མི་ཉག་སྐལ་བཟང་།
དལ་རྟེན་མི་ལུས་རིན་ཆེན་རྙེད་པ་དང་།།
མཛེས་པའི་ལང་ཚོ་མེ་ཏོག་བཞད་ཀྱང་རུང་།།
ཁ་ཕྱོགས་གཏད་སོ་མེད་པའི་ན་གཞོན་ཚོར།།
རང་དབང་བདེ་སྐྱིད་འཇའ་ཚོན་སྣ་ལྔ་བཞིན།།
འདོད་རྒུ་དཔལ་གྱི་རི་བོ་དབང་བ་དང་།།
འཚོ་བའི་ལོངས་སྤྱོད་ཀླུ་དང་མཉམ་ཡང་རུང་།།
འདོད་ཆགས་རླུང་གིས་བདས་པའི་ཕྱུགས་བདག་ཚོར།།
རང་དབང་བདེ་སྐྱིད་ཉིན་མོའི་སྐར་མ་བཞིན།།
མཐོན་པོའི་ཁྲི་ལ་སེང་གེ་འགྱིང་བ་དང་།།
དབང་ཐང་རྡོ་བྲག་བཞིན་དུ་བརྟན་ཀྱང་རུང་།།
ཆགས་སྡང་ཕྱོགས་སུ་ལྷུང་བའི་དཔོན་པོ་ཚོར།།
རང་དབང་བདེ་སྐྱིད་ཆུ་ཡི་ལྦུ་བ་བཞིན།།
གྲོང་དང་གྲོང་ཁྱེར་མང་པོར་ཉུལ་བ་དང་།
གདུལ་བྱ་སྐར་མའི་ཚོགས་ཀྱི་འཁོར་ཡང་རུང་།།
དཀོར་རྫས་རི་ལྟར་སྤུངས་པའི་ཆོས་པ་ཚོར།།
རང་དབང་བདེ་སྐྱིད་མཁའ་མཐའི་སྤྲིན་པ་བཞིན།།
རྣམ་དཔྱོད་རྩལ་གྱིས་ཁོ་ལག་རྫོགས་པ་དང་།།
སྦྱངས་པའི་ཡོན་ཏན་ཡལ་འདབ་མང་ཡང་རུང་།།
བླུན་པོའི་རྗེས་སུ་འབྲངས་པའི་མཁས་པ་ཚོར།།
རང་དབང་བདེ་སྐྱིད་དབྱར་གྱི་རྔ་སྒྲ་བཞིན།།
དམར་ཆུང་སྙིང་ལ་འཐིམ་པའི་ཚིལ་ལུ་དང་།།
གོར་གོར་མིག་ལ་ལྷ་མོ་མཐོང་ཡང་རུང་།།
ཀྱ་ཀྱུར་གློག་ལྟར་འཁྱུག་པའི་མཛེས་མ་ཚོར།།
རང་དབང་བདེ་སྐྱིད་ལ་ཁའི་ཉི་མ་བཞིན།།
གླུ་དང་གར་གྱི་མཆོད་པ་འབུལ་བ་དང་།།
སྐད་ངག་སྙན་མོས་ཁུ་བྱུག་གྲགས་ཀྱང་རུང་།།
ལ་རྒྱ་མེད་པའི་གླུ་བ་གླུ་མ་ཚོར།།
རང་དབང་བདེ་སྐྱིད་སྣུམ་ཟད་མར་མེ་བཞིན།།
སྤང་ལྗོངས་སྔོན་མོའི་མལ་གདན་འདིང་བ་དང་།།
རྟ་ནོར་ལུག་གི་འཚོ་བརྟེན་བཟང་ཡང་རུང་།།
ཉམ་ཆུང་མགོ་ནག་བོད་རིགས་སྤུན་ཟླ་ཚོར།།
རང་དབང་བདེ་སྐྱིད་རྩྭ་མགོའི་ཟིལ་པ་བཞིན།།
༅༅།་མི་ཉག་སྐལ་བཟང་ལགས་ཀྱིས་བརྩམས་ཡིག་དེ་ནི་ང་ཡི་བློ་ལ་ཧ་ཅང་ཐད་སོང་བ་ཐུགས་རྗེ་ཆེ།
ཁྱེད་བོད་ཀྱི་རིག་གནས་ལ་སྦྱང་པ་ལེགས་པོ་གནང་འདུག་པ་སེམས་ནས་བསྟོད།
ང་ཁྱོད་འདྲ་མེད་ཀྱང་ཕྲན་བུ་ཙམ་མ་གཏོགས་མེད།
བཀྲིས་བདེ་ལེགས་ཞཡ།
བཀའ་དྲིན་ཆེན། ཨ་འབར་འཇིགས་དབང་ལགས།
མི་ཉག་སྐལ་བཟང་ལེགས་ཀྱི་སྙན་དངགས་ལ་སྤྱོད་ཐུབ་ན་གཏན་གྱི་མདུན་མ་ལེགས་པར་འབྱུང་ངོ་།
འདོད་རྒུ་ཞེས་པ་དག་པར་བྱེད་ན། འདོད་དགུ་ཡིན། བཀྲིས། བཀྲ་ཤིས་ཞེས་བསྡུས་ཡིག་མེད་ན་ཀློག་པ་པོ་གཞན་ལ་ཕན། ཞཡ། ཞེས་པ་ཞིག་ཆོས་སྐད་ན་མཐོང་མ་མྱོང་།