འདྲེ་གླེན་པ།
རང་དབང་།
ང་ཚོ་སངས་རྒྱས་ཀྱི་རྒྱུད་པ་ཡིན།
ལྷ་ཡི་རྒྱུད་པ་ཡིན།
སེམས་དཔའ་ཡི་རྒྱུད་པ་ཡིན།
ཚེ་སྲོག་གི་གཤེད་མ་རང་གིས་བྱས་ཏེ།
ངག་བཅད་པ་ཡིན།
ལྕེ་གཏུབ་པ་ཡིན།
མིག་བྲུས་པ་ཡིན།
མེ་རུ་སྒྲོན་པ་ཡིན།
རང་དབང་གི་དུར་ས་བཙོན་ཁང་བྱས་པ་ཡིན།
འདི་ནི་དུས་རབས་ཀྱིས་ང་ཚོར་བསྤྲད་པའི་འོས་འགན་མིན་ཏེ།
དཀོན་མཆོག་གིས་ང་ཚོར་གནང་བའི་གདམས་པ་ཡིན་པས་ངོ་ལོག་བྱ་མི་ཕོད།
མིག་མདུན་གྱི་རི་བོ་དག་ལ་སེམས་པ་རེ་ཡོད་དཔེ་ན།
ངུ་སྐད་འཆོར་ངེས།
མིག་ཆུ་གཏོར་ངེས།
དཀོན་མཆོག་ནི་དེ་བས་ཀྱང་ངོ
ཡེ་ཤེས་ཡོད་ན། མཁྱེན་པ་ཡོད་ན།
ཁ་གྲག་རན་པ་ཡིན།
ཚེར་མ་ལྟ་བུའི་མེ་ཚེ་ལ་བཟོས་བཅོས་བྱ་རན་པ་ཡིན།
སྟ་རེ་འདྲ་བའི་ལས་དབང་ལ་སྒྱུར་བཅོས་གཏོང་རན་པ་ཡིན།
སེམས་ཅན་ལས་ངན་པོའི་ཆེད་དུ་འགྲོ་དོན་མཛད་རན་པ་ཡིན།
ད་ནི་ངོ་མ་མི་བཟོད་དེ།
མི་རེ་རེ་དཔལ་འབར་རུ་ཇི་ལྟར་སྒྲོན་ཐུབ།
གྷན་དི་ཇཱིས་ལམ་བསྟན་པ་ཡིན་ནམ་ལམ་ལ་ཞུགས་པ་ཡིན།
ནེའུ་སཱན་མན་ཊི་ལཱ་ཡིས་ཅི་ཞིག་བྱས་པ་ཡིན་ནམ།
མ་ཐིར་ལི་ཐིར་ཁེན་གྱིས་ཇི་ལྟར་བཤད་པ་ཡིན་ནམ།
ང་ཚོ་མི་མིན། ལྷ་ཡིན། ལྷ་སྲས་ཡིན། བྱང་ཆུབ་སེམས་དཔའ་ཡིན།
འཛམ་གླིང་གི་མི་རིགས་གང་དུ་ཡང་མི་གཏོགས་པའི་ལྷ་ལྷ་མིན་ཡིན།
མི་མི་མིན་ཡིན། འདྲེ་འདྲེ་མིན་ཡིན། འདི་ནི་ང་ཚོ་སྟེ།
དཀོན་མཆོག་གིས་བཟོས་པའི་འབག་སྐུ་རྙིང་བ་དེའོ།།
རང་དབང་། རང་དབང་། རང་དབང་།
མིག་ཆུ་རེ་རེ་འཁོན་སེམས་ཀྱི་བྲག་རྡོ་ལྟར་ཉིལ་བར་ཤོག
ངུ་སྐད་རེ་རེ་ཞེ་སྡང་གི་ཐོག་མདའ་ལྟར་གྲག་པར་ཤོག
ཚེ་སྲོག་རེ་རེ་ང་རྒྱལ་གྱི་རི་བོ་ལྟར་འགྱིང་བར་ཤོག
འདི་ནི་སངས་རྒྱས་ཀྱི་ཉམས་ལེན་མིན་ཏེ།
མི་རིགས་ཀྱི་འཐབ་རྩོད་ཡིན།
༡༥/༧/༢༠༡༥ ཉིན་ཨོ་གླིང་ནས།