་ཕ་ཡུལ་དུ་དྲག་རླུང་འཚུབ་བྱུང་།
གནའ་གཏམ་ཁྲོད་ཀྱི་དྲག་རླུང་ཡང་བསྐྱར་འཚུབ་བྱུང་།
མུན་པ་གྱོན་ཞིང་མུན་པར་དགའ་བའི་འུག་པའི་ཚོགས།
སུ་ཞིག་གི་ཚེ་སྲོག་ལ་རྔམ་པའི་དུར་འདབས་ཀྱི་ཁྱི་སྤྱང་བཞིན།
ཡང་བསྐྱར་སླེབས་བྱུང་། ཉམ་ཆུང་གང་མང་ཞིག་ཁྱུར་མིད་གཏོང་བར་སླེབས་བྱུང་།
འོན་ཀྱང་། ཕ་ཡུལ་གྱི་ཕུ་ནུ་མིང་སྲིང་ཚོས།
ཁྱོད་ཀྱིས་སྤར་བའི་མེ་ལྕེ་སྒྲོན་མེར་བཏེགས་ནས།
ཁྱོད་ཀྱིས་བསྐྱུར་བའི་ཁ་ཆེམས་སེམས་ཁོངས་སུ་ཉར་ནས།
གོམ་པ་རེ་རེ་བཞིན་ཨུ་ཚུགས་ཀྱིས་སྤོ་བཞིན་ཡོད།
རླུང་རྟ་རེ་རེ་བཞིན་རེ་སྤོབས་ཀྱིས་གཏོར་བཞིན་ཡོད།
ཞི་བདེ་དང་གནས་ལུགས་ལ་རིན་ཐང་མེད་པའི་ཁྱོད་ཀྱི་ཕ་ཡུལ་དུ།
ཁྲིམས་ལུགས་དང་ཐོབ་ཐང་ལ་བེད་སྤྱོད་མེད་པའི་ཁྱོད་ཀྱི་ཕ་ཡུལ་དུ།
ཁྱོད་ཀྱི་ཕ་ཡུལ་དུ། ད་ལྟ་མུན་ནག་རྐྱང་རྐྱང་འཁོར་ནས་ཡོད།
ཁྱོད་ཀྱི་ཕ་ཡུལ་དུ། ད་ལྟ་མིག་ཆུ་ཁོ་ན་བཞུར་གྱིན་ཡོད།
གང་ལྟར། ཁྱོད་ཀྱི་ང་ཚོར་འོད་ཟེར་གྱི་གཏམ་རྒྱུད་བསྐྱུར་ནས་ཕེབས་སོང་།
ཁྱོད་ཀྱིས་ང་ཚོར་གནས་ལུགས་ཀྱི་མིག་ཟུང་གནང་ནས་བཞུད་སོང་།
དེའི་ཕྱིར། དུས་ཚིགས་གང་རུང་གི་སྔ་རྗེས་སུ།
ཕ་ཡུལ་དུ་གདུག་སེམས་ཀྱི་མུན་པ་ཇི་འདྲའི་མཐུག་ནའང་།
ཕ་ཡུལ་དུ་འཇབ་རྒོལ་གྱི་དྲག་ཆར་ཇི་འདྲའི་རྩུབ་ན་ཡང་།
ང་ཚོ་ཡང་ཕྱིར་མི་ལྡོག་པའི་ཁྱོད་ཀྱི་ཕེབས་ལམ་དེར་ཞུགས་ནས་ཡོང་གིན་ཡོད།
ང་ཚོ་ཡང་འོད་སྣང་གིས་ཁེངས་བའི་ཁྱོད་ཀྱི་བགྲོད་ལམ་དེ་དེད་ནས་སླེབས་བཞིན་ཡོད།
སྐུ་ཞབས་སྦྲ་རིགས་ཐོགས་མེད་ལགས་ལ་ཞུ་རྒྱུ། བདག་གིས་ཁྱེད་ཀྱི་སྙན་ངག་འདི་སྐབས་དང་པོའི་སྙན་ངག་གྱེར་འདོན་སྟེང་གྱེར་འདོན་བྱེད་རྒྱུའི་འདུན་པ་ལྷོག་ལྷོག་ཏུ་འཕྱུར་གིན་འདུག་ན་་་་ཅི་ནས་ཀྱང་ཉིད་ཀྱིས་དགོངས་འཁྲོལ་གནང་བར་མཁྱེེན། ཞེས་འོད་ཟེར་ནས།