སྐྱོ་བྲག་དགའ་དབང་།
ཁོ་བོ་ས་ཆེན་འདི་རུ་སྐྱེ་བའི་སྐལ་བ་བྱུང་ནས་མི་ལོ་མང་ཙམ་ཕྱིན་པའི་ཕྱིར་ན་འདུ་བྲལ་གྱི་གནས་ཚུལ་ཆེས་མང་པོ་ཞིག་བྱུང་མྱོང་བ་བཞིན། སྤུན་མཆེད་ཟླ་བ་ཆོས་གྲགས་ཀྱང་འདུ་བྲལ་མང་པོ་བྱུང་བའི་ཐ་མ། འཕགས་ཡུལ་དུ་སྐྱབས་བཅོལ་གྱི་ལོ་ཟླ་མང་པོའི་ནང་སྐྱིད་སྡུག་མཉམ་མྱོང་གི་མི་ཚེ་སྐྱེལ་བའི་ཚེ་ན། ཁོ་བོ་ལོ་ན་ཆེ་བའི་སྟབས་ཀྱིས་ཅི་ཕན་གྱི་ལས་འགན་ཁུར་བའི་ཚུལ་འདྲ་བྱེད་ཀྱིན་ཡོད་ནའང་། ཁོང་ཉིད་ནུབ་ཕྱོགས་སུ་བསྐྱོད་རྗེས་ངའི་ནུས་པ་ལས་ཡོངས་སུ་བརྒལ་བས་ན། ཕན་ཚུན་འབྲེལ་བ་མེད་ནས་ཟླ་ཤས་སོང་བའི་ཉིན་ཞིག་སྐད་འཕྲིན་བརྒྱུད་ནས།
ཁོང་གིས། ང་ནི་བདེ་མོ་ཡིན། གནམ་གཤིས་ཅུང་ཚ་བས་སྐུ་མགྲོན་དེ་ཙམ་མི་མང་། སྐུ་མགྲོན་རྣམས་ཕེབས་མ་ཡོང་ན། ལས་གཡོག་ཚོ་ངལ་གསོ་ཆོག ། ཡིན་ནའང་སྦྱིན་བདག་ལ་སྒོར་འབབ་ཞན་ཙམ་དུ་སྣང་། ཞེས་པའི་འཕྲིན་ཐུང་འདི་ང་ལ་བསྐུར་བ་མཐོང་བ་ན་ངས་ཁོང་ལ་སྐད་ཆ་འགའ་ཤས་ཞུ་འདོད་བྱུང་།
ང་ཚོ་མི་ཡི་འགྲོ་བ་རྣམས་ཟས་གོས་ཉེར་སྤྱོད་ལ་བརྟེན་མི་དགོས་པ་ནི་སྲིད་མཐའ་ཙམ་དུ་ཟད་ཅིང་། ཟས་གོས་ཉེར་སྤྱོད་འབད་རྩོལ་གྱིས་སྒྲུབ་དགོས་པའང་རང་བྱུང་གཤིས་ཀྱི་གྲུབ་སྟངས་ཤིག་ཡིན་པས་ན། སྒྲུབ་བྱེད་ཀྱི་ཐབས་ལམ་མི་འདྲ་བ་ཙམ་ལས་མཐོ་དཔོན་པོ་ནས་དམའ་སྤྲང་པོའི་བར་གྱི་ཚང་མས་ཐབས་ཤེས་ཡོད་དགུས་འཚོལ་སྒྲུབ་བྱེད་ཀྱིན་ཡོད་པ་ནི་མངོན་སུམ་པ་འདི་ཀ་ལགས། ཁྱོད་ཀྱང་ཟས་གོས་ཉེར་སྤྱོད་འཚོལ་སྒྲུབ་ཀྱི་ཆེད་དུ་ནུབ་ཕྱོགས་སུ་བསྐྱོད་པ་རེད་ལ། བསྐྱོད་པ་བཞིན་དུ་སྐུ་མགྲོན་ཞབས་ཞུའི་ལས་ཀ་ལ་བྲེལ་བཞིན་ཡོད་པ་རེད།
དེས་ན་སྐུ་མགྲོན་ཞབས་ཞུའི་ལས་ཀ་ནི་རང་ཉིད་ཀྱི་ཆེད་དུ་ཡིན་པ་ཤེས་དགོས། རང་དོན་ལ་རང་གིས་གཡོ་ཟོལ་བྱེད་པ་ནི་རང་མགོ་རང་གིས་རྡུང་བ་ཡིན་པས་ན། རང་དོན་ལ་རང་གིས་ལྷག་བསམ་རྣམ་དག་དགོས་པ་ལས་གཡོ་ཟོལ་ནམ་དུའང་བྱ་མི་རུང་། སྦྱིན་བདག་ཡིན་མིན་གྱིས་འབབ་ཡོན་ལ་མང་ཉུང་གི་ཁྱད་པར་ཡོད་པ་ལས་གཉིས་ཀ་ལ་ཕན་ཐོགས་ཡོད་པ་ནི་གཅིག་མཚུངས་ཡིན།
ཞབས་ཞུ་སྒྲུབ་པ་ན་དྲང་བདེན་ཡིན་མིན་དང་རྣམ་འགྱུར་བཟང་ངན་གྱིས་སྐུ་མགྲོན་ཡོང་མིན་གྱི་ཁྱད་པར་ཆེས་ཆེ་ཞིང་། གལ་སྲིད་སྐུ་མགྲོན་མ་ཡོང་ན་རང་གཞན་གྱི་ལས་ཀ་ཤོར་ངེས་པ་དང། ལས་ཀ་ཤོར་ན་འབྲེལ་ཡོད་མང་པོར་དཀའ་ངལ་འཕྲད་ངེས་པ་ཡིན་ཕྱིར། དྲང་བདེན་སྲོག་ཏུ་བཟུང་སྟེ་ལས་ཀར་ལྷག་བསམ་རྣམ་དག་གིས་ཧུར་བརྩོན་བྱ་དགོས།
དྲང་བདེན་དང་ལྷག་བསམ་གྱི་ཕན་ཡོན་ནི་ཉེ་རིང་ཙམ་ལས་མི་བསླུ་བས་ན་གཉིས་ཕན་མཉམ་རྒྱལ་ཡོང་གི་རེད། མིག་རྒྱང་ཐུང་བའི་བསམ་སྤྱོད་ཀྱིས་གནས་སྐབས་ཕན་སྣང་ཤར་བའི་དྲན་འཕྲུལ་མ་བྱེད། རང་གཞན་གཉི་ག་ཕུང་ཡོང་། ཅི་སྟེ་གཞན་པས་གཡོ་ཇུས་འདྲ་བྱས་སོང་ནའང་ཁྲོས་སུ་མེད།
ཁ་དཔེར་ཡོད་པ། མགོ་སྐོར་མཁན་གྱི་ནོར་འཁྲུལ་མ་རེད། མགོ་འཁོར་མཁན་གྱི་ནོར་འཁྲུལ་རེད། ཅེས་པ་ནི་བདེན་ཏེ། རང་དོན་དུ་ག་རེ་ཡིན་ནའང་བྱེད་པ་ནི་སེམས་ཅན་གྱི་རང་གཤིས་རེད་ལ། དགོས་པའང་ཡིན་ཏེ། རང་དོན་ལ་རང་གིས་ང་འབད་ན་གཞན་སུ་ཞིག་གིས་ཀྱང་འབད་ཡོང་གི་མ་རེད།
གལ་ཏེ་རང་ཉིད་དོན་དངོས་ཀྱི་ཕོ་རབ་ཅིག་བྱ་བའི་འདོད་པ་ཡོད་ན། གནས་ཚུལ་ཤེས་པས་གཡོ་འོག་ཏུ་མ་ཚུད་པ་དང་། གཤིས་ཀ་བཟང་བས་གཞན་མགོ་མ་བསྐོར་བ། ཐབས་ཤེས་འཛོམས་པས་གྲུབ་འབྲས་ཐོན་པ་ཞིག་བྱ་དགོས་པ་ཡིན། འདི་ཚོར་བལྟ་རྟོག་རེ་གྱིས་དང་འཚམས་རེ་ཕན་ཐོགས་འདྲ་ཡོད་སྲིད་དོ། །
རང་དོན་རང་གཅེས་རང་མི་རང་ལས་རང་ཁ་རང་གསོ་
རང་མགོན་རང་སྐྱབས་རང་ལམ་རང་བརྩལ་རང་གཉིད་
རང་ཁུག་རང་ཟས་རང་བཟོ་ཧ་ཧ་།
མི་ཡིའི་མི་ཚེ་ཚེ་ཡིའི་ཁྲལ་ཡིན་།་སྟེ་།
ཁྲལ་པ་འཆི་བདག་དྲུང་དུ་མ་སླེབས་བར་།
སྐྱིད་དུས་རིང་དུ་གཏོང་རྒྱུ་མེད་ན་ཡང་།
སྡུག་དུས་འཐུང་དུ་གཏོང་རྒྱུ་ག་ལ་ཡོད་།
དགེ་འདུན་ཆོས་འཕེལ་གྱི་གསུང་ལས་བཏུས་།
མི་མགོ་མ་སྐོར་གསུང་མཁན་བླ་མ་རེད།
དགེ་སྡིག་ལས་འབྲས་གསུང་མཁན་བླ་མ་རེད།
གལ་ཏེ་གནས་སྐབས་ཕན་པ་ཅུང་མཐོང་ན།
བླང་དོར་བརྗེད་དེ་མཆོང་མཁན་བླ་མ་རེད། ཧ་ཧ།