རྡོ་རྗེ་རིན་ཆེན། (སྐྱ་རེངས)
ཉི་འོག་ཏུ་རང་དབང་གིས་འཚོ་བར་བྱ།
མཚོ་དང་གཙང་བོའི་འཇིངས་རྣམས་སུ།
ནར་མའི་ཚུལ་གྱིས་འཁྲུས་ལ་རོལ།
བདག་མེད་རྒྱུ་བའི་རླུང་བུ་ཁེར་འགྲོ་ཉིད།
རིང་དུ་བསྙལ་བའི་ལོ་ཆང་ཁམ་པ་བཞིན།
ཆགས་སྡང་མེད་པར་རབ་ཏུ་བཏུང་པར་བྱ།
རི་བོ་དག་དང་ལ་རྣམས་བརྒལ་བྱས་ཏེ།
བྱེ་མའི་ཐང་ལ་མྱ་ངན་ཆེན་པོས་རྐང་རྗེས་འགོད།
གདོད་མའི་ནགས་ཀྱི་ཚལ་དུ་ཉུལ་ནས་སུ།
རང་གི་སྐྱེ་ཁུངས་འཚོལ་བར་འབད་འབོངས་བྱེད།
གནའ་བོའི་མཁར་གྲོང་དག་ལ་ཕྱིན་བྱས་ཏེ།
སོ་སོའི་རྒྱལ་ཁུངས་གང་དུ་མཆིས་མིན་བལྟ།
ལྷ་སྐུ་དག་གི་མདུན་དུ་འགྲེངས་བསྡད་དེ།
དམྱལ་བ་གང་དུ་འདུག་ཅེས་དྲི་པར་བྱ།
ཡབ་མེས་དག་གི་དྲུང་དུ་ཙོག་ནས་ནི།
རྒྱལ་ཁམས་སུ་ཡིས་འཇིག་ཅེས་དྲི་པར་བྱ།
ཉི་མ་ཚང་ལ་ལོག་པའི་དུས་རྣམས་སུ།
མིག་མཐའ་མཆི་མས་བསྐྱིལ་བྱས་ནས།
གངས་རི་མེ་ཡིས་ཚིག་པ་མཐོང་བར་གྱུར།
ས་ཆེན་སྒུལ་བའི་གཞོན་པའི་དཔུང་ཚོགས་ཤིག
རྨི་ལམ་སྟོང་གིས་སྤྲུལ་བའི་རྟ་ཕོར་ཞོན་བྱས་ཏེ།
རང་དབང་གླུ་རུ་ལེན་བཞིན་གཙང་བོར་བརྒལ།
2015/1/22/
ཟབ་མོ་ཞིག་བྲིས་འདུག ང་མ་གཏོགས་གོ་མཁན་མེད་པ་འདྲ།
གཙང་བོར་བརྒལ། གཙང་བོ་གང་ལ་བརྒལ་རྒྱུ་ཡིན་ནམ། གཙང་བོར་བརྒལ་བའི་དགེ་དོན་ཅི་ཡིན་ནམ། གཙང་བོར་བརྒལ་ན་ཅི་ཞིག་ཐོབ་པ་ཡིན་ནམ། གཙང་བོ་འདིས་མཚོན་དོན་བསྟན་བྱ་གསལ་བོར་ཆགས་སོང་ན། དེ་ནས། ང་དང་བླ་མ་སྨྱོན་པ་གཉིས་གཅིག་པོས་གླུ་ཟབ་མོ་འདིའི་གོ་བ་གོ་ཡོད་པ་འདྲ། ཧ་ཧ་ཧ།
རྣམ་པ་གཉིས་ཕེབས་པར་ཐུགས་རྗེ་ཆེ། ཀླུ་སྨྱོན་ལགས་ཀྱི་ཤོག་ངོས་ལྔ་བརྒྱ་ལྷག་བརྒལ་བའི་རྩོམ་དེབ་ཅིག་དཔར་ལ་ཉེ་ཚུལ་གོ དེ་ལ་བཀྲ་ཤིས་བདེ་ལེགས་ཞུ། གཙང་བོའི་མཚོན་དོན་ད་དུང་བཤད་མི་རུང་། བཤད་དང་ན་དྲོ་བ་མེད། མ་གོ་བར་དུ་གཙང་བོ་ལ་མི་རང་ག་བ་ཞིག་བརྒལ་མི་ནུས་པར་བསམས་ན་འགྲིག ཧ་ཧ།