མེ་ཏོག་ལྷ་མཛེས།
འདས་པའི་ལོ་རྒྱུས་ལ་ཕྱི་མིག་བལྟ་བ་ན། གནས་སྟངས་དང་གོམས་གཤིས་མ་འདྲ་བའི་དབང་གིས་སོ་སོའི་ཆེ་བསྟོད་བྱ་ཚུལ་ཀྱང་མི་འདྲ་བ་སྟེ། དཔེར་ན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་ཁྲིམས་ཡིག་དྭངས་ཤེལ་མེ་ལོང་གི་ཁ་འཐོར་གྱི་ལེའུར། སོག་པོ་སོགས་བྱང་རིགས་ཀྱི་འགོ་མི་རྣམས་ཀྱིས། བྱང་ཕྱོགས་འདི་ཉིད་མཉམ་མེད་ཙོང་ཁ་པ་ཆེན་པོའི་གདུལ་བྱའི་ཞིང་ཁམས་ཡིན་པར། ལྷ་ལུང་འདྲེ་ལག་གི་གྲུབ་མཐའ་མི་གཅིག་པའི་སེར་མོ་བའི་རིགས་ཀྱིས་འགྲོ་དོན་བྱེད་པ་འདི་འོས་བབས་མིན་འདུག་པས། སྒོར་བསྐྱིལ། འཕྲོག་བརྡུང་སོགས་གང་ཐུབ་བྱེད། ཅེས་དང་།
རྫོང་སྡོད་ཀྱི་བགྱི་བའི་ལེའུ་ན། ལྟ་གྲུབ་དགེ་ལུགས་ཁ་གཙང་ཞིང་རང་ཕྱོགས་མངོན་དོད་ཆེ་བ་ཞིག་དགོས་ནའང་། འཕགས་ཆེན་དམ་པ་ལ་རང་གཞན་གྱི་དབྱེ་བ་མེད་པ་བཞིན་གོང་ནས་རིས་མེད་དུ་སྤྱན་རྒྱང་གནང་ཞིང་། ཁྱད་པར་སྔ་འགྱུར་རྙིང་མ་པ་འདི་བོད་ཁམས་ཀྱི་བདེ་སྐྱིད་དང་རྒྱལ་སྲིད་ཀྱི་འཕེལ་རྒྱས་ལ་དུས་དབང་གིས་ཕན་པ་དང་། ས་དགེ་བསྟན་པའི་རྒྱུན་གཅིག་ཅིང་། གཞན་མ་རྣམས་ཀྱང་ཆུ་བབས་བཅས་ཤི་དགེ་གསོན་ལས་གྲ་རྒྱུན་དད་མོས་དང་བསྟུན་པའི་སྔར་སྲོལ་གང་ཡོད་ལས་སྒེར་དུ་བཀག་ཆ་མངོན་ཆེ་མི་བྱེད་ཀྱང་། སྔོན་གྱི་སྨོན་ལམ་མཚམས་སྦྱོར་ལྟ་བུས་ཀར་འབྲུག་རྣམས་རང་རང་ཉེས་འདོད་ཀྱི་དགེ་བསྟན་ལ་ཤིན་ཏུ་སྡང་བ་དང་། ཁྱད་པར་སྙིགས་མའི་ཡིད་ཅན་ལ་ཚུལ་གནས་ཀྱི་དགེ་སྦྱོང་ལས་ཟོག་པོ་བྲིན་ཚུལ་གསུངས་པ་ལྟར་དེ་ཉིད་མ་རྟོགས་པའི་སྐྱེ་བོ་རྣམས་འབྲུག་པར་དད་པ་ཞིག་འདུག་པར། འདི་པ་ཚོའི་རིང་ལུགས་ཧྭ་ཤང་གི་ལྟ་བ་ངན་པའི་རྗེས་སུ་འབྲང་བ་པོ་ཡིན་འདུག་གཤིས།
བསིལ་ལྡན་གྱི་འགྲོ་བ་རྣམས་ལོག་ལམ་མི་འཕྱན་པའི་ཆེད་དུ་སྟོན་པ་ཐུགས་རྗེ་ཅན་གྱི་གསུང་རབ་ཀྱི་ཉིང་ཁུ་ཟབ་མོ་དབུ་མའི་ལྟ་བ་ལ་བརྟེན་ནས་མངོན་མཐོ་ངེས་ལེགས་ལ་འགོད་ཕྱིར་འདི་རིགས་ཀྱི་མགོན་གནོན་གང་ཐུབ་བྱེད། ཅེས་གདུལ་བྱའི་ཞིང་དང་ལྟ་བ་ལ་གཞི་བཅོལ་ནས་ཆོས་རྒྱུད་སྤེལ་གནོན་དགོས་པ་ཁྲིམས་སུ་བཅས་ཤིང་། ཐུའུ་བཀྭན་སྐུ་ཕྲེང་གསུམ་པ་ཆོས་ཀྱི་ཉི་མས་མཛད་པའི་ཐུའུ་བཀྭན་སྐུ་ཕྲེང་གཉིས་པའི་རྣམ་ཐར་དཔག་བསམ་ལྗོན་བཟང་དུ། རྒྱལ་སྲས་བཅུ་བདུན་པ་ཁེང་ཟི་ཆིང་ཝང་ཞེས་བྱ་བ་གསུང་རབ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་ཤིང་། རྙིང་མ་ལ་ཤིན་ཏུ་མོས་པ་ཞིག་ཡོད་པ་དེས་གཡོ་འཕྲུལ་གྱིས་དགེ་ལུགས་པ་མིང་ཙམ་ཡང་མི་གྲགས་པ་ཞིག་བྱེད་རྩིས་ཀྱིས། རྒྱལ་པོ་ལ་ཞུས་ནས། བོད་དབུས་གཙང་ནས་ཞྭ་དམར་ནག་གི་བླ་མ་ཀརྨ་པའི་རང་ལུགས་ལས་རྙིང་མ་ལ་ལྷག་པར་སྦྱངས་པ་གཉིས་གདན་དྲངས་པ་ལ། རྗེ་འདིས་དམ་ཅན་ཆོས་ཀྱི་རྒྱལ་པོ་ལས་ལ་བསྐུལ་ཞིང་། མངོན་སྤྱོད་ཀྱི་ལས་འགའ་ཞིག་ཀྱང་མཛད་པར་གྲགས་ལ། གང་ལྟར་ཡང་མི་རིང་བར་བླ་མ་གཉིས་ཀྱི་གཅིག་ཟི་ལིང་དང་གཅིག་ཞི་ནན་ཕུ་ནས་གྲོངས། དེ་དུས་རྗེ་འདི་པ་ལ་དམ་ཅན་ཆོས་ཀྱི་རྒྱལ་པོས་ལས་གྲུབ་པའི་རྟགས་མཚན་གསལ་བར་མནལ་ལམ་དུ་བྱུང་འདུག
བླ་མ་དེ་གཉིས་པེའི་ཅིང་དུ་འབྱོར་ཚེ་ཝང་ཆེན་པོ་སྐུ་དབང་ཤིན་ཏུ་ཆེ་བ་དང་བཅས་རི་བོ་དགེ་ལྡན་པའི་གཞུང་བསྟན་ལ་རྒྱ་ལ་གནོད་ཚབས་ཆེ་ཙམ་ཡོང་ངེས་སུ་འདུག་ཀྱང་། བླ་མ་འདི་གཅིག་པུས་དགེ་ལུགས་པའི་བསྟན་པའི་སྲོག་བཟུང་བར་འདུག །ཚུལ་འདིས་ཀྱང་རི་བོ་དགེ་ལྡན་པ་ལ་ཞེན་ཕོ་རུས་དང་ལྡན་པ་རྣམས་དགའ་བར་གྱིས་ཤིག །ཅེས་དང་། ཡང་ཐུའུ་བཀྭན་ཆོས་ཉིས་མཛད་པའི་ལྕང་སྐྱ་སྐུ་ཕྲེང་གཉིས་པ་རོལ་པའི་རྡོ་རྗེའི་རྣམ་ཐར་དགེ་ལྡན་བསྟན་པའི་མཛེས་རྒྱན་དུ་འང་། སྐབས་ཤིག་རྒྱལ་སྲས་བཅུ་བདུན་པ་སྐུ་དབང་ཆེ་བས་ཁོ་པས་ཞུས་དོན་བཞིན། བོད་ནས་ཀརྨ་ཞྭ་དམར་ནག་གི་བླ་མ་གཉིས་རྒྱལ་ཁབ་ཆེན་པོར་གདན་དྲངས།
ཁོང་གཉིས་པེའི་ཅིང་དུ་འབྱོར་ནས་༧གོང་མའི་སྤྱན་བསྐྱང་ཆེ་བ་བྱུང་ན་རང་རེའི་བསྟན་པ་ལ་གནོད་ཚབས་ཆེ་ངེས་ཡོང་རྒྱུར་འདུག་པ་ལ། རྗེ་ཐུའུ་བཀྭན་པ་ཐུགས་ཁྲལ་ཤིན་ཏུ་ཆེ་བས་རིམ་གྲོ་སྟོབས་ཆེ་བ་དང་། མངོན་སྤྱོད་ཀྱི་ལས་འགའ་ཞིག་ཀྱང་མཛད། སྤྲུལ་སྐུ་རིན་པོ་ཆེ་ནས་ཀྱང་དམ་ཅན་ཆོས་ཀྱི་རྒྱལ་པོ་ལས་ལ་བསྐུལ་ཞིང་གཏོར་མ་འཕེན་པ་སོགས་གནང་བས་བླ་མ་དེ་གཉིས་ལམ་བར་དུ་གཤེགས། ཞེས་ནུས་མཐུ་དང་བྱས་རྗེས་དཔའ་རྟགས་སུ་ངོམ་ཡོད།
ཞྭ་དམར་ནག་གི་བླ་མ་ནི་ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་དང་། ཞྭ་དམར་སྐུ་ཕྲེང་བརྒྱད་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་སྟེ། ཀར་རབས་རྣམ་ཐར་དཔག་བསམ་ཁྲི་ཤིང་དུ། ཞྭ་དམར་ནག་ཡབ་སྲས་རྒྱ་ནག་ཏུ་བྱོན། དེ་ལྟར་མངའ་རི་སྐོར་གསུམ། དབུས་གཙང་རུ་བཞི། མདོ་ཁམས་སྒང་དྲུག །བལ་ཡུལ། རྒྱ་དཀར་ནག་སོགས་སུ་ཞབས་ཀྱིས་བཅགས། གདུལ་བྱར་གྱུར་པའི་སྐྱེ་འགྲོ་ཐམས་ཅད་མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་དུ་མཛད་ནས་ཆུ་བྱའི་སྨིན་ཟླའི་གནམ་གང་གི་ནམ་ལང་སྐབས་རྒྱ་ནག་གི་ཡུལ་དུ་རེ་ཞིག་སྐུའི་དཀྱིལ་འཁོར་ཆོས་དབྱིངས་སུ་བསྡུ་བར་མཛད་ཅིང་། དེ་འཕྲལ་མགོ་ཟླའི་ཚེས་གཉིས་ལ་གར་དབང་བརྒྱད་པའང་ཞི་དབྱིངས་སུ་གཞོལ་བའི་ཚུལ་བསྟན། ཞེས་བྲིས་ཤག །
ཡང་བཀའ་བརྒྱུད་པའི་ལོ་རྒྱུས་དག་ཏུ་བསྟོད་ཚུལ་གཞན་པ་ཞིག་ཡོད་དེ། གཙང་པ་རྒྱལ་པོའི་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་ནང་དུ། རྒྱལ་པོའི་ལུང་གིས་སྣེ་མོར་བསྐོས་པ་རྣམས་ཀྱིས་རང་འདོད་ཁོ་ནའི་སྐྱོན་སྤངས་གཞུང་དོན་གཙོ་བོར་བྱས་ཏེ། སྡེ་སྲིད་ཀྱི་སྐུ་རིམ་དང་ཆོས་རྒྱལ་གྱི་རྣམ་ཐར་གྱི་ཕྲིན་ལས་བསྒྲུབ་པ་ལ་དམིགས་པའི་སངས་རྒྱས་ཀྱི་བསྟན་པའི་ཞབས་ཏོག་གཙོ་བོར་བྱས། ཆོས་ཕྱོགས་ཀྱི་ཞྭ་རིགས་དང་གྲུབ་མཐའ་མི་བསྒྱུར། ཞེས་སངས་རྒྱས་བསྟན་པའི་ཞབས་ཏོག་ཏུ་དམིགས་ནས། ཆོས་ལུགས་དང་གྲུབ་མཐའ་བསྒྱུར་མི་ཆོག་པ་ཁྲིམས་སུ་བཅས་ཤིང་།
ཀཾ་ཚང་ཆོས་འབྱུང་ཟླ་ཕྲེང་གི་ཀརྨ་པ་མི་བསྐྱོད་རྡོ་རྗེའི་རྣམ་ཐར་དུ། ཕྲག་མི་རྣམས་ཀྱིས་དམག་བསྡུས་ཏེ་ཀོང་ལུང་རལ་གསུམ་གྱི་དགེ་དགོན་ཀུན་བརླགས་པར་ཡོན་མཆོད་གཞན་ཐམས་ཅད་གྲོས་འཆམས་པ་ལ་དྲུང་ནས་དགེ་ལྡན་པའི་ཁང་ཆུང་ཞིག་ལ་གནོད་པ་བྱེད་པ་དང་མགུལ་པ་བྲེགས་པ་ཁྱད་མེད་ཀྱི་བཀའ་བབ་པས་བཟློག་པར་མཛད། ཅེས་ཀརྨ་པ་མི་བསྐྱོད་རྡོ་རྗེས་དགེ་ལྡན་པའི་ཁང་ཆུང་ཞིག་ལའང་རང་སྲོག་ལྟར་གྱི་གཅེས་སྤྲས་བྱས་པ་དང་། ཀར་རབས་རྣམ་ཐར་དཔག་བསམ་འཁྲི་ཤིང་དུ། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་རྣམ་ཐར་མཇུག་བསྡོམས་སུ། རྒྱལ་མཆོག་དམ་པ་འདིའི་རྣམ་ཐར་གྱི་མདོ་རྩ་ཐུགས་སྙིང་རྗེ་ཆེན་པོས་སེམས་ཅན་གྲོག་སྦུར་ཙམ་ལའང་གནོད་པ་བྱེད་པ་ལྟ་ཅི་སྨོས་བུ་གཅིག་པ་ལྟར་བརྩེ། ཁྱི་དང་སྤྲང་པོ་སོགས་འཕོང་རྒུད་ཉམ་ཐག་ཐམས་ཅད་ལ་ལྷག་པར་བརྩེ་བས་རང་ཉིད་ཀྱི་ཕྱག་གིས་སྦྱིན་པ་ལྷུག་པར་མཛད་ནས་ཚིམ་པར་མཛད། གནོད་བྱེད་ལ་འཁོན་མེད་པར་མ་ཟད་གནོད་ལན་དུ་ཕན་འདོག་ཅིང་བརྩེ་བར་མཛད། ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡོངས་སུ་རྫོགས་ཏེ་སྣང་སྲིད་སྒྱུ་མ་ལྟ་བུར་གཟིགས་པས་སྐྱིད་སྡུག་དར་རྒུད་ལ་དགའ་སྡུག་གི་སྣང་བ་གཏན་ནས་མི་མངའ། ཡི་དམ་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་ཟུང་འཇུག་ལ་མཉམ་རྗེས་འབྲེལ་བའི་ངང་ནས་ཡིག་དྲུག་གི་བཟླས་པ་ཁོ་ན་མ་གཏོགས་དྲག་སྔགས་དང་མངོན་སྤྱོད་སོགས་ཐུགས་ལ་མི་འབབ། ཤ་ཆང་ལྗགས་ཐོག་ཏུ་མི་འཇོག །ཟླ་ཕྱེད་གསོ་སྦྱོང་མི་ཆག །རྟེན་གསུམ་བཞེངས་པ་དང་མཆོད་པའི་བྱ་བས་དུས་འདའ་བར་མཛད། ཅེས་དང་།
བོད་ཀྱི་ལོ་རྒྱུས་སྤྱི་དོན་པདྨ་རཱ་གའི་ལྡེ་མིག་ཏུ། ཀར་བསྟན་ཉམས་ཆག་བྱུང་བ་ལ་དམིགས་ནས་འཇང་རྒྱལ་པོ་ཀརྨ་འཆི་མེད་ཀྱིས་འབུམ་དམག་གཉིས་བོད་དུ་བཏང་ནས་དགྲ་ལན་སློག་རྒྱུའི་ཁས་འཆེ་ཡང་། ཀརྨ་པས་ཞལ་གྱིས་མ་བཞེས་པར་བདག་ནི་ཤཱཀྱ་ཐུབ་པའི་རྗེས་འཇུག་ཡིན་སྟབས་ངའི་ཆེད་དུ་སྦྲང་བུ་ཞིག་ལའང་གནོད་པ་བྱེད་མི་འོས། སྤྱིར་དེང་སང་སྙིགས་མའི་དུས་འདིར་བསྟན་པ་རྣམ་དག་ནི་མི་འོང་། བསྟན་པའི་གཟུགས་བརྙན་ཙམ་ལ་དམིགས་ནས་དམག་དང་གཡུལ་གྱི་བྱ་བས་དགོས་པ་མེད་ཅེས་གསུངས། ཞེས་གཞན་ལ་གནོད་པའི་དྲག་སྔགས་དང་གཡུལ་འཁྲུགས་ལ་ཐུགས་མི་དགྱེས་པ་བཤད་བྱའི་སྙིང་པོར་བྱས་ཤིང་།
ཀཾ་ཚང་ཡབ་སྲས་དྲུག་གི་རྣམ་ཐར་དྭངས་གསལ་ཤེལ་གྱི་མེ་ལོང་དུ། སྤྱིར་བོད་ཡུལ་གྱི་བསྟན་འཛིན་ཆེན་པོ་འགས་བསྟན་པ་སྐྱོང་ཚུལ་དང༌། རྒྱལ་བ་ཀརྨ་པ་ན་རིམ་འདི་དག་གིས་བསྟན་འགྲོའི་དོན་མཛད་ཚུལ་ཅུང་ཞིག་མི་མཚུངས་པ་སྙམ་སྟེ། གཞན་དག་རང་ཕྱོགས་ཀྱི་དགོན་སྡེ་གྲྭ་རིགས་མི་སེར་སོགས་ལ་གནོད་པ་ཕྲ་མོ་ཙམ་བྱུང་ཡང༌། དམག་དང་གོ་ཆ། ཆོས་སྐྱོང་རྦད་པ་སོགས་ཀྱིས་དེ་དག་གཏན་བརླག་ཏུ་སོང་ཡང་ཐུགས་མི་ཚིམ་པའི་ཚུལ་དང༌། དཔའ་གཏམ་རྣམ་ཐར་ཡན་ཆད་དུ་ཐེབས་པར་མཛད་ལ། རྒྱལ་བ་ཀརྨ་པ་ན་རིམ་འདི་དག་གིས་ཐུགས་རྗེ་ཆེན་པོས་འགྲོ་བ་འདུལ་བའི་སྐབས་སུ་འཚེ་བ་སོགས་ཅུང་ཞིག་བྱུང་ཚེ་ཐུགས་ཞུམ་པའི་ཚུལ་གྱིས་བྱེད་པ་པོ་རང་རྒྱལ་དུ་འཇུག་པ་ལས། དེ་དག་གི་ལན་པོ་སྤང་བའི་ཚུལ་རྗེ་འདིའི་རྣམ་པར་ཐར་པ་འདིས་ཀྱང་ཤེས་སོ། །འཕགས་པ་མཽའུ་གལ་གྱི་བུ་མུ་སྟེགས་པས་འདམ་བུའི་ཚལ་ལྟར་བཅོམ་ནས་བཀྲོང་སྐབས་སྟོན་པ་སངས་རྒྱས་ཉན་ཐོས་དང་བཅས་པས་དམག་མཛད་དམ། གྲ་མ་འགྲིག་པའམ་ཁ་སྟབས་ཞེན་ནས་མ་ཕེར་བ་གང་ཡིན་སོམས་ཤིག །ཅེས་གཞན་གནོད་གཏན་སྤོང་གི་མཛད་པ་ནི་ཀརྨ་པ་ན་རིམ་གྱི་ཐུན་མིན་ཁྱད་ཆོས་སུ་བཞག་འདུག །
འདས་པའི་ལོ་རྒྱུས་ཀྱིས་ད་ལྟའི་འཚོ་གནས་ལ་ཤུགས་རྐྱེན་ཐེབས་པ་དཀའ་ནའང་། སོ་སོས་སོ་སོར་བསྟོད་ཚུལ་མ་འདྲ་བ་ཡོད་པ་ཤེས་ན། ལོ་རྒྱུས་ཀྱི་གོ་བ་ལེན་པར་ཕན་ཐོགས་ཡོད་པའི་ཕྱིར་ན་མཚོན་བྱེད་ཙམ་ཞིག་བྲིས་པ་ཡིན་ནོ། །
རྩོམ་པ་པོས་འདིར་དྲངས་པའི་ལོ་རྒྱུས་དུམ་བུ་དེ་ཚོ་མང་པོ་ཞིག་ངས་སྔོན་ཀློག་མ་མྱོང་། ཁ་ཤས་རེ་ཀློག་མྱོང་། པེ་ཅིང་དུ་བཞུགས་པའི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་འདིས་དེངས་རབས་སློབ་གྲྭའི་སློབ་དཔོན་ཞིག་གི་ལངས་ཕྱོགས་མི་འཛིན་པར་ཆོས་ལུགས་སྡེ་རིས་ཀྱི་ཕྱོགས་རིས་ཡོད་མཁན་ཞིག་རེད། སྤྱིར་ན་ཁོ་པས་བྲིས་པའི་ལོ་རྒྱུས་པད་ལྡེ་འདི་རང་སྣང་གང་ཤར་གྱིས་བྲིས་པ་ཞིག་མ་གཏོགས་ཁུངས་བཙན་པོ་ཆེར་མེད་པ་ཞིག་ཏུ་སྣང་། ཀརྨ་པའི་རྒྱབ་རྩར་འཇང་དམག་འབུམ་གཉིས་བཏང་ཟེར་བ་དེ་རྣ་བར་མི་འགྲོ་བའི་སྐད་ཆ་རེད། སྐབས་དེར་འཇང་ལ་སྤྱིར་མི་གྲངས་འབུམ་གཉིས་ཡོད་མེད་ཐེ་ཚོམ་རེད། འབུམ་གཉིས་བཏང་ཟེར་བ་དེ་རྒྱ་གར་གྱི་ར་མ་ཡ་ཎའི་སྒྲུང་ལྟར་འུད་བརྗོད་བྱས་པ་རེད།