བོད་གི་མི་ལ་རང་དབང་མེད།།
བོད་གི་སྐྱེས་མར་རང་དབང་མེད།།
བོད་གི་བྱིས་པར་རང་དབང་མེད།།
བོད་གི་གྲྭ་པར་རང་དབང་མེད།།
བོད་གི་གཡག་ལ་རང་དབང་མེད།།
བོད་གི་ཁྱི་ལ་རང་དབང་མེད།།
བོད་གི་ཕྲད་ལ་རང་དབང་མེད།།
བོད་གི་མི་རྣམས་རྒྱ་གིས་བསྡམས།།
བོད་གི་སྐྱེས་མ་ཁྱོ་གས་བསྡམས།།
བོད་གི་བྱིས་པ་ཕ་མས་བསྡམས།།
བོད་གི་གྲྭ་པ་ཁྲིམས་གིས་བསྡམས།།
བོད་གི་གཡག་རྣམས་སྣ་གཅུས་བསྡམས།།
བོད་གི་ཁྱི་རྣམས་ཐག་པས་བསྡམས།།
བོད་གི་ཕྲད་རྣམས་མཁས་པས་བསྡམས།།
རང་དབང་ཐམས་ཅད་བདེ་སྐྱིད་ཡིན།།
གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།།
ངེད་ཀྱིས་ཁ་སང་སྔོན་མར་རྨོངས་འཆར་འདི་འདྲ་ཞིག་བཤད་ཡོད། ད་ཡོད་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདིའི་ནང་ན་ཁ་མ་ཚང་བ་དང་མ་འཐུས་བ་ཡོད་ན། དེ་ལ་ཁ་སྣོན་བྱེད་རྒྱུ་གལ་ཆེན་པོ་རེད། ད་ཡོད་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་འདིས་བོད་མིའི་བརྡ་སྤྲོད་ཀྱི་དགོས་མཁོ་བསྐོང་ཐུབ་ཀྱི་མེད་ན། དེ་ལ་ཞིབ་འཇུག་བྱས་ནས་དགོས་མཁོ་བསྐོང་ཐུབ་པ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད།
ད་ཡོད་བོད་ཀྱི་ཡིག་སྐད་དང་ཁ་སྐད་གཉིས་ཀྱི་དབར་ལ་རྒྱང་ཁད་ཅིག་ཤོར་ནས་ཡོད་པ་ནི་མངོན་གསལ་རེད། རྒྱང་ཁད་དེ་ཐག་ཉེ་རུ་གཏོང་ཐབས་སུ་ཁ་སྐད་ཡིག་སྐད་ཀྱི་ཕྱོགས་སུ་འཁྲིད་རྒྱུར་འབད་དགོས་སམ་ཡིག་སྐད་ཁ་སྐད་ཀྱི་ཕྱོགས་སུ་འཁྲིད་དགོས་སམ། ཕྱོགས་གང་ལ་ཕུགས་ཀྱི་དགེ་ཕན་དང་དགོས་མཁོ་ཆེ་བ་སོགས་ལ་ཡང་ཏན་ཏན་བསམ་བློ་གཏོང་རྒྱུ་འདུག་སྙམ།
དེ་མིན། ལས་སླ་རུ་གཏོང་དགོས་ཀྱི་འདུག་ཟེར་བ་དང་གསར་བརྗེ་བྱེད་དགོས་ཀྱི་འདུག་ཟེར་བ། མགོ་རྟིང་བསློགས་དགོས་ཀྱི་འདུག་ཟེར་བ་སོགས་ནི་ལྟ་ཚུལ་ཡང་དག་ཞིག་ཨེ་ཡིན་སྙམ།
ཞེས་ལབ་ཡོད།
ཁྱེད་ཀྱིས་ཀྱང་ཕྲད་ཀྱི་སྐོར་ནས་མང་ཙམ་གསུངས་སོང་། འོན་ཀྱང་། ཁྱེད་ཀྱི་མཐའ་མའི་འབབ་ས་འདྲ་བོ་དེ་འདི་ཡིན་ན། འདི་ཁྱེད་ཀྱིས་སོ་སོའི་འདོད་པ་བཞིན་སྟབས་བདེ་བོ་ཞིག་བཟོ་གིན་འདུག་མ་གཏོགས། འདི་ནི་དངོས་གནས་དྲང་གནས་མེད་དུ་མི་རུང་བ་ཞིག་མིན་པ་འདྲ། འདིས་ནི་མི་འདང་ས་ཞིག་ལ་ཁ་གསབ་ཀྱང་བྱེད་ཀྱི་མེད་པ་འདྲ། སྟབས་བདེ་རུ་བཟོས་བ་འདྲ་བོ་ཞིག་རེད། མ་རེད་དམ། དེ་ལས་གི་སྒྲའི་ཚབ་ལ་ཀྱི་སྒྲ་སྦྱར་ན་བདེ་བར་མི་འདུག་གམ། གཤམ་དུ་ངེད་ཀྱིས་ཀུ་རེའི་ཚུལ་དུ་ཁྱེད་ཀྱི་རྩོམ་ཐུང་འདིར་སྣོན་པ་འགའ་བརྒྱབ་ནས་བཀོད་ཡོད།
བོད་ཀྱི་མི་ལ་རང་དབང་མེད་།།
བོད་ཀྱི་སྐྱེས་མར་རང་དབང་མེད།།
བོད་ཀྱི་བྱིས་པར་རང་དབང་མེད།།
བོད་ཀྱི་གྲ་བར་རང་དབང་མེད།།
བོད་ཀྱི་གཡག་ལ་རང་དབང་མེད།།
བོད་ཀྱི་ཁྱི་ལ་རང་དབང་མེད།།
བོད་ཀྱི་ཕྲད་ལ་རང་དབང་མེད།།
གི་སྒྲ་གཅིག་པོར་རང་དབང་ཡོད།།
བོད་ཀྱི་མི་རྣམས་རྒྱ་ཡིས་བསྡམས།།
བོད་ཀྱི་སྐྱེས་མ་ཁྱོ་གིས་བསྡམས།།
བོད་ཀྱི་བྱིས་པ་ཕ་མས་བསྡམས།།
བོད་ཀྱི་གྲ་བ་ཁྲིམས་ཀྱིས་བསྡམས།།
བོད་ཀྱི་གཡག་རྣམས་རྣ་གཅུས་བསྡམས།།
བོད་ཀྱི་ཁྱི་རྣམས་ཐག་པས་བསྡམས།།
བོད་ཀྱི་ཁྱི་རྣམས་ཐག་པས་བསྡམས།།
བོད་ཀྱི་ཕྲད་རྣམས་མཁས་པས་བསྡམས།།
མདའ་ཚན་པ་ལ་རང་དབང་ཆེ།།
ཕྲད་རྣམས་རང་སྣང་གང་བདེར་སྦྱོར།།
མདའ་ཚན་པ་ནི་དཔའ་བོ་ཡིན།།
གི་སྒྲའི་དོན་དུ་འཆི་ཡང་ཕོད།།
རང་དབང་ཐམས་ཅད་བདེ་བ་ཡིན།།
གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།།
མདའ་ཚན་པའི་ཞེ་འདོད་ལྟར་གྱི་ཕྲད་རང་དབང་ཅན་དེ་ནི། སྔོན་ཆད་ས་ཕུད་བླ་མ་ནོར་བུ་བསྟན་འཛིན་གྱིས་ཡང་འཇུག་ས་རྣམས་མི་དགོས་པ་བཟོས་པའི་ཚུལ་དང་འདྲ་བོ་འདུག བོད་ཀྱི་བརྡ་སྤྲོད་ཀྱི་ཕྱི་མོ་སུམ་རྟགས་གཞུང་ན་དགོས་དོན་གྱི་དབང་གིས་ཕྲད་རང་དབང་ཅན་དང་གཞན་དབང་ཅན་གཉིས་སུ་དབྱེ་ཡོད་བཞིན་དུ་གི་སྒྲའི་ཕྲད་གཅིག་བུ་ལ་བརྟེན་པའི་རང་དབང་ཞེས་པ་དེས་གང་ཞིག་ལ་ཕན་དགེ་བསྐྲུན་ཐུབ་སོང་བ་ཡིན་ནམ། བཀའ་བསྟན་འགྱུར་གཉིས་ཀྱིས་མཚོན་པའི་ཆོས་ཀྱི་གསུང་རབ་ཐམས་ཅད་དང་། རིག་གནས་ཆེ་ཆུང་བཅུ་པོའི་རྩ་འགྲེལ་མཐའ་དག་གི་སྐབས་སུ་བོད་ཀྱི་མཁས་གྲུབ་ལོ་པཎ་རྣམས་ཐུན་མོང་གིས་གཅིག་མཐུན་ངང་སུམ་རྟགས་གཞུང་ལས་བསྟན་པའི་ཕྲད་དེ་ག་རང་སྤྱད་ནས་འགྲིག་བསྡད་པ་འདི་ལ་བསམ་བློ་གཏོང་རྒྱུ་ཞིག་འདུག་བསམ། གི་སྒྲའི་བཙན་འཛུལ་ལ་དགོས་ཕན་ཁྱད་པར་བ་ཞིག་ཡོད་ན་དེ་དང་དེ་རུ་ཟད་ཀྱི། དེ་མིན་ད་ལྟའི་བོད་ཀྱི་སྐད་ཡིག་གི་གནས་བབ་ཐད་ནས་ཀྱང་མུ་གེའི་སྒང་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་ལས་གཞན་དུ་འདར་མེད་དོ།།
ས་ཕུད་བླ་མས་ས་ཕུད་པ་དེ་ལྐུགས་རྟགས་རེད། ཡང་འཇུག་ས་ཡོད་པ་དང་མེད་པ་གཉིས་དོན་དག་མ་འདྲ་བ་གཉིས་རེད། རྟག་ལ་མཚོན་ན་འགྱུར་མེད་རྟག་པའི་དོན་དང་རྟགས་ལ་མཚོན་ན་ཕོ་མོའི་མཚན་རྟགས་སོགས་ལ་འཇུག་པ་ལྟ་བུ་རེད། དེ་གཉིས་ལོགས་ཀ་རེད།
ད་སྔོན་མ་རྒྱུ་མཚན་ཚང་མ་བཀོད་ཚར་བས་ཡང་སྐྱར་འབྲི་འདོད་མེད། ཕྲད་གི་ཕ་ཁུངས་མ་ཁུངས་དེད་ན་རང་དབང་རེད། རྗེས་ལ་བརྡ་སྤྲོད་གི་གཞུང་བཟོ་སྐབས་གཅིག་མཚུངས་མིན་པའི་འབྲི་རྒྱུན་ཡོད་པ་ཚང་མར་བདག་པོ་རྒྱབ་ནས་སྒྲིག་གཞི་ཅིག་བཟོས་པ་ཙམ་རེད།
ཁ་སྐད་ཡིག་སྐད་ཅན་ལ་བསྒྱུར་ཐུབ་ན་འགྲིགས་གི་རེད། ཡིན་ན་ཡང་། བརྡ་སྤྲོད་གི་དབང་པོ་ཚོས་ཡང་སྐད་ཆ་བཤད་སྐབས་བརྡ་སྤྲོད་གི་འགྲོ་སྟངས་ལྟར་སྐད་ཆ་བཤད་གོམས་མེད་པ་དང་བཤད་ཐུབ་གི་མེད་ན་སྤྱི་དམངས་ཕལ་ཆེ་བ་བཤད་མ་དགོས་པ་ཅིག་རེད།
ཁྱེད་རང་གིས་སྐད་ཆ་བཤད་སྐབས་ཀྱང་འང་ཡང་གསུམ། གི་ཀྱི་གྱི་འི་ཡི་སོགས་གི་ཕྲད་སྦྱོར་སྟངས་དེ་ཚོ་ལམ་སང་ལམ་སང་བློ་ངོར་ཡོང་གི་རེད་དམ། ཡོང་ན་ཡག་པོ་རེད། ངས་ནི་ཚོད་ལྟ་ཡང་བྱས་པ་ཡིན། དེ་ལྟར་ཡོང་གི་མི་འདུག གལ་སྲིད་ཡང་གཅིག་པོ་ གི་གཅིག་པོ་ལྟ་བུ་བེད་སྤྱོད་བཏང་བ་ཡིན་ན་དོན་ལ་འགྱུར་བ་མེད་པ་མ་ཟད་ཡི་གེ་མི་ཤེས་མཁན་ཅིག་ཡིན་ན་ཡང་ངག་ལ་འབྱོར་བདེ་བོ་ཡོད་པ་རེད། འདི་ནི་ཕྲད་གི་སྦྱོར་ཚུལ་སྟབས་བདེར་ཕྱིན་པ་གཅིག་པོ་མིན་པར་སྐད་དང་ཡི་གེ་གཉིས་གཅིག་གྱུར་བྱེད་པ་ལ་ཡང་སྟབས་བདེར་ཕྱིན་པ་རེད།
སྐད་དང་ཡི་གེ་གཅིག་གྱུར་གི་སྐབས་བསྟུན་དགོས་ས་གཙོ་བོ་དེ་སྐད་ལ་བསྟུན་དགོས་པ་རེད། ཡི་གེ་ནི་སྐད་གི་དོད་ཐུབ་ཙམ་རེད། སྐད་ཇི་བཞིན་བྲིས་པ་ཡིན་ན་འབྲེལ་སྒྲ་དང་ལ་དོན་གི་ན་ལ་ལྟ་བུ་རེ་ཟུང་ལས་གཅིག་གྱུར་གི་ཕྲད་ཅིག་མེད་པ་རེད།