ཡིད་བཞིན་ནོར་བུ་དང་འཛམ་གླིང་མི་དམངས།
༼རང་དབང་གི་སྙན་དངགས་དགོང་ཚོགས།༽
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཡིད་བཞིན་ནོར་བུ་དང་འཛམ་གླིང་མི་དམངས་ཞེས་པའི་བརྗོད་གཞིའི་ཐོག་རང་དབང་གི་སྙན་དངགས་གྱེར་འདོན་དགོང་ཚོགས་ཤིག་ཡིད་བཞིན་ནོར་བུའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཆུ་ཚོད་ཕྱི་དྲོའི་ཆུ་ཚོད་བདུན་པ་ནས་བརྒྱད་དང་ཕྱེད་ཀ་བར་ལ་བཞུགས་སྒར་རྡ་སའི་གཙུག་ལག་ཁང་དུ་འདུ་འཛོམས་ཡོང་བའི་རེ་སྐུལ་ཞུ།
སྙན་ངག་པ་ཡིན་མིན་ལ་ཁྱད་མེད་ཅིང་རང་རྩོམ་དང་གཞན་རྩོམ་གང་ཡིན་ལའང་ཁྱད་མེད། སྐད་ཡིག་གང་ཡིན་ལ་ཡང་ཁྱད་པར་མེད། ད་དུང་སྐུའི་འཁྲུངས་སྐར་དང་འབྲེལ་བའི་གླུ་གཞས་གཏོང་ལེན་པ་ཡོད་ན་ཡང་དགའ་བསུ་ཞུ།
སྙན་དངགས་གྱེར་འདོན་གནང་མཁན་ཚོས་ཁ་པར་ཨང་གྲངས ༩༨༠༥༣༤༥༨༥༢ དང་ ༩༨༠༥༨༧༥༦༤༢ ༩༨༡༦༧༧༩༡༩༩ ་བཅས་གང་རུང་ཐོག་ནས་འདི་གར་ཐོ་འགོད་གནང་ཐུབ་ན་ལེགས།
པེན་་་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡིག་ཚང་ནས། ༢༠༡༡།༧།༡
བྱེད་སྟངས་ལ་ཚད་ཡོད་པ་གནང་རོགས།སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་།མཚན་ཉིད་གྲྭ་ཚང་གཉིས་དང་༸གོང་ས་ཐམས་ཅད་མཁྱེན་པའི་ཕོ་བྲང་གི་མདུན་ནས་གླུ་བླངས་པ་སོགས་ཀྱི་འཁྲབ་སྟོན་མ་གནང་ན་ཡག་གི་རེད།ངོ་མ་ཅན་གྱི་འཁྲབ་སྟོན་བྱེད་འདོད་ཡོད་ན་ཟློས་གར་ཁང་ཡོད་ཡོད་པ་རེད།
ལས་འགུལ་ག་ཚོད་སྤེལ་ཐུབ་ན་རྗེས་སུ་ཡི་རང་ཡོད་མོད།ལས་འགུལ་གྱི་ངོ་བོ་དག་ཀྱང་ཆབ་བྲག་ལྷ་མོ་དང་།གངས་དཀར་རྒྱལ་སྲས་སོགས་ཀྱི་གཤིས་ཀ་ལྟ་བུའི་ཉོབ་ཏོ་ཙམ་ལས་བོད་ཀྱི་པེན་རྩོམ་པ་པོའི་ཁྱད་ཆོས་མཚོན་ཐུབ་པ་གང་ཡང་ཡོང་གི་མི་འདུག་པས་ཐུགས་གཟབ་གནང་རོགས།
དང་པོ་ཁྱེད་ཚོའི་ཚོགས་མི་གང་འཚམས་འདུ་ཐུབ་པ་བྱས་ན་སྙན་ངག་གྱེར་འདོན་བྱེད་མཁན་ལ་དཀའ་ངལ་ཡོང་གི་མ་རེད། ཡི་གེ་ཤེས་ཤེས་ཚང་མས་སྙན་ངག་གྱེར་འདོན་བྱེད་ཐུབ་ཀྱི་མ་རེད། ཡི་གེ་ཀློག་ཐུབ་ཀྱི་རེད། དེ་གཉིས་དབྱེ་ནས་དགེ་བཤེས་ལྷ་རམས་པ་ཤིང་བཟའ་ཚང་གི་བྱེད་སྟངས་དེ་འདྲ་མ་བྱེད། དེ་གཅིག་ཡིན།
གཉིས། མཐུན་ཚོགས་ཟེར་བ་དེའི་ངོས་ནས་ལས་འགུལ་སྤེལ་གྱི་ཡོད་ན། མཛད་རིམ་ཞིག་སྒྲིག ཚོགས་མི་རྣམས་ལ་སྔོན་ཚུད་ནས་བརྡ་འབུལ་དགོས་པ་དང་། མི་མང་ལའང་རྩོམ་པ་པོ་ཞིག་གི་ལས་འགུལ་གྱི་ཐོག་ནས་བརྡ་སྤྲོད་པ་དང་། གོ་སྒྲིག་བྱེད་པ་སོགས་གང་སར་རྣམ་པ་མ་འདྲ་བ་ཞིག་དགོས་རྒྱུ་གལ་ཆེན་རེད།
དེ་མ་གཏོགས་ཁྱེད་ཚོས་སྐྱ་སེར་སྐོར་ཞིག་གིས་བོད་ཀྱི་སྙན་ངག་སོགས་བརླག་སྲིད་པ་འདྲ་བོ་ཞིག་མཐོང་གི་འདུག
ཨ་མདོའི་ས་ལས་རིམ་བཞིན་བོད་ས་ཡོངས་སུ་མཆེད་བཞིན་པའི་སྙན་ངག་གྱེར་འདོན་ཞེས་པ་དང་། རང་མོས་སྙན་ངག་གཉིས་པོ་རྒྱ་ནག་གི་རིག་གཞུང་ནང་འདྲེན་བྱས་པ་ཙམ་ལས། བོད་ཀྱི་རྩོམ་པོའམ་སྙན་ངག་པ་ཞིག་གི་རྣམ་དཔྱོད་ལས་གསར་དུ་བཟོས་པ་ལྟར་རློམས་ཤིང་བསྒྲགས་པ་ནི་ངོ་ཚ་མི་ཤེས་པའི་སྐད་ཆ་རེད།
འོ་ན་རྒྱ་གར་བའི་ལད་ཟློས་ཀྱི་སྙན་ངག་ཁོ་ན་བྲིས་ནས་བསྡད་ན་ངོ་ཚ་མེད་དམ། རང་མོས་སྙན་ངག་ནི་རྒྱ་ནག་གིས་ནུབ་ཕྱོགས་ནས་ནང་འདྲེན་བྱས་པ་ཞིག་ཡིན། གྱེར་སྟངས་ཐད་ནས་རྒྱའི་གྱེར་ཚུལ་དང་འདྲ་ས་ཡོད་པ་བདེན། སྙན་ངག་གྱེར་འདོན་ནི་སྔ་མོ་ནས་ཡོད། མགུར་དབྱངས་དེ་རིགས་ཀྱང་སྙན་ངག་གྱེར་འདོན་ཡིན། བོད་ཀྱི་གཞས་ཚིག་དང་གདངས་དབྱངས་ལ་འགྱུར་བ་སོང་དང་འགྲོ་བཞིན་པ་བཞིན་སྙན་ངག་ལའང་གྱེར་དབྱངས་སྣ་ཚོགས་འབྱུང་འོས་སྙམ། དེ་ལ་མ་དགའ་ན་ཡང་ཐབས་མེད་དེ་བོད་ས་ཡོངས་ལ་མཆེད་ཚར་བས་སོ།
དགེ་ལེགས་དང། འདྲེ་མགོ་རྡོ་གཉིས་ཀྱིས་བསམ་ཚུལ་བཤད་པ་བཀའ་དྲིན་ཆེ། ང་ཚོས་སྤྱི་ཚོགས་མེ་ལོང་འདོན་ཐེངས་སྔོན་མའི་ནང་དང་ཉེ་འཁོར་ཁག་ལ་གསལ་བསྒྲགས་སྦྱར་ཡིག་ཀྱང་བཀྲམས་ཡོད། འདིལ་དམིགས་བསལ་གྱི་མཛད་སྒོ་ཅང་མེད། སྐུ་མགྲོན་གདན་ཞུ་མེད་ལ་འགྲན་སྡུར་བྱ་དགའ་ཡང་མེད། དང་བླང་གི་རང་དབང་གི་འདུ་འཛོམས་དང་རང་དབང་གི་སྙན་ངག་གྱེར་འདོན་ཞིག་ཡིན།
ཉོབ་ཏོ་ཆགས་མིན་དེ་མཉམ་ཞུགས་པ་ཚང་མར་རག་ལས་ཡོད། གཙུག་ལག་ཁང་མདུན་དུ་ནམ་རྒྱུན་ནས་གླུ་ལེན་གར་རྩེད་རིགས་ཡོད་པས་དེ་ལ་སྐྱོན་ཅི་ཡོད་ཤེས་མ་སོང།
སྐབས་འདི་དང་བསྟུན་ནས་ཉིན་མོ་གླུ་དང་མཚན་ལ་ལ་གཞས་ཡང་ལེན་བསམ་གི་་་་་་་་་་་་་་་
གསལ་བཤད་གཅིག
འཁྲུངས་སྐར་གྱི་དགོང་དྲོར་བོད་ཀྱི་ཟློས་གར་ཁང་དུ་ཡང་གླུ་གར་གྱི་དགོང་ཚོགས་ཤིག་འདུག་པས་ང་ཚོའི་དུས་ཚོད་གཅིག་ལ་མི་འཁེལ་བའི་ཆེད་དུ། སྙན་དངགས་གྱེར་འདོན་བྱེད་ས་དང་དུས་ཚོད་གཉིས་ལ་འགྱུར་བ་བཏང་བ་གཤམ་གསལ།
འཛོམས་ས། རྡ་ས་མེག་ལོའི་ཉྀན་མོའི་སློབ་གྲྭ
དུས་ཚོད། འཁྲུངས་སྐར་ཉིན་མོའི་ཉིན་རྒྱབ་ཆུ་ཚོད་བཞི་བ་ནས་དྲུག་པ་བར།
འདི་ནི་དང་བླང་རང་དབང་གི་འདུ་འཛོམས་ཤིག་ཡིན་པས་གདན་ཞུའི་སྐུ་མགྲོན་སུ་ཡང་མེད་ལ་དམིགས་བསལ་མཛད་རིམ་ཡང་མེད།
འོན་ཀྱང་སྙན་དངགས་གྱེར་འདོན་གྱི་དམིགས་འབེན་མཐོ་སར་ཕྱོགས་པས་སྙན་ངག་པ་རྣམ་པས་སྙན་དངགས་གྱེར་འདོན་དང་ཆབས་ཅིག་གསུང་བཤད་མདོར་བསྡུས་རེ་གནང་འཐུས།
མཁས་དབང་མཆོག་ལ་ཞུ་གསོལ། བོད་གངས་ཅན་ལྗོངས་སུ་རྒྱལ་ཁབ་གཞན་ནས་ནང་འདྲེན་བྱས་པའི་སྙན་ངག་གི་བྱེད་སྒོ་གཉིས་སྟེ། དང་པོ་དེ་མེ་ལོང་མ་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་སྙན་ངག་དེ་ཡིན། གཉིས་པ་དེ་རྒྱ་ནག་གི་ལད་ཟློས་བྱས་པའི་རང་མོས་སྙན་ངག་དང་དེའི་གྱེར་འདོན་ཡིན། ད་དུང་སྙན་ངག་མེ་ལོང་མའི་ཤུགས་རྐྱེན་མ་ཞུགས་སྔོན་གྱི་བོད་ཀྱི་སྙན་རྩོམ་ཁག་ལ་གཟིགས་དང་། དེ་ནི་རང་མོས་སྙན་ངག་དང་ཁ་ཐག་གཞན་ལས་རིང་། དེ་བཞིན་དུ་དེང་སང་སྙན་ངག་གྱེར་འདོན་ཞེས། བོད་སྐད་དུ་རྒྱའི་ཀློག་ཚུལ་དང་། སྒྲའི་གཅོད་མཚམས་སོགས་བཙན་འགེལ་བྱེད་བཞིན་འདུག་མོད། དེ་ནི་གནའ་བོའི་བོད་ཀྱི་སྙན་ངག་གྱེར་སྟངས་དང་ཤིན་ཏུ་མི་མཚུངས། དེས་ན་བོད་མིའི་རིག་གཞུང་དང་རིང་ནས་འབྲེལ་ཞིང་རྒྱ་ཆེ་ལ་གཏིང་ཟབ་པའི་སྲོལ་རྒྱུན་དེ་དག་རྒྱུན་སྐྱོང་བྱས་ན་མི་ལེགས་སམ། འོན་ཀྱང་སྤྱི་ཚོགས་ཀྱི་ཤེས་ཡོན་སྲོལ་རྒྱུན་སྙན་ངག་གི་རྗེས་སུ་ཟིན་པ་ཞིག་ཏུ་ཆགས་རྒྱུ་ཁག་པོ་ཡོད་པ་འདྲ།
སྤྱིར་རིག་གཞུང་གང་ཞིག་ཡིན་རུང་མིའི་སེམས་ཁམས་དང་བསྟུན་ནས་དར་ཁྱབ་དང་། མིའི་སེམས་ཁམས་དང་བསྟུན་ནས་ནུས་མེད་དུ་འགྲོ་རྒྱུ་རེད། དེས་ན་བོད་མིའི་སྲོལ་རྒྱུན་གྱི་སྙན་ངག་དེ་ཡང་ནུས་མེད་དུ་འགྲོ་བཞིན་པའི་འགོ་ཚུགས་ཟིན་པ་རེད། མིའི་སེམས་ཁམས་དང་བསྟུན་ནས་ནུས་མེད་དུ་འགྲོ་བ་ལ་རྒྱུ་མཚན་རིགས་མང་མོད། སྲོལ་རྒྱུན་སྙན་ངག་ནུས་མེད་དུ་འགྲོ་བའི་རྒྱུ་མཚན་ནི། བོད་མིའི་སྤྱི་ཚོགས་ཁྲོད་དུ་དེ་ལ་ཤེས་ཡོན་ཞན་ཞིང་། མི་རིགས་གཞན་གྱི་རྩོམ་ཚུལ་དང་ཀློག་ཚུལ་ལ་ཅུང་སྦྱང་བ་ཡོད་པ་རྣམས་ཀྱིས་རང་ཉིད་སྤྱི་ཚོགས་ཆབ་ཆུང་དེའི་ཁྲོད་དུ་གསར་འདོན་པ་ཞིག་ཏུ་ཆགས་པར་རློམས་པའམ། ཡང་ན་སྲོལ་རྒྱུན་སྙན་ངག་ལ་ཤེས་གོམས་ཆུང་ཕྱིར་དེ་ལས་གཞན་པའི་ཐབས་མེད་པ་ཞིག་ཏུ་གྱུར་པ་འདྲ།
སྙན་ངག་གྱེར་ཚུལ་དང་རྩོམ་ཚུལ་དེས་སྲོལ་རྒྱུན་སྙན་ངག་རྒྱུན་སྐྱོང་ལ་གནོད་བཞིན་ཡོད་པ་མཐོང་ཆོས་མངོན་གྱུར་རེད། འོན་ཀྱང་རང་མོས་སྙན་ངག་དང་། དེའི་གྱེར་འདོན་གཉིས་པོ་དེ་སྲོལ་རྒྱུན་སྙན་ངག་ལས་ཀྱང་འཐུས་སྒོ་ཚང་ཞིང་། ཚད་ངེས་ཅན་ལྡན་པ་ཞིག་ཡིན་ན་ཤིན་ཏུ་ལེགས་མོད། ཕལ་ཆེར་རང་མོས་སྙན་ངག་ཅེས་པ་དེ་ནི། རྩོམ་པ་པོ་རྩོམ་གཞན་ཆེར་མི་ཤེས་ཤིང་། ཁ་བདེ་བདེ་མོ་ཀུན་གྱིས། ཁྱོད་ནི་ཉི་མ་ཡ་ཉི་མ། ཟླ་བ་ཡ་ཟླ་བ་སོགས་གང་དྲན་ཞིག་བརྩམས་ནས་སྤེལ་བཞིན་འདུག་ཀྱང་དེ་ལ་འདྲིག་དང་མི་འདྲིག་གི་ཁྲིམས་དང་ལུགས་སྲོལ་ངེས་ཅན་ཞིག་མེད་པས་ན་གཟབ་དགོས།
མ་འོངས་པར་རང་མོས་དག་ཡིག རང་མོས་ཡིག་གཟུགས། རང་མོས་སུམ་རྟགས་སོགས་ཀྱང་སྤེལ་ནས། རང་མོས་ཀྱི་ཤེས་བྱ་དེ་ལ་སྦྱང་མི་དགོས་པ་ཞིག་ཏུ་འགྱུར་ན་ལེགས་པོ་ཡིན་ནམ།
རྩོམ་པ་པོ་མཆོག་གི་ཚིག་འདི་ཅུང་མི་བདེ་བ་འདྲ་སྟེ།
(དེ་ལ་མ་དགའ་ན་ཡང་ཐབས་མེད་དེ་བོད་ས་ཡོངས་ལ་མཆེད་ཚར་བས་སོ།)
བོད་ས་ཡོངས་ལ་མཆེད་ཚར་ན་ཐབས་མེད་པས་ཁྱབ་ན། རྒྱ་གཞུང་ལ་མ་དགའ་ནའང་ཐབས་མེད་དེ་བོད་ས་ཡོངས་མཆེད་ཟིན་པས་སོ། །དེས་ན་གང་ཉིད་ཀྱི་མི་ཚེ་གར་སྐྱིད་བྱས་ན་བཞུགས་དང་། གཏན་ཚིགས་དེ་ཙམ་གྱིས་ཐག་ཆོད་མཐར་ཐུག་ཅིག་བྱེད་ཐུབ་པར་ངེས།།