ཀུན་དགའ་ནོར་བུ་དང་བློ་དགའ། དར་རྒྱས། རབ་བརྟན་རྒྱ་མཚོ་བཅས་ཀྱིས་ཌི་སི་ནས་ནིའུ་ཡོག་བར་དུ་རང་བཙན་གོམ་བགྲོད་བྱེད་བཞིན་པ་དེ་སང་ཉིན་གྲོང་ཁྱེར་ཧྥི་ལི་ཌེ་ཕི་ཡ་ལ་འབྱོར་འཆར་ཡོད་འདུག གནམ་གཤིས་གྲང་བ་མ་ཟད་མཚམས་རེ་ཆར་པ་བཏང་བ་སོགས་ཀྱི་རྐྱེན་ལས་གོམ་བགྲོད་ལ་དཀའ་ངལ་ཡང་ཡོང་བཞིན་ཡོད་མོད། ཁོང་ཚོས་བོད་ནང་གི་བོད་མིའི་གནས་སྟངས་ལ་བསམ་བློ་གཏོང་བཞིན་སེམས་ཤུགས་འཕར་བཞིན་ཡོད་པ་རེད་འདུག གཤམ་དུ་ཁོང་ཚོས་གསུངས་པའི་གནས་ཚུལ་མདོར་བསྡུས་རེ་བཀོད་ཡོད་པ་ལ་གཟིགས་རོགས།
རྔ་བ་རབ་བརྟན་རྒྱ་མཚོས། “ང་ཚོ་ཚང་མའི་རྐང་པ་ལ་ཆུ་ལྒང་ཐོན་འདུག ཁ་སང་ཉི་མ་གཅིག་ཆར་པ་བཏང་ནས་ང་ཚོ་ཚང་མ་སྦང་སོང་། གནམ་གཤིས་ཧ་ཅང་གྲང་མོ་འདུག དེ་མ་གཏོགས་ང་ཚོ་ཚང་མས་ཧུར་ཐག་གིས་གོམ་བགྲོད་བྱེད་གི་ཡོད། རྐྱེན་ངན་པ་དེ་འདྲ་འཕྲད་ཀྱི་མི་འདུག ཁ་སང་སྔོན་མ་ནས་བཤད་པ་བཞིན་ཐེངས་འདིའི་གོམ་བགྲོད་དེ་ལྟག་མཚེར་རིན་པོ་ཆེ་དང་སྲས་འཇིགས་མེད་གཉིས་ཀྱི་རྗེས་དྲན་རེད། ད་ད་ལྟའི་ཛ་དྲག་གི་གནས་སྟངས་ནི་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་རང་ལུས་མེར་སྲེག་ དེ་མིན་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་ཉེས་དོན་མེད་པར་ཁྲིམས་ཐག་བཅད་པ་སོགས་ཀྱི་ཐད་ཨ་མི་རི་ཀའི་གཞུང་དང་མི་དམངས་ལ་རྒྱབ་སྐྱོར་བྱེད་རོགས་ཞེས་བཤད་ཀྱི་ཡོད། དེ་བཞིན་བོད་བོད་དང་རྒྱ་རྒྱ་ཡིན་པ་སོགས་གསལ་བཤད་བྱེད་ཀྱིན་བྱེད་ཀྱིན་འགྲོ་གི་ཡོད།” ཅེས་གསུངས།
ཏྲེ་ཧོར་བློ་དགའ་ཡིས། “ད་ང་ཚོའི་རྐང་པའི་ཆུ་ལྒང་སོགས་ལ་བསམས་ན་དཀའ་ལས་འདུག ཡིན་ན་ཡང་བོད་ནང་གི་མི་དམངས་ལ་བསམ་བློ་བཏང་ན་ང་ཚོ་ལ་དཀའ་ངལ་གང་ཡང་མི་འདུག ང་སྔོན་མ་རང་བཙན་གོམ་བགྲོད་ཐེངས་ཁ་ཤས་ཞུགས་པ་ཡིན། ད་༧རྒྱལ་བ་རིན་པོ་ཆེས་གསུངས་པ་ནང་བཞིན་ང་ཚོ་བོད་མི་མི་རེ་ངོ་རེ་ནས་སོ་སོའི་འགན་འཁྱེར་ནས་འགྲོ་དགོས་པ་འདི་གལ་ཆེན་པོ་ཡིན་སྟབས་ང་གོམ་བགྲོད་འདི་ལ་ཡང་བསྐྱར་ཞུགས་པ་ཡིན། ཉི་མ་བཅུ་ལ་གོམ་བགྲོད་བྱས་སྐབས་ སོ་སོའི་ལས་ཀ་ཡང་ཤོར་འགྲོ་བ་སོགས་ཡོད་ཀྱང་། བོད་ནང་གི་མི་དམངས་ལ་བསམ་བློ་བཏང་ན་དེ་ཚོ་ནི་དཀའ་ངལ་འདྲ་པོ་ཞིག་ལ་མཐོང་གི་མི་འདུག་”ཅེས་གསུངས་སོང་།
ཀླུ་ཆུ་དར་རྒྱས་ལགས་ཀྱིས། “ངའི་རྐང་པ་ལ་ཆུ་ལྒང་ཐོན་པ་མ་ཟད། ཏོག་ཙམ་སྐྲངས་འདུག དེ་ཅིའི་ཕྱིར་ཡིན་མིན་མི་ཤེས་མོད་དེ་ལ་ཁྱད་པར་མི་འདུག ང་ལམ་ཆེན་སྟེང་གོམ་བགྲོད་བྱེད་སྐབས་ བསམ་བློ་འདི་འདྲ་འཁོར་གྱི་འདུག ད་ལོའི་ལོ་དམིགས་བསལ་གྱིས་གལ་ཆེན་པོ་རེད། གང་ཡིན་ཟེར་ན། ༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་བྱས་ནས་ལོ་བརྒྱ་འཁོར་གི་ཡོད་པ་དང་། བཙན་བྱོལ་བོད་གཞུང་གིས་ ༢༠༡༣ ལོ་འདི་ནི་ལས་འགུལ་གྱི་ལོ་ཞིག་ལ་གསལ་བསྒྲགས་གནང་བ་སོགས་ཀྱི་ཆ་ནས། ང་ཚོས་འདིར་བོད་ཀྱི་ནང་གི་མི་དམངས་ཀྱི་གནས་སྟངས་ཁྱབ་བསྒྲགས་ཅུང་ཟད་བྱེད་ཐུབ་པ་འདིས་ཕན་ཞིག་ཐོགས་ཡོང་གི་རེད་བསམས་ནས་གོམ་པ་རྒྱག་གི་ཡོད།” ཅེས་གསུངས་སོང་།
ཀུན་དགའ་ནོར་བུ་ལགས་ཀྱིས། “རང་བཙན་གོམ་བགྲོད་འདི་ལམ་ལྷོང་ངང་འགྲོ་བཞིན་ཡོད། ངའི་རྐང་པ་ཏོག་ཙམ་ན་གི་འདུག ཆུ་ལྒང་ཐོན་ནས་ན་གི་འདུག ང་གོམ་པ་རྒྱག་དུས་ ངས་བོད་པ་ཚང་མ་ལ་བསམ་བློ་གཏོང་གི་ཡོད། ངས་བོད་ནང་གི་གནས་སྟངས་ལ་བསམ་བློ་གཏོང་གི་ཡོད། ངའི་པཱ་ལགས་དང་འཇིགས་མེད་གཉིས་ཀྱིས་ཀྱང་ལམ་གྱི་དཀའ་ངལ་འདི་ཚོ་མྱོང་བཞིན་གོམ་པ་བརྒྱབ་གནང་བ་རེད་ཅེས་བསམ་བློ་གཏོང་གི་ཡོད། གསུམ་བཅུའི་དུས་དྲན་ཉིན་ཝ་ཤིན་ཊོན་ཌི་སིའི་རྒྱ་ནག་གཞུང་ཚབ་ཁང་ནས་ཁང་པོ་དཀར་པོ་བར་དུ་འགྲོ་སྐབས་བོད་རིགས་ཧ་ཅང་མང་པོ་མཐོང་བྱུང་། དེས་ང་ལ་སྤོབས་པ་ཆེན་པོ་སླེབས་བཅུག་བྱུང་། དེ་དག་ཚང་མ་བོད་རང་བཙན་ཆེད་གོམ་བགྲོད་གནང་བ་རེད་བསམས་ནས་ང་ལ་སྤོབས་པ་ཡོང་གི་འདུག ངའི་པཱ་ལགས་ཀྱིས་རང་བཙན་གོམ་བགྲོད་འདི་འདྲ་མགོ་བཙུགས་པ་རེད་བསམས་ནས་སྤོབས་པ་སྐྱེས་གི་འདུག” ཅེས་གསུངས་སོང་།
གྲོང་ཁྱེར་ནས་འཚར་ལོངས་བྱུང་བའི་མི་འདི་ཚོ་དངོས་གནས་གོམས་བགྲོད་བྱེད་ཤེས་ཀྱིན་མི་འདུག ས་སྙི་མོ་སྤང་གི་སྟེང་ནས་མི་འགྲོ་བར་མཁྲེགས་པོ་ཨར་འདམ་སྟེང་དུ་གོམས་པ་བརྒྱབ་ནས་ལུས་པོར་གནོད་པ་རེད། དེ་མིན་ཉེན་ཁའང་ཆེ།
མིང་ལ་རང་བཙན་གོམ་བགྲོད་བཏགས་རུང་། གང་ལྟར་བོད་དོན་ཆ་ཤས་སུ་གྱུར་བས་རྗེས་སུ་ཡི་རངས་ཡོད།
བོད་དོན་ཆེད་སྐུ་ངལ་བསྐྱོན་པ་བཀའ་དྲིན་ཆེ་རྗེ་བོད་དོན་ལྡེན་མཐའ་མྱུར་དུ་བསལ་བ་ཤོག།