“དེ་རིང་འདིར་བོད་ཀྱི་ལོ་རྒྱུས་ནང་སྡུག་བསྔལ་བྱུང་བའི་གནས་ཚུལ་ལ་དྲན་གསོ་བྱེད་ཀྱི་ཡོད།” འདི་ནི། སྔ་ལོའི་གསུམ་བཅུའི་དུས་དྲན་སྐབས། ༸གོང་ས་སྐྱབས་མགོན་ཆེན་མཆོག་གིས་ཡོངས་ཁྱབ་གསུང་འཕྲིན་སྒྲོག་སྦྱང་མ་གནང་གོང་གནང་བའི་བཀའ་སློབ་གསུང་ཚིག་ཐོག་མ་དེ་རེད། གསུམ་བཅུའི་དུས་དྲན་ནི་སེམས་ཚོར་འདིའི་སྟེང་ནས་དྲན་གསོ་ཞུ་དགོས་པ་ཞིག་ཆགས་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༣ ་ཚེས་ ༡༠ ཉིན་ནི་བོད་ཀྱི་འཆི་གསོན་དབྱེ་ཐག་བཅད་པའི་ཉིན་མོ་ཞིག་ཆགས་ཡོད། བོད་འདི། ད་ལྟ་གསོན་བཞིན་པའི་གནས་སྟངས་འདི་ཡར་དེད་ན། ཕྱི་ལོ་ ༡༩༥༩ ལོར་ཐུག་འགྲོ ཟླ་བ་དེ་དང་ཚེས་པ་དེར་མ་བགྲོས་བསམ་པ་གཅིག་ཏུ་མཐུན་པའི་སྟོབས་ཤུགས་ཤིག་གིས། རྒྱལ་ས་ལྷ་ས་ཡོངས་སུ་བཏུམས་པ་རེད། སྟོབས་ཤུགས་འདི་རྨང་ནས་སྒུལ་མཁན་ནི་རྒྱ་ནག་གུང་ཁྲན་གཞུང་གི་གཉའ་གནོན་དྲག་ཤུགས་དེ་ཡིན།
དེ་རིང་ནི། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ཉིན་རེད། མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་ཉིན་མོ་རེད། ཕྱི་ལོ་ ༡༩༦༢ ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བརྩམས་པ་དང་། ཕྱི་ལོ་ ༡༩༨༩ ལོར་ཁོང་སྐུ་མ་གཤེགས་པའི་གོང་དེར་ཡོངས་ཁྱབ་བཀའ་སློབ་སྩལ་ཕེབས་ནང་། བོད་ཡར་རྒྱས་བཏང་ནས་ཐོབ་པའི་ཁེ་ཕན་ལས། གཏོར་བཤིག་བཏང་བ་དང༌། བོད་མིས་དཀའ་སྡུག་མྱངས་པའི་གྱོང་གུན་ཆེ་བ་བྱུང་ཡོད་ཅེས་གསལ་སྟོན་གནང་ཡོད། བོད་ནང་གི་གཞི་རྩའི་གནས་སྟངས་ནི་སྙན་ཞུ་དང་བཀའ་སློབ་འདི་གཉིས་ནང་འདུ་བ་ཞིག་ཆགས་ཡོད།
མི་ལོ་ ༥༣ རིང་བོད་མི་དམངས་ཀྱིས་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་རིམ་བསྟུད་བྱས་ཤིང་། ད་ལྟའི་གནས་སྐབས་ནི། རྒྱ་ནག་གིས་བཤད་སྟངས་བྱས་ན། དར་དམར་འོག་ནས་འཚར་ལོངས་བྱུང་བའི་མི་རབས་ཀྱིས་དར་དམར་འཕྱར་མཁན་གྱི་གཞུང་ལ་ངོ་རྒོལ་གྱི་དུས་སྐབས་ཆགས་ཡོད། མི་རབས་གསུམ་གྱི་འཐབ་རྩོད་བརྒྱུད་རིམ་དེ། ཞི་དྲག་གཉིས་ཐད་ཀྱི་ངོ་རྒོལ་ནས་ཞི་བར་འགྱུར་བ་སོང་ཡོད་པ་དང་། འཚེ་མེད་ཞི་བའི་ལས་འགུལ་གྱིའང་རྩེ་མོར་སོན་ཏེ། རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་དང་ཞུ་འབོད་བྱེད་མགོ་ཚུགས་ཡོད། འདི་ཡང་རྒྱ་ནག་དམར་པོའི་གཞུང་གིས། བོད་ཀྱི་ཆུ་བོའི་བཞུར་རྒྱུན་བཅད། ཤིང་ནགས་ཀྱི་འཕེལ་རྒྱུན་བཅད། མི་རིགས་ཀྱི་སྐྱེ་རྒྱུན་བཅད། ཆོས་དད་ཀྱི་རང་དབང་འཕྲོག འགྲོ་སྡོད་ཀྱི་གོམ་ཞེང་གཞལ་བ་བཅས་ཀྱི་བཙིར་གནོན་འོག་ནས་འཕེལ་རྒྱས་ཡོང་གི་ཡོད།
གང་ན་གཉའ་གནོན་ཡོད་ན། དེ་ན་ངོ་རྒོལ་ཡོད། འདི་མའོ་ཙེ་ཏུང་གིས་བཤད་མྱོང་བའི་ཚིག་ཅིག་ཡིན། ཡིན་ནའང་། ཁོང་དང་ཁོང་གི་རྗེས་ཞུགས་པ་ཚོས། མེ་མདའི་ཁ་ནས་སྲིད་དབང་འཕྲོག་པ་ཟེར་བ་འདི་དམར་ཤོག་དབང་འཛིན་པའི་ལམ་ཡིག་ཡིན་པར་བལྟ། དམར་ཤོག་གི་སྟོབས་ཤུགས་མཐའ་དག་གི་འབྱུང་ཁུངས་ཡིན་པར་བལྟས་ཏེ། ངོ་རྒོལ་ལ་དྲག་གནོན་བྱེད་པ་ལས། གཉའ་གནོན་གྱི་ངོས་དེ་མཐོང་འདོད་མི་བྱེད། གླེང་འདོད་མི་བྱེད། མུན་ནག་ལྟ་བུའི་བྱེད་སྟངས་འདིས། བོད་ཀྱི་ནམ་མཁའ་ད་དུང་ཡང་སྒྲིབ་ནས་ཡོད།
ད་ཆ་དམར་པོའི་གནམ་འོག་ཆ་ཚང་རྒྱ་སྐད་བཤད་མཁན་དང་རྒྱ་ཟས་ཟ་མཁན། རྒྱ་གཤིས་ཅན་བཅས་སུ་བསྒྱུར་བའི་སྟ་གོན་བྱེད་ཀྱིན་ཡོད། འདི་ནི་ལྟས་ལེགས་སུ་མཐོང་སྟེ། གཉའ་གནོན་ཤིན་ཏུ་ནས་ལྕི་བ་ཞིག་གིས། གནོན་མི་ཐུབ་པའི་སྟོབས་ཤུགས་གཞན་ཞིག་གཉིད་ལས་སློང་བར་ངེས་ཤིང་། སྟོབས་ཤུགས་དེས། ད་གཟོད། གཉིད་ལས་སློང་མཁན་གྱི་སྟོབས་ཤུགས་དེ་ཕམ་པར་བྱས་ནས། དམར་པོའི་གནམ་འོག་འདི་ནས། དམ་བསྒྲགས་ཀྱི་གནམ་འོག་འདི་ནས། གདུག་རྩུབ་ཀྱི་གནམ་འོག་འདི་ནས། རང་དབང་གི་མིག་ཟུང་འབྱེད་ཆོག་པ། རང་དབང་གི་རྒྱུ་འགྲུལ་བྱ་ཆོག་པ། རང་དབང་གི་ལྕེ་དབང་རྐྱོང་ཆོག་པ། རང་དབང་གི་འཚོ་གནས་ཉར་ཆོག་པ་བཅས་ཀྱི་ཡུལ་ཞིག་ལོངས་སུ་སྤྱོད་པའི་གསོས་སུ་བརྩོན་ལེན་བྱེད་པ་ཡིན། དེ་དུས་བོད་རང་བཙན་གྱི་གཏམ་སྙན་རོལ་མོ་ས་ཡ་དྲུག་གི་སྙིང་ལ་བསྐྱིལ། རང་དབང་དགའ་འབོད་ཀྱི་ཐལ་མོ་རྡེབ་སྒྲ་པོ་ཏཱ་ལའི་ཐང་ཆེན་ནས་བྲལ་ཆའི་ཟོལ་གྱིས་མཆེད་ཀྱི་རེད། ངས་ནམ་རྒྱུན་རྨི་ལམ་འདི་འདྲ་ཞིག་གཏོང་གིན་ཡོད། ངས་ནམ་རྒྱུན་རྨི་ལམ་འདི་འདྲ་ཞིག་ལ་རེ་བཞིན་ཡོད།
ཡག་པོ་བྲིས་འདུག ཐེངས་གཅིག་ཀློག་ནས་བུད་སོང་།
དེ་རིང་བོད་མི་དམྱལ་ཁམས་སུ་ལྷུང་ནས་མི་ལོ་༥༣འཁོར་བའི་ཉིན་མོ།།
སྡུག་སྨྲེ་དང་ངུ་ངག་གི་བཏུམས་པའི་འདས་སོང་གི་ལོ་ཟླ།།
མེ་མདའ་དང་གནའ་གནོན་འཕྲང་དུ་ལྷུང་བའིསྡུག་སྔལ་གྱི་ལོ་ཟླ།།
ཚེ་སྲོག་ཁྲི་མ་འབུམ་གྱི་རྣམ་ཤེས་ས་རུ་ཟགས་པའི་ལོ་ཟླ།།
ཕ་ཁྱིམ་དྲོན་མོ་བཙན་གྱིས་འཕྲོག་པའི་ལོ་ཟླ།།
དུས་དེ་རིང་བོད་ཀྱི་ཡོད་ཚད་ཤོར་བའི་གདུང་སེམས་ཀྱི་ཉིན་མོ།།
འདི་ལྟར་མི་ལོ་ལྔ་གསུམ་འགོར་སོང་་་་་་་་་་་་་་་་་
ང་ཚོས་ཕར་ཤོར་སོང་བ་དེ་ཚུར་ལེན་ནུས་ན་བུ་དཔའ་བོ་རེད་ང་ཚོའི་ཡུལ་སྐད་དུ་སྒྲ་ལ་སྒྲ་ལེན་མེད་ན་རྡར་མ་རེད་ཟས་ལ་ཟས་ལེན་མེད་ན་ཁྲམ་པ་རེད་དཔེ་བལྟར་ང་ཚོའི་ཡོད་ཚད་འཁྲོགས་བཅོམ་བྱེད་ཉིན་ལ་ལེན་ཞིག་མེད་པ་རྡར་མ་རང་རེད་གང་བཤད་ན་ཡང་།།