(གསུམ་ཅུའི་དུས་དྲན་ཐེངས་ང་གསུམ་པའི་ཉིན་མོར་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་དུ།)
མུ་ཏོ་བ།
དང་པོ། རང་ལུས་མེར་བསྲེགས་ཀྱི་བྱུང་རིམ་ལ་ལྟ་བ།
དེ་ཡང་འདས་ཟིན་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ལ་ཕྱིར་མིག་ཅིག་བལྟས་ན། རང་ལུས་ཞུགས་འབུལ་གྱི་སྙིང་སྟོབས་ཐོག་མ་ནི་ཝིཊ་ནམ་ཡུལ་གྱི་སེ་གྷུན་ས་གནས་ Saigon ཀྱི་ཕན་དྷིན་ཕུང་ Phan-Dinh-Phung གི་སྲང་ལམ་ནས་མཆེད་ཅིང་། དེ་ནི་ཕྱི་ལོ་ ༡༩༦༣ ཟླ་ ༠༦ ཚེས་ ༡༡ ཉིན་ཊིཆ་ཀོང་དྷུག་ Thich Quang Duc ཟེར་བའི་ཝིཊ་ནམ་ནང་པའི་དགེ་སློང་ཞིག་གིས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ཅིང་། དེ་རྗེས་ཁོང་གི་རྗེས་འཇུག་པ་མང་པོས་ཀྱང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྤེལ་ནས། མཐར་Diem ཊིམ་གྱི་སྒེར་འཛིན་སྲིད་གཞུང་མགོ་སྟིང་བསློགས་ཏེ་ཆོས་ལུགས་དད་མོས་ཀྱི་རང་དབང་ལ་ལོངས་སུ་སྤྱད་ཐུབ་པ་བྱུང་ཡོད། ཡང་དེ་དང་མཚུངས་བའི་ལས་འགུལ་གཞན་ཞིག་གླེང་ན། ཕྱི་ལོ་༢༠༡༠ལོའི་ཟླ་༡༠་བའི་ཚེས་༡༧ཉིན་རང་ལོ་ཉེར་བདུན་ཡིན་པའི་ཨ་ཡབ་ཀྱི་བྷོ་རྫིས་རྫིས་( HYPERLINK “http://en.wikipedia.org/wiki/Mohamed_Bouazizi” \o “Mohamed Bouazizi” Mohamed Bouazizi) སུ་འབོད་པའི་སྲང་ལམ་གྱི་ཚོང་ལས་གཉེར་མཁན་ཁོང་གིས་རང་ལུས་མེར་བསྲེགས་བཏང་རྐྱེན་ཨ་རབ་ཀྱི་མེ་ཏོག་བ་སྤུ་གསར་བརྗེ་ལངས་ཡོད་ལ། དེས་དཀྱིལ་ཤར་ཨེ་ཤའི་གླིང་ཕྲན་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ཨ་རབ་ས་ཁུལ་གྱི་(Libya)ལི་བྷི་ཡཱའི་སྒེར་གཅོད་སྲིད་འཛིནལམ་ལུགས་མགོ་སྟིང་བསློགས་ཤིང་། མཐར་སྲིད་འཛིན་ངྒ་རྡ་ཧྥིའི་(Muammar Gaddafi)ཚེ་སྲོག་ཀྱང་ཤོར་བ་རེད།
དེའི་ཕྱིར་ཁོང་གིས་རང་ལུས་མེར་བསྲེགས་བཏང་བ་ནི་གསར་བརྗེའི་ལས་འགུལ་ཆེན་མོ་འདིའི་ཐོག་མའི་སྐུལ་སློང་གི་ས་བོན་དུ་གྱུར་ཡོད། དེ་དང་ལྷན་དུ་གསར་བརྗེ་འདིའི་ཤུགས་རྐྱེན་གང་སར་ཁྱབ་སྟེ། ཐ་ན་རྒྱ་ནག་གི་གྲོང་ཁྱེར་མང་པོ་དང་བོད་ཀྱི་ས་ཁུལ་རེ་འགར་དེའི་རླབས་རྒྱུན་གྱི་ནུས་ཤུགས་ཅུང་ཙམ་སླེབས་ཐུབ་པ་བྱུང་ཡོད། གོང་དུ་འདས་ཟིན་པའི་འཛམ་གླིང་ཤར་ནུབ་ཀྱི་ས་ཁུལ་ནས་རང་ལུས་མེར་སྲེག་གི་བྱུང་རིམ་གྱིས་བསླངས་བའི་གསར་བརྗེ་ཆེན་པོ་གཉིས་གླེང་བ་ཡིན་ལ།
སྐབས་དོན་དངོས་བོད་ཀྱི་རྩ་དོན་དང་འབྲེལ་བའི་བོད་མིའི་རང་ལུས་ཞུགས་འབུལ་གྱི་ལས་འགུལ་བྱུང་རིམ་སྐོར་ནས་གླེང་ན། རང་ལོ་དྲུག་ཅུ་ཟིན་པའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་༡༩༩༨ལོའི་ཟླ་༤་ཚེས་༢༧ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རང་ལུས་མེར་སྲེག་བཏང་སྟེ་བོད་ཕྱི་ནང་དུ་རང་ལུས་མེར་སྲེག་གི་ལས་འགུལ་འདིའི་སྙིང་སྟོབས་ཀྱི་ས་བོན་ཐོག་མར་བཏབ་ཡོད། དེ་རྗེས་ཕྱི་ལོ་༢༠༠༩ལོའི་ཟླ་༠༢་པའི་ཚེས་༢༧ཉིན་མདོ་སྨད་རྔ་བ་ནས་རང་ལོ་ཉི་ཤུ་ཟིན་པའི་རྒྱལ་གཅེས་དཔའ་བོ་བཙུན་པ་བཀྲ་བྷེས་རང་ལུས་མེར་སྲེག་བཏང་སྟེ་བོད་ནང་དུ་རང་ལུས་མེར་སྲེག་གི་མེ་ལྕེ་ཐོག་མར་མཆེད་འགོ་བརྩམས་ཤིང་། དེ་ནི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་སྨག་ནག་པའི་གངས་རིའི་ཕ་ཁྱིམ་གྱི་སླད་དུ་རང་ཉིད་སྒྲོན་མེ་ཞིག་གི་ཚུལ་གྱིས་དྲོད་ཁོལ་དང་འོད་སྣང་བསྩལ་བའི་ཉེར་ལེན་ལས་བྱུང་བར་མངོན།
འདི་ལྟར། ཕྱིར་དྲན་ཞིག་བྱས་ན་བོད་ཕྱི་ནས་བོད་ནང་དུ་མེ་ལྕེ་མཆེད་པའི་བརྒྱུད་རིམ་ཁྲོད་དུ་ཏག་ཏག་ལོ་ངོ་ཧྲིལ་བོ་བཅུ་དང་ཟླ་བ་བཅུ་འགོར་འདུག་ལ། བོད་ཕྱི་ནང་དུ་རང་ལུས་མེར་སྲེག་གི་ཉིན་མོ་ནི་ཚེས་ཉེར་བདུན་ཏེ། ཉིན་གཅིག་ཏུ་འཁེལ་འདུག་པ་དེ་ནི་ཇི་འདྲའི་འགྲེལ་དཀའ་བའི་སྣང་ཚུལ་ཞིག་རེད་ཨང་། གང་ལྟར། ཕྱི་ལོ་༡༩༩༨། ༢༠༠༦། ༢༠༠༩། ༢༠༡༡། ༢༠༡༢་བཅས་ལོ་ངོ་འདི་དག་ལ་བོད་ཕྱི་ནང་གཉིས་ནས་ཁྱོན་བསྡོམས་མེར་བསྲེགས་གཏོང་མཁན་བོད་མི་སྐྱ་སེར་སུམ་ཅུ་ཐམ་པ་བྱུང་འདུག་ལ། དེའི་ནང་ད་བར་བཙན་བྱོལ་དུ་རང་ལུས་མེར་བསྲེགས་གཏོང་མཁན་བཞི་དང་། བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་༢༦བྱུང་འདུག ལྷག་པར་དུ་འདི་ལོའི་ལོ་གསར་བ་ཚེས་ནས་ཟླ་ངོ་གསུམ་གྱི་ནང་བོད་ནང་དུ་བོད་མི་༡༣་གྱིས་འབོད་སྒྲ་དང་སྙིང་སྟོབས་གཅིག་པའི་སྒོ་ནས་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མུ་མཐུད་ནས་སྤེལ་འདུག། མདོ་སྨད་རྔ་བའི་ས་ཁུལ་གཅིག་པུ་ནས་བོད་མི་སྐྱ་སེར་བཅུ་བདུན་གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད།
ད་ལྟའི་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཕྱི་ནང་གཉིས་ཀར་བོད་མི་སྐྱ་སེར་སུམ་ཅུ་ཐམ་པའི་རང་ལུས་མེར་བསྲེགས་བཏང་པའི་བརྒྱུད་རིམ་ཁྲོད་ནས་བོད་མི་ཉེར་གཅིག་འདས་གྲོངས་སུ་ཕྱིན་འདུག་ལ། ལྷག་མ་རྣམས་ཁ་ཤས་སྐུ་འཚོ་བཞུགས་ཙམ་དང་ཁ་ཤས་(བོད་ནང་གི)གར་ཡོད་གནས་ཚུལ་ད་དུང་ཤེས་རྟོགས་ཐུབ་མེད། རང་ལས་མེར་བསྲེགས་ཀྱི་ལས་འགུལ་འདི་བོད་ནང་ཁུལ་གྱི་མདོ་སྨད་རྔ་བ་གཙོས་ཐེམ་ཆེན་རྫོང་དང་། མགོ་ལོག རྨ་ཆུ། ཁམས་ཕྱོགས་ནས་སྐྱེ་དགུ་དང་ཆབ་མདོ། དཀར་མཛེས། གསེར་རྟ་བཅས་ཀྱི་ས་ཁུལ་དུ་མར་བྱུང་དང་འབྱུང་མུས་ཡིན། དེའི་ཉེར་ལེན་ལ་བརྟེན་ནས་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་མདོ་སྟོད་སྨད་ཀྱི་ས་ཁུལ་མང་པོ་ནས་ཞི་བའི་ལས་འགུལ་ཤུགས་ཆེན་པོ་འབྱུང་པར་རྒྱ་དམར་གཞུང་དངངས་འཚབ་སྐྱེ་བཞིན་ཡོད་པས། བོད་ཀྱི་ས་ཁུལ་མང་པོར་སྔ་ས་ནས་དམ་དྲག་ཤུགས་ཆེར་དང་གནོན་ཤུགས་འདྲ་མིན་སྤྲད་དང་སྤྲོད་བཞིན་ཡོད་པ་ཀུན་གྱིས་མཐོང་ཐོས་སུ་གྱུར་ཡོད།
མིག་སྔར་གྱི་འཛམ་གླིང་གི་ལོ་རྒྱུས་ཁྲོད་དུ་བལྟས་ན། མི་རིགས་དང་རྒྱལ་ཁབ་ཀྱི་རང་དབང་དང་ཞི་བདེའི་སླད་དུ་ཚེ་སྲོག་དང་འབྱོེར་བས་འགྲོ་གྲོན་ཕོན་ཆེན་པོ་བཏང་དང་གཏོང་བཞིན་པའི་རྒྱལ་ཁབ་དང་མི་རིགས་མང་པོ་ཡོད་པ་ཀུན་གྱིིས་ཤེས་ཚོད་རེད། ཡིན་ནའང། བོད་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་བདེ་སྡུག་ཆེད་དུ་ད་ལྟའི་ཆར་བོད་མི་སུམ་ཅུས་རང་ལས་མེར་བསྲེགས་ཀྱིས་ལས་འགུལ་སྤེལ་ཅིང་ད་དུང་ཡང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་མུ་མཐུད་ནས་འབྱུང་སྲིད་པའི་གནས་བབ་ལ་ཕྱོགས་མང་པོ་ནས་བལྟས་ན། འདི་ནི་ཕལ་ཆེར་མིག་སྔར་གྱི་འཛམ་གླིང་ལོ་རྒྱུས་ནང་དུ་རང་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ཟིན་ཐོ་གསར་བ་ཞིག་བྲིས་འདུག་ཅེས་བརྗོད་ན་འོས་ཤིང་འཚམས་པར་མཐོང་།
གཉིས་པ། བོད་ནང་དུ་རང་ལུས་ཞུགས་འབུལ་འབྱུང་བཞིན་པའི་རྒྱུ་རྐྱེན་ལ་ལྟ་བ།
རང་ལུས་མེར་སྲེག་གི་ལས་འགུལ་འདིའི་རྒྱབ་ལྗོངས་དང་ཡང་ན་འབྱུང་རྐྱེན་ལ་རོབ་ཙམ་བལྟས་ན། དེ་ཡང་མདོར་དེད་ན་རྒྱུ་རྐྱེན་གཙོ་བོ་གཉིས་ལ་ཐུག་འདུག དང་པོ། རྒྱ་དམར་ནག་གཉིས་ཀྱི་སྲིད་དབང་འཐབ་རྩོད་ཀྱི་བརྒྱུད་རིམ་ཁྲོད་ནས་དམར་པོའི་སྲིད་གཞུང་ལ་རྒྱལ་ཁ་ཐོབ་སྟེ་ཕྱི་ལོ་༡༩༤༩ལོར་རྒྱ་དམར་གུང་ཁྲན་ཏང་དངོས་སུ་མ་བཙུགས་ཡར་སྔོན་ནས། རྒྱ་དམར་གྱིས་བོད་ས་བཙན་འཛུལ་གྱི་འཆར་གཞི་ལྡན་པའི་སྲིད་ཇུས་བརྟན་པོར་བཏང་ཚར་ཡོད། ༡༩༤༩་ལོ་ནས་རིམ་གྱིས་བོད་ཤར་ཕྱོགས་མདོ་ཁམས་ནས་འགོ་བརྩམས་སྟེ་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་བཙན་འཛུལ་གྱི་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ། ལྷག་པར་དུ་བོད་ཞི་བའི་བཅིངས་འགྲོལ་གྱི་ཁ་གཡང་ཁྲོད་ནས། ༡༩༥༡ལོར་རྒྱ་དམར་གྱི་མེ་མདའི་སོ་ཁའི་བཙན་འོག་ནས་ཞི་བའི་དོན་ཚན་བཅུ་བདུན་འུ་ཐུག་གིས་འཇོག་དགོས་བྱུང་། དེ་རྗེས་༡༩༥༩ལོར་༧གོང་མཆོག་རྒྱ་དམར་གྱི་དམག་སྒར་ལ་མགྲོན་བསུ་གནང་སྟེ། བསམ་ངན་འཆང་བའི་སྲིད་ཇུས་ལ་མི་མང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་བསྟན་ནས་བོད་ཀྱི་རྒྱལ་ས་ལྷ་སར་གཞི་རྒྱ་ཆེ་བའི་སྒེར་ལངས་བྱུང་ཞིང་། སྐབས་དེར། ༧གོང་ས་མཆོག་སྐུ་འཁོར་དང་བཅས་པའང་བཙན་བྱོལ་དུ་ཕེབས་དགོས་བྱུང་། དེ་ནས་བཟུང་། བོད་གཞིས་བྱེས་གཉིས་ཀྱི་ལས་དབང་གི་དབུ་ཁྱུད་ཐོག་མར་འབྲི་རུ་བཅུག
དེ་བཞིན་ཕྱི་ལོ་༡༩༨༧་དང་༡༩༨༩ལོར་སྔ་ཕྱི་རིམ་པར་བོད་ཀྱི་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་བསྒྲགས་ཡིག་སྤེལ་བ་དང་སླར་ཡང་གཞི་རྒྱ་ཆེ་བའི་ཞི་བའི་སྒེར་ལངས་བྱས་ཤིང་། དེ་རྗེས་ཕྱི་ལོ་༢༠༠༨་ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་མང་པོ་ནས་སླར་ཡང་ཞི་བའི་ངོ་རྒོལ་རྒྱ་ཆེན་པོ་བྱས་ཡོད། གཞི་རྒྱ་ཆེ་བའི་ཞི་བའི་ངོ་རྒོལ་དེ་དག་གི་ཁྲོད་དུ་རྒྱ་དམར་སྲིད་གཞུང་གིས་མ་ཉེས་ཁ་གཡོག་གིས་ཆེས་གདུག་རྩུབ་ལྡན་པའི་བྱ་སྤྱོད་ལག་ཏུ་བསྟར་ཏེ། དྲག་གནོན་དང་། བཙོན་འཇུག བཀག་སྡོམ དམར་གསོད། གཅར་རྡུང་སོགས་ཀྱི་སྒོ་ནས་བོད་མི་ས་ཡ་གཅིག་ལྷག་ཡ་ང་སྙིང་རྗེ་མེད་པའི་བྱ་སྤྱོད་དང་སྲིད་ཇུས་ཁྲོད་ནས་འདས་གྲོངས་སུ་ཕྱིན་ཡོད། ད་དུང་ཡང་མི་སྤྱོད་ལས་འདས་པའི་མནར་གཅོད་མཚམས་འཇོག་མེད་པར་མུ་མཐུད་ནས་ཤུགས་ཆེར་གཏོང་བཞིན་ཡོད་ཀྱང། རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་མིའི་འཚོ་གནས་དང་བདེ་སྡུག་སོགས་ལ་རོགས་དངུལ་དང་རྒྱབ་སྐྱོར་ཚད་མེད་བྱེད་བཞིན་པའི་ཁྱབ་བསྒྲགས་རྫུན་མ་གང་སར་སྤེལ་མུས་ཡིན། དེ་ལྟ་བུའི་ཕ་བསད་པའི་སྒང་ལ་རྒྱལ་རྔ་བརྡུ་བའི་རྒྱ་དམར་གཞུང་གི་བྱ་སྤྱོད་འདིས། བོད་མི་རེ་རེའི་སེམས་སུ་ཧ་ཅང་སོས་ཐབས་བྲལ་བའི་ན་ཟུག་དང་བཟོད་ཐབས་མེད་པའི་སྡུག་བསྔལ་གྱི་རྨ་ཁ་ལྕི་མོ་ཞིག་བཞག་ཡོད་པ་སྨོས་མ་དགོས། བོད་ཀྱི་མི་རབས་གསར་རྙིང་གི་བོད་མི་རྒན་མགོ་དཀར་ནས་གཞོན་སོ་དཀར་ཡན་ཆད་ཀྱི་བོད་མི་རེ་རེའི་རུས་རྐང་དུ་ན་ཟུག་འདིའི་བག་ཆགས་འཐིམ་ཏེ་ཁྲག་རྩའི་རྒྱུ་ལམ་གང་སར་ཁྱབ་ཡོད། དེ་བས། བོད་མི་མང་པོ་ཞིག་གིས་ཡུན་རིངས་སྙིང་ལ་བརྣག་པའི་སེམས་ཀྱི་ན་ཟུག་ཟབ་མོ་འུ་ཐུག་གིས་ཕྱི་རུ་བཏོན་ཏེ་རང་ལུས་མེར་བསྲེགས་གཏོང་དགོས་བྱུང་བ་ལས་སུ་གང་གིས་ཀྱང་འདི་ལ་སྐུལ་འདེད་དང་བཙན་ཤེད་བྱས་མེད་པ་གསལ་བོེ་ཡིན།
གཉིས་པ། སྤྱིར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དྲུག་ངེས་པར་དུ་དགོས་ལ། དེ་དག་ནི་འཛམ་གླིང་སྟེང་གི་སྐྱེས་བུ་ཚང་མར་རང་ཆས་སུ་ཡོད་པའི་གཞི་རྩའི་ཐོབ་ཐང་ཡིན་པས། འདི་རྒྱལ་སྤྱིའི་ཁྲིམས་ཐོག་ནས་ཀྱང་སྲུང་སྐྱོབ་ཀྱི་འགན་དབང་ཡོད། འོན་ཀྱང་། བོད་ནང་གི་བོད་མི་ཚོའི་ལུས་སྟེང་ན་འགྲོ་བ་མིའི་ཐོབ་ཐང་ག་ཚོད་ཚང་འདུག ཁོང་ཚོར་རིག་གཞུང་སྲུང་སྐྱོབ་དང་ཆོས་ལུགས་དད་མོས་ཀྱི་རང་དབང་མེད་ལ། འདྲ་མཉམ་དང་རང་དབང་གི་ཐོབ་ཐང་དེ་བས་ཀྱང་མེད་། ལྷག་པར་སྨྲ་བརྗོད་རང་དབང་དང་དྲང་བདེན་མིན་པའི་ལམ་ལུགས་ལ་ངོ་རྒོལ་དང་། གཉའ་གནོན་དང་ཕྱི་གཞོག་གི་བྱ་སྤྱོད་ལ་ཁ་གཏད་གཅོག་པའི་རང་དབང་སྤུ་ཙམ་མེད། དེ་མཚུངས་སུ་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བཞིན་བོད་མི་ཚོར་བཙན་དབང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་རུ་འཇུག་པ། བོད་ཀྱི་གཏེར་ཁ་སྔོག་འདོན་དང་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་ཚད་མེད་བྱས་པ་སོགས་ཀྱི་རྒྱུ་རྐྱེན་ལ་བརྟེན་ནས་བོད་མིས་རྒྱ་གཞུང་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེར་སོང་ཡོད་པ་དོན་དངོས་ཡིན།
ཕྱི་ཚུལ་ནས་བལྟས་ན། མི་རིགས་རང་སྐྱོང་ས་ཁུལ་གྱི་མིང་བྱང་རྫིག་པོ་རེ་བཏགས་ཡོད་ཀྱང་། དོན་དམ་དུ་བོད་མི་རང་ལ་བདག་དབང་གི་ཐོབ་ཐང་ཏིལ་འབྲུ་ཙམ་ཡང་མེད་པར། རྒྱ་དམར་སྲིད་གཞུང་རང་ནས་འཆར་གཞི་ལྡན་པའི་སྒོ་ནས་ལས་དོན་སྣ་མང་ཐད་ཀར་ལག་ཏུ་བསྟར་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་ལ། བོད་ཀྱི་ས་ཁུལ་གང་སར་ཆོས་ལུགས་མི་སྣ། སློབ་གསོ་བ། རྩོམ་པ་པོ། སྒྱུ་རྩལ་བ། ཁོར་ཡུག་སྲུང་སྐྱོབ་པ། གཞས་བ་གཞས་སོགས་ཉེས་མེད་མང་ཚོགས་མང་པོ་བཙན་གནོན་དང་དམར་གསོད། བཙོན་འཇུག་རབ་དང་རིམ་པ་མང་པོ་བྱས་ཏེ། འགྲོ་བ་མིའི་ཐོབ་ཐང་བསམ་བཞིན་དུ་རྡོག་རོལ་བཏང་བའི་ཉེར་ལེན་བཅས་ལ་བརྟེན་ནས་ད་ལྟའི་ཛ་དྲག་གི་གནས་བབ་འདི་བྱུང་བར་བསྙོན་དུ་མེད་དོ། མདོར་ན། རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་བོད་མི་དེ་དག་གི་མེ་ལྕེའི་ཀློང་གི་འབོད་ཚིག་ལས་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་གང་ཡིན་གསལ་བོར་རྟོགས་ཐུབ།
འོན་ཀྱང་། རྒྱ་དམར་གཞུང་གི་སྒེར་གཅོད་རིང་ལུགས་པ་དེ་དག་གིས་དྲང་བདེན་གྱི་ཆེད་དུ་འབར་གྱིན་པའི་མེ་ལྕེར་ལྟ་བའི་མིག་ཟུང་ལྡོངས་སོང་བ་དང་། རང་དབང་གི་སླད་དུ་སྒྲོག་བཞིན་པའི་འབོད་ཚིག་ལ་ཉན་པའི་རྣ་བ་འོན་སོིང་བ། འདྲ་མཉམ་གྱི་ཕྱིར་དུ་རེ་འདུན་ཞུ་བཞིན་པར་ཡ་ལན་སྟེར་བའི་ཁ་ལྕེ་ལྐུགས་སོང་བའི་སྟབས་ཀྱིས་ཡ་མ་ཟུང་དང་ཁུངས་མེད་ལུང་མེད་ཀྱི་འཁྱོག་གཏམ་སྣ་ཚོགས་བརྗོད་ཀྱིན་པ་མ་གཏོགས་གཟུར་གནས་བློ་ལྡན་གྱི་འཛམ་གླིང་གི་སྐྱེ་བོ་མང་པོས་བོད་ནང་གི་བོད་མིའི་གནས་བབ་ངོ་མ་རྟོགས་ཐུབ་ཀྱི་ཡོད་པ་སྤོབས་པའི་ངང་བཤད་ཐུབ།
ཕྱོགས་གཞན་ཞིག་ནས་བཤད་ན། ད་ལྟའི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་འདིས་སྣེ་དྲངས་པའི་སྒོ་ནས་ཆུ་གྲོགས་ཆར་བའི་ཚུལ་དུ་བོད་ནང་དངོས་ཤུགས་བརྒྱུད་གསུམ་ནས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། ལྷག་པར་ལོ་གསར་ལ་སྤྲོ་སྐྱིད་མི་གཏོང་བ་དང་། ལྷག་དཀར་གྱི་དུས་ཚིགས་སྲུང་བརྕི་ཞུ་བ། ད་དུང་རང་ལུས་མེར་བསྲེགས་དང་རྒྱ་དམར་གྱིས་དམར་གསོེད་བཏང་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གྱི་བསྔོ་བ་སྨོན་ལམ་འཚོགས་པ་བཅས་གང་ནུས་ཅི་ལྕོགས་ཀྱིས་ལས་འགུལ་རབ་དང་རིམ་པ་མང་པོ་སྤེལ་བཞིན་ཡོད། སྐབས་འདིར་ཕྱིར་མིག་ཅིག་བལྟས་ན། རྐྱེན་ངན་གྲོགས་སུ་ཤར་བ་ཡིན་ནམ་མི་ཤེས། གང་ལྟར། བོད་མི་རེ་རེའི་འདུ་ཤེས་ཀྱི་ངོས་སུ་བོད་མིའི་སྐྱིད་སྡུག་ཉམས་མྱོང་དང་མཐུན་སྒྲིལ་གྱི་མདུད་པ་དེ་དམ་ནས་དམ་དུ་སྦྲེལ་གྱིན་པའི་ཚོར་འདུ་ཤིག་འགོག་མེད་དུ་སྐྱེས་འོང་གིན་འདུག
གསུམ་པ། རང་ལུས་མེར་བསྲེགས་ལ་རྒྱ་གཞུང་གིས་འཁྱོག་བརྗོད་བྱེད་སྟངས།
སྤྱིར་བོད་ཀྱི་གནད་དོན་དང་འབྲེལ་བའི་ལས་འགུལ་ཅི་འདྲ་ཞིག་བརྩམས་ནའང་། རྒྱ་གཞུང་གིས་མ་རེངས་པའི་འཁྱོག་གཏམ་སྣ་ཚོགས་ཀྱིས་འཛམ་གླིང་ཧྲིལ་བོར་བསླུ་བྲིད་དང་མགོ་སྐོར་གཏོང་བཞིན་པ་ནི། དྲང་བདེན་གྱི་སྤྱན་ཟུང་དང་གཟུར་གནས་གྱི་རྣམ་དཔྱོད་མཆིས་པའི་སྐྱེ་བོ་ཞིག་ཡིན་ཚེ་གསལ་ཐང་ངེར་རྟོགས་མོད། ཡིན་ནའང་། རྒྱ་དམར་གྱི་སྒེར་འཛིན་རང་ལུགས་པའི་གཏེ་བོ་མོའི་ཡིས་བཤད་པ་བཞིན་རྫུན་གཅིག་ཐེངས་བརྒྱར་བཤད་ན་བདེན་པར་འགྱུར་ཅེས་པ་ལྟར། ཕྱོགས་གཞན་ཞིག་ནས་བལྟས་ན། ད་ལྟའི་འཛམ་གླིང་ཧྲིལ་བོ་དཔལ་འབྱོར་འགྲན་རྩོད་ཀྱིས་བསྒུལ་ནས་རྒྱ་དམར་གྱི་ཁྱབ་བསྒྲགས་རྫུན་མས་གནམ་སའི་ཁྱོན་ཀུན་འགེང་བཞིན་པའི་དུས་འདིར་ང་ཚོས་ཀྱང་འཛམ་གླིང་འདི་ཅིས་ཀྱང་གཉིད་ལས་དཀྲོག་རན་འདུག་སྙམ། གལ་སྲིད་འཛམ་གླིང་ཧྲིལ་བོ་སྔར་བཞིན་རྒྱ་དམར་གྱི་ཁྱབ་བསྒྲགས་རྫུན་མའི་གཡོ་འོག་ཏུ་ཚུད་དེ་་སྔུར་སྒྲ་སྟུག་པོ་དང་ལྷན་དུ་གཉིད་དུ་ཡུར་བཅུག་ན་བོད་ཀྱི་གནད་དོན་འདི་འཛམ་གླིང་གི་མིག་མདུན་དང་རྣ་ལམ་ལས་གཏིང་བརྗེད་དུ་མི་འགྲོ་བའི་ངེས་པ་མེད། ལྷག་པར་ད་ལྟའི་ཛ་དྲག་གི་གནས་སྟངས་འདིའི་ཁྲོད་ནས་སླར་ཡང་རྒྱ་དམར་གྱིས་འཛམ་གླིང་མི་མང་གི་སྤྱན་ཟུང་ལ་ཁྱབ་བསྒྲགས་རྫུན་མའི་མིག་སྨན་སྣ་ཚོགས་འབྱུག་བཞིན་པ་བརྒྱུད་ལམ་ཁག་མང་པོ་ནས་དངོས་སུ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པས། ད་ནི་ང་ཚོས་ཅིས་ཀྱང་རྔ་ལ་བབས་པའི་བྲོ་ཞིག་འཁྲབ་པར་འཕྱིས་མེད་ན་སྔ་མི་འདུག
དེ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་བོད་ཀྱི་གནད་དོན་གྱི་གླེང་སློང་གང་འདྲ་ཞིག་བྱུང་ན། རྒྱ་དམར་གཞུང་གིས་ནམ་ནམ་ཞར་ཞར་མ་ཎི་བཞིན་ཟློ་བ་ནི། བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་པས་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་རྒྱལ་ཁབ་ཀྱི་ནང་ཁུལ་ལ་ཐེ་གཏོགས་མི་བྱེད་པའི་ཁྲིམས་ལུགས་སྲུང་བརྩི་དགོས་པའི་ཉེན་བརྡ་གཏོང་བཞིན་ཡོད། དེ་ནི་རྒྱ་ནག་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ནས་བོད་དོན་གྱི་གནད་དོན་ཅི་ཞིག་གླེང་ན་ཐོག་མའི་སྤོབས་པ་ཆེན་པོའི་ཐོག་ནས་ལན་འདེབས་བྱེད་བཞིན་ཡོད། ཐེངས་འདིའི་ཞི་ཅིན་ཕེན་གྱི་ཨ་རིར་མཚམས་འདྲིར་ཡོང་སྐབས་ཀྱང་སྐད་ཆ་དེ་བསྐྱར་ཟློས་ཀྱིས་གླེང་ཡོད་འདུག
དེ་མཚུངས་སུ་རྒྱ་ནག་གིས་ཕྱི་དངོས་པའི་དཔལ་ཡོན་ཆེས་ཆེར་དར་བཞིན་པའི་སྐབས་དང་བསྟུན་ནས། ཡར་རྒྱས་ཕྱིན་མེད་པ་དང་འགྲོ་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་ཆེ་ཆུང་མང་པོར་ཚོང་འབྲེལ་གྱི་འབྲེལ་བ་དམ་ཟབ་གནང་སྟེ། བོད་དོན་དང་འབྲེལ་བའི་ལས་འགུལ་དང་གནད་དོན་གླེང་ན་ཐད་ཀར་ཚོང་འབྲེལ་གྱི་ཤུགས་རྐྱེན་འོག་ནས་དངོས་ཤུགས་བརྒྱུད་གསུམ་ནས་སྟངས་འཛིན་དང་དབང་སྒྱུར། རྒོལ་ལན་སྤྲོད་བཞིན་རྒྱ་དམར་གྱིས་མཛུབ་མོ་གང་བསྟན་ཤར་དུ་འགྲོ་དགོས་པས་བོད་ཀྱི་གནད་དོན་གླེང་བའི་སྨྲ་སྒོར་ལྕགས་ཟྭ་ཆེན་པོ་ཞིག་སྔ་མོ་ནས་བརྒྱབ་ཚར་ཡོད།
ད་དུང་དེ་ལས་ཀྱང་གནད་འགག་ཆེ་བ་ནི་གོང་དུ་སྨོས་པ་བཞིན་རྒྱ་ནག་ནང་ཁུལ་གྱི་དྲ་བ་དང་བརྒྱུད་ལམ་ཁག་བཀག་སྡོམ་ནན་མོ་བྱས་ཏེ། དངོས་ཡོད་གནས་ཚུལ་ཕྱིར་གཏོང་མི་ཐུབ་པར་རྒྱ་གཞུང་གི་སྟངས་འཛིན་འོག་བརྒྱུད་ལམ་ཁག་ཏུ་གནས་ཚུལ་རྫུན་མའི་རིགས་སྤེལ་བཞིན་པ་དང་། ལྷག་པར་རྒྱ་ནག་མི་མང་ལ་བོད་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་རྫུན་མ་སྤེལ་ནས་མི་རིགས་མཐུན་སྒྲིལ་གྱི་ཁོར་ཡུག་ལ་རྒྱ་གཞུང་རང་གིས་གཏོར་བཤིག་གཏོང་བཞིན་ཡོད། དཔེར་ན། ༢༠༠༨་ལོར་རྒྱ་གཞུང་གཞུང་གིས་གནས་ཚུལ་རྫུན་མ་སྤེལ་ནས་བོད་དང་ཁ་ཆེ་དབར་རྩོད་གླེང་སློང་ཐབས་བྱས་ཀྱང་ལམ་ལྷོང་བ་མ་བྱུང་བ་ཀུན་གྱིས་ཤེས་གསལ་རེད། དེ་བཞིན་རྒྱ་དམར་སྲིད་གཞུང་རང་ནས་གྲངས་ཉུང་མི་རིགས་དབར་དང་། ཡང་ན་མི་རིགས་གཅིག་པའི་ནང་ཁུལ་དུ་དཔལ་འབོར་གྱིས་བསླུ་བྲིད་དང་དབང་ཡོད་བྱས་ཏེ། མཐོ་རིམ་མི་སྣ་རེ་ཟུང་དངོས་ཤུགས་བརྒྱུད་གསུམ་ནས་བེད་སྤྱད་དེ་ནང་ཁུལ་ལ་རྩོད་གླེང་སློང་བར་ཐབས་ལམ་སྣ་དགུ་འདིང་བཞིན་པ་སོགས་བགྲང་གིས་མི་ལངས་པའི་གཡོ་སྒྱུ་སྣ་ཚོགས་འཁྲབ་བཞིན་ཡོད།
ཉེ་བའི་ཆར་སྤེལ་བཞིན་པའི་གནས་ཚུལ་ནང་དུའང་ཏཱ་ལའི་རང་ལུགས་དང་ཁ་བྲལ་བ་ཁ་ཤས་ཀྱིས་བསྐུལ་མ་བྱས་ཏེ་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་བརྟན་བརླིང་མེད་པར་བཟོ་བ། རང་ལུས་མེར་སྲེག་གི་བསྐུལ་མ་བྱེད་བཞིན་པ་སོགས་ཀྱིས་མཚོན་པའི་ཁུངས་མེད་ལུང་མེད་ཀྱི་རྫུན་གཏམ་དང་སྒྲོ་སྐུར་སྣ་ཚོགས་ཀྱིས་མི་མང་གི་མཐོང་རྒྱ་སྒྲིབ་པར་བྱེད་པ། བོད་ཀྱི་ས་ཁུལ་བྱེ་བྲག་པ་ཞིག་གི་གནད་དོན་དང་དཀའ་ངལ་ཙམ་ལས་བོད་ཀྱི་ས་ཁུལ་བྱིངས་ན་འཚོ་སྡོད་བྱེད་བཞིན་པའི་བོད་མིའི་གནས་བབ་ཧ་ཅང་བརྟན་བརླིང་དང་ཞི་བདེ་ཡིན་ཚུལ་སྒྲོག་བཞིན། རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དག་གིས་བོད་མི་རིགས་ཀྱི་བདེ་སྡུག་སླད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕུལ་བར་གུས་མེད་མཐོང་ཆུང་དང་ཁྱད་གསོད་དམའ་འབེབས་བྱེད་བཞིན་འདི་དག་གོ་ན་སྙིང་ལངས་ཤིང་མཐོང་ན་སེམས་སྡང་བའི་ཚོད་དུ་འདུག དོན་ངོ་མར་བཤད་ན། རྒྱ་དམར་སྲིད་གཞུང་རང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་བསླངས་རྐྱེན་དེའི་འགན་འཁྲི་དང་ཐག་གཅོད་ཚང་མ་རྒྱ་གཞུང་རང་ལ་མ་གཏོགས་སུ་གང་ལའང་ངན་ཁག་དང་གཡོལ་ས་གང་ཡང་མེད་དོ།
བཞི་པ། ཕྱི་སྡོད་གཞུང་མང་དང་ཚོགས་སྡེ་ཁག་གིས་སྤེལ་བཞིན་པའི་ལས་འགུལ།
ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ་དང་བསྟུན་ནས་བྱེས་སྡོད་བོད་གཞུང་མང་དང་ཚོགས་སྡེ་ཁག་གིས་གདུང་སེམས་མཉམ་བསྐྱེད་ཀྱི་སྒོ་ནས་འཛམ་གླིང་མི་མང་གི་མིག་མདུན་དུ་བོད་ནང་གི་དངོས་ཡོད་གནས་ཚུལ་འགྲེམས་སྤེལ་དང་། བོད་ནང་དུ་དོན་ངོ་མར་དཀའ་ངལ་ཅི་ཞིག་འཕྲད་བཞིན་པར་ཤེས་རྟོགས་ཐུབ་པར་ལས་འགུལ་རབ་དང་རིམ་པ་མང་པོ་ཞིོག་སྤེལ་དང་སྤེལ་མུས་རེད། དེ་ཡང་ལས་འགུལ་རྣམ་གྲངས་ཅི་རིགས་དང་ངོ་བོ་འདྲ་མིན་ནས་སྤེལ་གྱིན་ཡོད་ལ། ལས་འགུལ་སྤེལ་གྱིན་པའི་རྣམ་གྲངས་མང་ཡང་མདོར་བསྡུས་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ངོས་དང་། ཚོགས་སྡེ་ཁག་དང་ས་གནས་་དེ་བཞིན་མི་སྒེར་བཅས་ཀྱི་ངོས་ནས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད།
༡༽ བོད་གཞུང་གི་ངོས་ནས་སྤེལ་བཞིན་པའི་ལས་འགུལ།
ལས་འགུལ་རིམ་པ་དང་པོ་ནི། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལྟའི་རང་ལུས་མེར་སྲེག་གི་ཛ་དྲག་གི་གནས་བབ་ལ་གཞིགས་ཏེ། སྐབས་དང་དུས་ལ་བསྟུན་ནས་ལས་འགུལ་རབ་དང་རིམ་པ་སྤེལ་བའི་ཁྲོད་ནས་གཙོ་ཆེ་ཤོས་ཁ་ཤས་ཞུས་ན། གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་ཕྱི་རྒྱལ་ཡུལ་གྲུ་གང་སར་བཞུགས་པའི་བོད་མི་ཚང་མས་མཆོད་འབུལ་སྨོན་ལམ་དང་སྦྲགས་ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུས། དེ་མཚུངས་བཀའ་བློན་ཁྲི་བ་མཆོག་གིས་གཙོས་བཀའ་བློན་ཁ་ཤས་ཨ་རིར་ཕེབས་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་བོད་ནང་དངོས་ཡོད་གནས་སྟངས་ལ་ཞིབ་འཇུག་དང་རྟོག་ཞིབ་གནང་བར་རང་དབང་གི་གསར་འགོད་ཚོགས་སྡེ་ཁག་དང་། རྒྱ་རིགས་ཤེས་ཡོན་ཅན་བོད་ནང་བསྐྱོད་ཆོག་པར་མཆོག་མཆན་དགོས་པའི་འབོད་སྐུལ་ཞུས་ཡོད་ལ། བོད་རྒྱ་བར་ཞི་བའི་གྲོལ་མོལ་ཡོང་བར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཀྱང་ད་ལྟའི་ཛ་དྲག་གི་གནས་བབ་ལ་རྒྱབ་སྐྱོར་དང་གཞོག་འདེགས་གང་ནུས་ཅི་ལྕོགས་གནང་བའི་རེ་སྐུལ་ཞུས་ཏེ། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་་དེ་དག་གིས་ཐོག་མཐའ་བར་གསུམ་དུ་རྒྱ་དམར་སྲིད་གཞུང་ལ་གནོན་ཤུགས་སྤྲད་དེ་བོད་ཀྱི་གནད་དོན་ཐག་གཅོད་དགོས་པའི་རེ་འདུན་ཀྱང་ཤུགས་ཆེར་ཞུས་ཡོད།
དེ་བཞིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་ཕྱི་ལོ་༢༠༡༢་ལོའི་ཟླ་༢པའི་ཚེས་༨ཉིན་འཛམ་གླིང་ཡུལ་ཕྱོགས་སོ་སོར་གནས་པའི་བོད་རིགས་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་ནང་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ཉིན་བརྒྱ་དུས་གཅིག་གི་ཞི་བའི་ལས་འགུལ་སྤེལ་ཅིང་། སྤྱི་འཐུས་ལྷན་ཚོགས་ཀྱིས་ཛ་དྲག་ལས་འགུལ་ཁག་དགུ་སྤེལ་རྒྱུ་གསལ་བསྒྲགས་བྱས་ཏེ་སྤེལ་མུས་ཡིན། ད་དུང་རྒྱ་ནག་གི་སྲིད་འཛིན་ལ་གནད་དོན་ཁག་བདུན་ཛ་དྲག་གིས་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། གཞན་ཡང་། ༢༠༡༢་ལོའི་ཟླ་༢་པའི་ཚེས་ ༡༤ ཉིན་ བཀའ་སྤྱི་ལྷན་རྒྱས་ཀྱི་ངོས་ནས་ད་ལྟའི་བོད་ནང་ཛ་དྲག་གནས་ཚུལ་བསྟུད་མར་འབྱུང་བཞིན་པའི་གནས་ཚུལ་དང་འབྲེལ་བའི་གནད་དོན་ཁག་ཅིག་ལ་བཀའ་བསྡུར་ལྷུག་པོར་གནང་ཡོད།
འདི་ལོའི་ལོ་གསར་བའི་ནང་དུ་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་སྣེ་ཁྲིད་པའི་སྒོ་ནས་མི་མང་མང་པོ་མཉམ་ཞུགས་བྱས་ཏེ། ལོ་གསར་ཚེས་གཅིག་ཉིན་རྡ་སའི་གཙུག་ལག་ཁང་དུ་བོད་ནང་གི་བོད་རང་ལུས་མེར་སྲེག་་དང་དམར་གསོད་བཏང་ཟིན་པ། མདོར་ན་བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་རྣམས་ཀྱི་ཆེད་གདུང་སེམས་མཉམ་བསྐྱེད་ཀྱི་བསྔོ་སྨོན་དང་ཉིན་གཅིག་ཟས་བཅད་ལས་འགུལ་སྤེལ་ནས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ། གཞུང་འབྲེལ་མིན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག མི་སྒེར་གྱི་ངོས་ནས་བོད་ནང་གི་དོན་དངོས་གསལ་བཤད་དང་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་བར་སྐུལ་མ་བྱས་ཡོད། གཞན་ཡང་དུས་དང་དུས་སུ་གསར་འགོད་གསལ་བསྒྲགས་བསྐྱངས་བ་སོགས་ཀྱིས་མཚོན་པའི་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རང་བབ་འགན་འཁྲི་དག་སྐབས་དང་དུས་ལ་བསྟུན་ནས་ལས་འགུལ་སྣ་མང་སྤེལ་གྱིན་པ་ཤེས་རྟོགས་ཡོང་བར་ལས་འགུལ་གལ་ཆེན་འགའ་འདིར་ཟུར་འདོན་བྱས་པ་ཡིན། དེ་ལས་རྒྱས་པའི་གཞི་རྩའི་ལས་འགུལ་དང་འཆར་འགོད་ཁག་བརྒྱུད་ལམ་གཞན་དང་གཞན་དུ་ཤེས་པར་གྱིས།
༢༽ ཚོགས་སྡེ་འདྲ་མིན་ངོས་ནས་སྤེལ་བཞིན་པའི་ལས་འགུལ།
ལས་འགུལ་རིམ་པ་གཉིས་པ་ནི། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་ངོས་ནས་སྤེལ་བཞིན་ཡོད་ལ། ༢༠༡༡ལོའི་ཟླ་༤བའི་ཚེས་ ༢༥་ཉིན་དབུས་བོད་ཀྱི་གཞོན་ལྷན་ཚོགས་གཞོན་གཙོས་རྒྱུན་ལས་གསུམ་གྱིས་རྒྱལ་ས་ལྡི་ལིར་ཟས་བཅད་ངོ་རྒོལ་དང་། ཚེས་༢༦་ཉིན་ཀིརྟིའི་གྲྭ་༡༠༠ལྷག་གིས་ལྡི་ལི་བར་གོམ་བགྲོད། ༢༠༡༡པའི་ཟླ་༥་ཚེས་ ༢ ཉིན་རྒྱ་གར་རྒྱལ་ཡོངས་ས་གནས་ཁག་ ༥༠ ནང་དགེ་འདུན་པ་ ༢༠༠༠༠ ལྷག་གིས་ཉིན་བརྒྱ་དུས་གཅིག་ལ་ཞི་བའི་གོམ་བགྲོད་གནང་། ལྡི་ལི་ས་གནས་མཐོ་སློབ་བོད་ཀྱི་གཞོན་ནུ་ཚོགས་པའི་གོ་སྒྲིག་འོག “རང་ལུས་མེ་རུ་བསྲེག་པ། རང་དབང་གི་འབོད་སྒྲ་ཡིན།” སོགས་ཀྱིས་སྐབས་དང་དུས་ལ་བསྟུན་ནས་ལྡི་ལིའི་རྒྱ་མིའི་གཞུང་ཚབ་ཁང་གི་མདུན་དང་ས་གནས་འདྲ་མིན་དུ་ལས་འགུལ་ཤུགས་ཆེར་སྤེལ་དང་སྤེལ་བཞིན་ཡོད། ད་དུང་ཕྱི་ལོ་༢༠༡༡ལོའི་ཟླ་༡༡་པའི་ཚེས་༡ཉིན་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་འཛིན་ལ་གནད་དོན་གཉིས་གཙོར་བཟུང་གིས་འཕྲིན་ཡིག་ཅིག་ཕུལ་ཡོད། དེ་མཚུངས་སུ་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་ཕྱི་ཟླ་གཉིས་པའི་ཚེས་༡༣ ནས་འདི་ག་ཨ་མེ་རི་ཀར་འཚམས་འདྲིར་སླེབས་པའི་སྐབས་དང་བསྟུན་ཨ་རིའི་རྒྱལ་ས་ནེའུ་ཡོག་དང་ས་ཁུལ་གཞན་དག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ས་གནས་སོ་སོའི་གཞོན་ནུ་ལྷན་
ཚོགས་སོགས་ཚོགས་པ་ཁ་ཤས་ཀྱིས་ཞིས་ཅིན་ཕིང་ལ་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཏེ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱ་གཞུང་གིས་འགན་འཁུར་དགོས་པའི་བརྡ་ལན་སྤྲད་ཡོད།
ད་ལོའི་ལོ་གསར་ཚེས་ ༡ ཉིན་དང་སྟབས་བསྟུན་ཏེ་དབུ་མའི་ལམ་ལས་འགུལ་ཁང་གི་གོ་སྒྲིག་འོག བཞུགས་སྒར་དྷ་ནས་ལྡི་ལི་བར་༼རྒྱལ་ཚོགས་གཉིད་དཀྲོགས༽ གོམ་བགྲོད་ལས་འགུལ་ཞིག་འགོ་བརྩམས་ཡོད་ལ། རྒྱལ་ས་ལྡི་ལིར་འབྱོར་རྗེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་བཅས་སུ་བསྐྱོད་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐད་འབོད་སྐུལ་ཞུ་རྒྱུ་ཡིན་འདུག ད་ལྟའི་ཆར་ཨ་རིར་རྟེན་གཞིར་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་དྲུང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཀོད་སྒྲིག་འོག་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་ལྔ་ཞུས་ཏེ། ༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་དང་རྡོ་རྗེ་རྒྱལ་པོ།་ཡེ་ཤེས་བསྟན་འཛིན་གསུམ་གྱིས་ དུས་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་ནས་ད་བར་ཉིན་གྲངས་བཅུ་བདུན་ལྷག་ཕྱིན་ཟིན་ལ། ད་དུང་མུ་མཐུད་ནས་གནང་རྒྱུའི་ཆོད་སེམས་ཡོད་པ་སོགས་མདོར་ན་རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གིས་སྔར་ལས་ལྷག་པའི་བོད་ཀྱི་གནད་དོན་ཐད་ལས་འགུལ་སྣ་མང་སྤེལ་དང་སྤེལ་མུས་སུ་མཆིས་པ་གསར་ལམ་དང་བརྒྱུད་ལམ་ཁག་མང་པོ་ནས་གསལ་བོར་རྟོགས་ཐུབ་པས་འདིར་རེ་ཟུང་དཔེ་མཚོན་དུ་བཀོད་པ་ཡིན།
༣༽ ས་གནས་སོ་སོ་དང་མི་སྒེར་ངོས་ནས་སྤེལ་བཞིན་པའི་ལས་འགུལ།
ད་ལྟའི་ཛ་དྲག་གི་གནས་བབ་ལ་གཞིགས་ཏེ་བྱང་ལ་དྭགས་ནས་ཤར་བྷེ་གལ་དབར་དང་། ནུབ་ལྡི་ལི་ནས་ལྷོ་མོན་ངྒོ་དང་སྦེལ་ཀོབ་དབར་གྱི་གཞིས་ཆགས་ས་ཁུལ་མང་པོ་ནས་ཡུལ་ཁྲིམས་ཀྱི་གནས་བབ་དང་བསྟུནནས་ལས་འགུལ་སྣ་མང་སྤེལ་བཞིན་ཡོད་ལ། ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་མང་པོར་ཚོགས་སྡེ་འདྲ་མིན་སྣེ་ཁྲིད་དེ་ས་གནས་སོ་སོ་ནས་སྤྱིར་བོད་དོན་ཁྱབ་བསྒྲགས་དང་ཡང་སྒོས་ད་ལྟའི་ཛ་དྲག་གི་གནས་བབ་དངོས་འགྲེལ་བརྗོད་གནང་ནས་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་མང་སྤེལ་བཞིན་ཡོད། ད་དུང་མི་སྒེར་གྱི་ངོས་ནས་རང་ནུས་ཅི་ལྕོགས་ཀྱིས་ད་ལྟའི་ཛ་དྲག་གི་གནས་བབ་དང་བསྟུན་ནས། གདུང་སེམས་མཉམ་བསྐྱེད་དང་རྒྱ་གཞུང་གིས་ད་ལྟའི་ཛ་དྲག་གནས་བབ་ལ་འགན་འཁུར་དགོས་པར་ཞི་བའི་གོམ་བགྲོད་དང་རྐང་འཁོར་ཞོན་ཏེ་བོད་དོན་ཁྱབ་བསྒྲགས་བྱེད་པ། གཞན་ཡང་་། ད་ལྟའི་ཛ་དྲག་གནས་བབ་བརྗོད་སྙིང་དུ་བཟུང་ནས་བགྲོ་གླེང་བྱེད་པ་སོགས་ཀྱིས་བོད་མིའི་སྐྱིད་སྡུག་མཉམ་མྱོང་དང་འབྲེལ་ནས་རང་འགན་རང་འཁུར་དང་རང་ངོ་རང་ཤེས་ཀྱི་འདུ་ཤེས་བླ་ལྷག་ཏུ་སྐྱེ་བར་གཞོག་འདེགས་མི་དམན་པ་བྱེད་མུས་ཡིན།
མདོར་ན། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ལ་འདི་ཆེད་དམིགས་སུ་བཟུང་ནས། བྱེས་བཞུགས་བོད་མི་གཞུང་མང་ཚོགས་སྡེ་ཁག་གསུམ་མཉམ་རུབ་ཀྱིས་ནུས་ཤུགས་ཅི་ཙམ་ཐོན་མིན་ལ་མ་ལྟོས་པར་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རྒྱ་དམར་གྱིས་མནར་གཅོད་དང་བཙོན་འཇུག་ དམར་གསོད་བཏང་ཟིན་པ་རྣམས་དང་། ལྷག་པར་རང་ལུས་ཞུགས་འབུལ་གནང་མཁན་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་ནང་གི་དཀའ་ངལ་དང་གནས་སྟངས་དངོས་འཛམ་གླིང་གི་མི་མང་གི་སྤྱན་སྔར་ཞུ་ཐུབ་པར་འབད་བརྩོན་ལྷོད་མེད་གནང་སྟེ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་འདུ་ཤེས་དང་མཐུན་སྒྲིལ་གྱི་ནུས་ཤུགས་དེ་ཆེས་ཆེར་རྒྱས་བཞིན་པའི་དཀྱོགས་མཚམས་ཤིག་ལ་བསླེབས་འདུག་པར་མངོན། (འདིར་གསལ་བཤད་ཞུ་རྒྱུ་ཞིག་ལ་གོང་དུ་སྨྲས་ཟིན་པའི་གཞུང་དང་ཚོགས་སྡེ་ཁག་ དེ་བཞིན་ས་གནས་དང་མི་སྒེར་གྱིས་སྤེལ་བའི་ལས་འགུལ་དེ་དག་ནི་ལས་འགུལ་སྣ་མང་སྤེལ་བའི་ནང་གི་དཔེ་མཚོན་ཙམ་རེ་གཙོར་བཟུང་གིས་ཞུས་པ་ལས་ད་ལྟའི་ཛ་དྲག་གི་གནས་བབ་ཐད་སྤེལ་བའི་ལས་འགུལ་ཆེ་ཆུང་ཚང་མ་འདུས་མེད་པ་ཤེས་པར་གྱིས། ) སྤྱིར་ང་ཚོའི་ལས་འགུལ་འདིས་མུ་མཐུད་ནས་འཛམ་གླིང་མི་མང་གི་དོ་སྣང་སླེབ་པ་ཙམ་མིན་པར་བོད་མི་རིགས་རང་ཉིད་ཀྱང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ནས་གཉིད་སད་དེ་གཅིག་གྱུར་གྱི་ཁ་ཕྱོགས་ལྡན་པའི་ལས་འགུལ་དང་འཐབ་རྩོད་ཀྱི་ཕྱོགས་སུ་བསྐྱོད་ཐུབ་པརའང་ཡིད་ཆེས་ཀྱིས་བརྟས་ནས་ཡོད།
ལྔ་པ། རྒྱལ་སྤྱིའི་སྤྱན་གྱིས་བོད་དོན་ལ་གཟིགས་བཞིན་པའི་སྐོར།
སྤྱིར་བཏང་བོད་མི་རིགས་འདི་གཅེས་ལངས་ལ་ཤོར་བའི་མི་རིགས་ཤིག་ཡིན་སྟབས་ཐ་ན་རང་གི་ལྟོ་རྒྱབ་ཀྱང་གཞན་ལ་བརྟེན་ཅི་ཐུབ་བྱེད་ལས་རང་གི་རྩོལ་བར་བསྟེན་ནས་སྒྲུབ་པའི་གོམས་སྲོལ་དེ་ཙམ་རང་གཤིས་སུ་མེད། དེའི་ཕྱིར། སྤྱི་ཚོགས་དཔྱད་བརྗོད་པ་མང་དག་ཅིག་གིས་ང་ཚོ་གཞན་བརྟེན་རིང་ལུགས་ཀྱི་ནད་ཡམས་ལས་རྒྱང་དུ་བཀྱེད་དགོས་པར་བརྗོད་པ་དོན་དངོས་ཡིན། འོན་ཀྱང་། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ལ་བསྟུན་ཏེ་བཤད་ན། བོད་ཀྱི་གནད་དོན་འདི་སེལ་བར་བོད་མི་རང་ཉིད་ཀྱི་འཐབ་རྩོད་ཁོ་ནས་ནུས་དེ་ཙམ་ཐོན་པར་དཀའ་བས་རྒྱལ་སྤྱི་སྤྱི་ཚོགས་ཀྱི་ངོས་ནས་བོད་ཀྱི་གནད་དོན་ཐད་འགན་འཁྲི་དང་རྒྱབ་སྐྱོར་ཤུགས་ཆེར་བྱེད་རྒྱུ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་འགྱུར་འགྲོས་ལས་བོད་ཀྱི་གནད་དོན་གླེང་སློང་དང་ཐག་གཅོད་ཀྱི་གོ་གནས་ཆེན་པོ་ཟིན་ཡོད་སྙམ། དེ་བས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གླེང་ཕྱོགས་ནས་བོད་ཀྱི་གནད་དོན་དང་ཁ་ཕྱོགས་གླེང་རྒྱུ་གལ་ཆེ་ཞིང་དུས་རབས་ཀྱི་འགྲོ་སྟངས་དང་མཐུན་པའི་འཐབ་རྩོད་ཅིག་ཏུ་ཁ་ཕྱོགས་རྒྱུ་ནི་དེ་ལས་ཀྱང་གལ་ཆེ་སྙམ། ཐེངས་འདིའི་བོད་ཀྱི་ཛ་དྲག་གི་གནས་བབ་ཐད་རྒྱལ་སྤྱིའི་སྤྱན་གྱིས་བོད་ལ་གཟིགས་ཚུལ་དེ་ཡང་མདོར་བསྡུས་ན་སྡེ་ཚན་གསུམ་གྱི་ནང་དུ་བསྡུ་ཐུབ།
༡༽ རྒྱལ་སྤྱིའི་སྲིད་གཞུང་ཁག་གི་གཟིགས་སྟངས།
འདི་ལོའི་སྤྱི་ཟླ་དང་པོའི་ཚེས་ཉི་ཤུའི་ཧྥ་རན་སིའི་ཕྱི་འབྲེལ་མགྲིན་ཚབ་པས་ (Bernard Valero)རྒྱ་གཞུང་གིས་བོད་མི་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་གནང་འདུག བོད་ནང་དུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱི་གནས་སྟངས་ཐད། ཧྥ་རན་སི་གཞུང་གིས་བློ་འཚབ་ཡོད་པར་མ་ཟད་རྒྱ་གཞུང་གིས་བོད་ཀྱི་གནད་དོན་འདི་གྲོས་མོལ་གྱི་ལམ་ནས་སེལ་ཐུབ་དགོས་པའི་འབོད་སྐུལ་གནང་ཡོད། དེ་བཞིན་ཨ་རིའི་སྲིད་གཞུང་། ཨིཊ་ལི། འཇར་མུན། ཨོའོ་སུ་ཋྲི་ལིའི་ཡ། བྷུ་ར་རྫུལ། ལ་སོགས་པའི་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ལ་ཐུགས་ཁུར་དང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་ཤུགས་ཆེར་བསྟན་ནས་རྒྱ་གཞུང་ལ་བོད་ཀྱི་གནད་དོན་ཐད་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
༢༽ སྲིད་གཞུང་གི་གྲོས་ཚོགས་ཁག་ནས་གཟིགས་སྟངས།
དེ་ཡང་ཉེ་བའི་ཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་མ་རི་ཡཱ་ཨོ་ཏེ་རོ་མཆོག་གིས་སྤེལ་བའི་བསྒྲགས་གཏམ་དང་། ཨ་རིའི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྕམ་མཱར་ཁའེ་(Mary Beth Markey)ལགས་ཀྱིས་གསར་འགོད་པའི་བཅར་འདྲིའི་སྐབས་དྲི་བར་ལན་འདེབས་བྱས་པའི་སྐབས་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་བ་ལྕམ་ནན་སི་པི་ལོ་སི་(Nancy Pelosi) མཆོག་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཕེ་རེང་ཝུལ་ (Frank Wolf) རྣམ་གཉིས་ཀྱིས་སྤེལ་བའི་བསྒྲགས་གཏམ་གྱིས་མཚོན་པའི་ཨ་རིའི་ནང་གི་གྲོས་ཚོགས་ཀྱི་འཐུས་མིས་བོད་ནང་གི་ཛ་དྲག་གི་གནས་བབ་ལ་དོ་སྣང་བྱེད་བཞིན་ཡོད་ལ། གཞན་ཡང་། ཨི་ཊཱ་ལིའི་གྲོས་ཚོགས་འོག་མའི་ (Chamber of Deputies) འཚོགས་འདུའི་སྐབས་དང་། འཇར་མན་དུ་ཚོགས་པའི་རྒྱལ་སྤྱིའི་བདེ་འཇཊ་ཚོགས་ཆེན་སྟེང་དུ་ཨ་རིའི་གྲོས་ཚོགས་འཐུས་མི་ཇོན་མེལ་ཁིན་ལགས་ཀྱིས་རྒྱ་ནག་ཏུ་དཀྱིལ་ཤར་ཡུལ་གྲུ་ལྟ་བུའི་གསར་བརྗེ་འབྱུང་སྲིད་པའི་ཉེན་བརྡ་བཏང་བ་སོགས་ཀྱིས་མཚོན་པའི་རྒྱལ་སྤྱིའི་གྲོས་ཚོགས་ཁག་གི་གནད་ཡོད་མི་སྣས་བོད་དོན་ཤུགས་ཆེར་གླེང་བཞིན་ཡོད་ལ། དེ་དག་གི་གླེང་ཕྱོགས་གཙོ་བོ་མདོར་བསྡུས་ནས་བཤད་ན། འགའ་རེས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་གསར་བ་འཇོག་བཞིན་ཡོད་ལ། ཁ་ཤས་ཀྱིས་ཉེ་བའི་ཆར་བོད་ནང་དུ་བྱུང་དང་འབྱུང་བཞིན་པའི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་བསྒྲགས་གཏམ་སྤེལ་བ། དེ་མཚུངས་རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་བོད་དོན་ཐག་གཅོད་ཀྱི་གྲོས་མོལ་གནང་རྒྱུར་འབོད་སྐུལ་དང་། ད་ལྟའི་བོད་ནང་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲད་དེ་བོད་ནང་རང་དབང་གི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཀྱི་ཚོགས་ཆུང་གཏང་རྒྱུར་རྒྱབ་སྐྱོར་དང་རེ་འདུན་ཤུགས་ཆེར་གླེང་བཞིན་ཡོད།
༣༽ རྒྱལ་སྤྱིའི་ནང་གི་ཚོགས་སྡེ་ཁག་དང་མི་སྒེར་གྱིས་བོད་དོན་ལ་གཟིགས་སྟངས།
འདིར་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་སྒེར་གྱིས་བོད་དོན་ལ་གཟིགས་སྟངས་སྐོར་མདོར་ཙམ་གླེང་ན། ལོ་སྔོན་མའི་ནང་དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁུངས་HYPERLINK “http://vimeo.com/tibetnetwork”International Tibet Network (ITN)ནས། ༢༠༡༡ལོའི་སྤྱི་ཟླ་༡༡གི་ཚེས་༢ཉིན། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ངོས་ནས་ཡུལ་ལུང་སོ་སོའི་རྒྱ་ནག་གི་གཞུང་ཚབ་མདུན་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རེ་སྐུལ་ཞུས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཆེད་ལས་འགུལ་སྤེལ་ཡོད། དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་དུ་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་དང་མཁས་པ་ཁག་ཅིག་གིས་ཉེ་ཆར་བོད་ནང་བྱུང་བའི་ཛ་དྲག་གི་གནས་སྟངས་སྐོར་ལ་བགྲོ་གླེང་བྱས་པ། ད་དུང་ཝི་ཏི་ནམ་དང་རྒྱ་རིགས། བོད་དོན་རྒྱབ་སྐྱོར་གྱི་ཚོགས་པ་ཆེ་གྲས་ཁག་གཅིག་གིས་རྒྱ་གཞུང་ནས་བོད་ནང་གི་བོད་མིར་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་དགོས་པའི་རེ་འདུན་ཞུས་ཡོད།
ད་དུང་། རྒྱ་ནག་ནང་དུ་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱིས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མིས་རང་ལུས་མེར་སྲེག་བཏང་བའི་གནད་དོན་སྐོར་རྟོག་ཞིབ་ཆེད་བོད་ནང་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པར་རྒྱ་ནག་གཞུང་ལ་རེ་འདུན་ཤུགས་ཆེར་བཏོན་པ་སོགས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་འདྲ་མིན་གྱིས་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཤུགས་ཆེར་བྱས་ཏེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་བཞིན་ཡོད། གཞན་ཡང་རང་དབང་ལྡན་པའི་གཟུགས་མཐོང་བརྙན་འཕྲིན་གྱི་བརྒྱུད་ལམ་ཁག་མང་པོ་ནས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་སྐོར་འགྲེལ་བརྗོད་དང་དཔྱད་གླེང་སྣ་ཚོགས་བྱེད་བཞིན་ཡོད་ལ། ཟླ་འདིའི་ཚེས་གསུམ་ཉིན་སུད་སིར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྟེང་། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དྲུང་ཆེ་དང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱིས་བོད་ནང་གི་གནས་སྟངས་ཐོག་སེམས་འཚབ་ཡོད་སྐོར་བརྗོད་པ་སོགས་མདོར་ན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་འདྲ་མིན་ནས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་གླེང་སློང་བྱེད་བཞིན་པ་འདི་ནི་བོད་ཀྱི་གནད་དོན་འདི་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཞིག་ཏུ་གྱུར་ནས་རྒྱ་གཞུང་གིས་གནད་དོན་འདི་སྣང་མེད་དུ་མི་འཇོག་པར་ཕན་ནུས་བླ་མེད་ཐོན་དང་འདོན་མུས་ཡིན།
གཞན་ཡང་། མི་སྒེར་གྱི་ཐད་ནས་ལྷོ་ཨ་ཧྥི་རི་ཀའི་ཡེ་ཤུའི་ཆོས་དཔོན་ནམ་ནོ་སྦེལ་ཞི་བདེ་གཟེངས་རྟཊ་བཞེས་མཁན་ཌེ་སི་མོན་ཊོ་ཊོ་མཆོག་ཀྱང་ཉེ་ཆར་རྡ་སར་རྒྱ་ནག་གཞུང་གིས་བོད་མི་ཚོར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་ཐོབ་ཐོང་རྣམས་ངེས་པར་དུ་སྤྲོད་དགོས་པའི་གསུང་བཤད་གནང་ཡོད། དེ་བཞིན་འཇར་མན་གྱི་བོད་དོན་རྒྱབ་སྐྱོར་པ་སྐུ་ཞབས་ཇོ་ཧཱ་མེལ་ཊོན་ལགས་ཀྱིས་འཇར་མན་གྱི་གྲོང་ཁྱེར་མུ་ནེ་ཆི་ནང་གི་རྒྱ་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་དང་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བྱས་ཏེ་རང་ལུས་མེར་བསྲེགས་བཏང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་གནང་ཡོད། རྒྱ་དམངས་གཙོ་དོན་གཉེར་བ་གྲགས་ཅན་དང་དུས་རབས་ཉེར་གཅིག་པའི་རྒྱ་ནག་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཡང་ཅན་ལི་ནེའུ་ཡོག་ཏུ་ཆེད་དུ་ཕེབས་ནས་ད་ལྟའི་ཛ་དྲག་གི་གནས་བབ་ལ་གདུང་སེམས་མཉམ་བསྐྱེད་ཆེད་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་ནང་ཉིན་གཅིག་ལ་མཉམ་ཞུགས་བྱས་ཡོད།
གོང་དུ་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་མི་སྒེར་བཅས་ཀྱིས་བོད་ཀྱི་གནད་དོན་ཐད་སེམས་ཁུར་དང་རྒྱབ་སྐྱོར་གྱི་རྣམ་པ་སྟོན་བཞིན་པའི་སྐོར་དཔེ་མཚོན་འགའ་འདིར་བཀོད་ནས། བོད་དོན་ཐད་རྣམ་པ་དང་ངོ་བོ་འདྲ་མིན་གྱི་སྒོ་ནས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་དང་གཞོག་འདེགས་གང་ནུས་ཅི་ལྕོགས་གནང་བཞིན་པ་ཤེས་རྟོགས་ཆེད་སྤེལ་བ་ཡིན། དེ་ཡང་ད་ལྟའི་ཆར་༧གོང་མཆོག་གི་བླ་མེད་མཛད་འཕྲིན་སྤྱི་དང་བྱེ་བྲག་གཞིས་བཞུགས་རྒྱ་ཆེའི་བོད་མི་མང་གི་ཆོད་སེམས་དང་སྙིང་སྟོབས་སྔར་ལས་བརྟན་པ། དེ་དང་ཆབས་ཅིག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་དང་མང་ཚོགས། གཞན་ཡང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཞུང་དང་ཚོགས་པ་མི་སྒེར་བཅས་ཀྱི་ནུས་ཤུགས་གཅིག་ཏུ་བསྒྲིལ་བའི་ཉེར་ལེན་ལ་བརྟེན་ནས་བོད་ཀྱི་གནད་དོན་འདི་ཉིད་རྒྱལ་སྤྱིའི་སྡིངས་ཆའི་ཁྲོད་ནས་མི་གླེང་ཐབས་མེད་ཀྱི་གནད་དོན་ཞིག་ཏུ་ཆགས་ཡོད། ལྷག་པར་དེང་གི་དཔལ་འབྱོར་འགྲན་རྕོད་ཀྱི་དུས་རབས་འདིའི་ནང་དུ་རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་ཀྱིས་ཀྱང་ནམ་ཡང་གཡོལ་ཐབས་མེད་པའི་དཀའ་ངལ་ཞིག་ཏུ་ངོས་བཟུང་ནས། ཐབས་ཤེས་ཡོད་དགུ་རྩལ་སྦྲུག་གིས་ཁ་གཏད་གཅོད་དགོས་པའི་གནད་དོན་ཞིག་ཏུའང་གྱུར་ཡོད། དེ་བས། མུ་མཐུད་ནས་བོད་ཀྱི་འཐབ་རྩོད་ཀྱི་ངོ་བ་རྒྱུན་འཁྱོངས་དང་ནུས་ཤུགས་ལྡན་པ་ཡོང་པར་ཚང་མས་འཕྱར་གྲུ་མཉམ་འདེགས་ཀྱིས་འགན་འཁྲི་དང་ནུས་པ་གཅིག་ཏུ་སྤུངས་རྒྱུ་གལ་ཆེའོ།