བསྟན་འཛིན་བཀྲ་ཤིས།
མར་གྱུར་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་ཅིང་། བདེ་བ་དང་ལྡན་པར་འདོད་པ་དེ་ནང་པ་སངས་རྒྱས་པའི་བསམ་བློ་ཞིག་རེད། དེང་སང་འཛམ་གླིང་ན་བསམ་བློ་འདི་ལྟ་བུ་ཞིག་གིས་རང་རང་གི་མི་ཚེའི་ལམ་སྣ་འཁྲིད་མཁན་ནི་ཧ་ལམ་ནང་པ་ཙམ་ཞིག་རེད། ནང་པ་ཡོད་ཚད་ཀྱང་འདི་འདྲ་རེད་དམ་ཅེ་ན། དེ་ཡང་མ་རེད། བོད་མིའི་ནང་པ་རྣམས་དེ་འདྲ་མ་རེད། བསམ་བློ་ཚད་གཞི་འདི་ལས་དམན་པའི་བོད་མི་ཁེངས་བསྡད་ཡོད་པ་རེད། སྒོར་མོ་ལ་ཐུག་ཚེ་ཕ་མ་དང་ཡ་རབས་ཚང་མ་བརྗེད་འགྲོ་བའི་བོད་མི་བཙན་བྱོལ་བ་ནི་དངོས་གནས་མང་པོ་རེད། འོན་ཀྱང་བསམ་བློ་ཡོད་ངེས་པ་ཞིག་ནི་༧རྒྱལ་བ་རིན་པོ་ཆེ་རེད། ༧རྒྱལ་བ་རིན་པོ་ཆེས་དགོངས་པ་དེ་འདྲ་ཞིག་གིས་ཁོང་གི་སྐུ་ཚེ་ལ་སྣེ་འཁྲིད་གནང་ཡོད་རེད། དགོངས་པ་དེ་འདྲའི་སྤྱན་ཤེལ་ཞིག་གིས་འཛམ་གླིང་སྤྱི་དང་བོད་ལ་གཟིགས་བཞིན་ཡོད་པ་རེད། དབུ་མའི་ལམ་ཞེས་པ་འདི་ལ་ཨུ་ཚུགས་རྒྱག་དགོས་པའི་རྒྱུ་མཚན་ཁྲོད་ནའང་མར་གྱུར་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་བསྐྱེད་འདི་ཡོད་པ་རེད། རྒྱ་ལ་ཕན་པ་དང་བོད་ལ་ཕན་པ་ཞེས་གསུངས་སྐབས་ཀྱང་རྒྱུ་མཚན་འདི་ཡོད་པ་རེད།
རྒྱ་ཡི་དཔོན་པོ་ལ་བསམ་བློ་འདི་འདྲ་ཁྱོན་ནས་མེད་པ་རེད། རང་སྐྱིད་ཅིག་བྱུང་ན་གཞན་ཐ་ན་རྒྱ་རིགས་ཚུན་ནས་འཆི་བའི་གནས་ལ་བསྐྱལ་དགོས་བྱུང་ཡང་འགྱོད་པ་ཡོད་མ་རེད། རྒྱ་ནག་པོ་ཙམ་དུ་མ་ཟད། རྒྱ་དཀར་པོ། རྒྱ་སེར་པོ་ཚང་མ་དེ་འདྲ་རེད། ངའི་བདེ་བ་འདི་ནི་ང་འཇིག་རྟེན་དུ་འཚོ་བའི་དགོས་པ་ཉག་གཅིག་དེ་རེད། ངའི་བདེ་བའི་ཆེད་དུ་གཞན་དེ་གསོད་དགོས་ཀྱང་གསོད་རྐྱང་བྱེད་པ་རེད།
གོང་གི་བསམ་བློ་དེ་གཉིས་ནི་དཀར་པོ་དང་ནག་པོའི་ཁྱད་པར་བཞིན་ཧ་ཅང་གསལ་པོ་རེད། བདེ་བ་དང་སྡུག་བསྔལ་གྱི་ཁྱད་པར་བཞིན་ཧ་ཅང་གསལ་པོ་རེད། ཉི་མ་དང་མཚན་མོའི་ཁྱད་པར་བཞིན་ཧ་ཅང་གསལ་པོ་རེད། ད་ང་ཚོ་ཅིའི་ཕྱིར་མགོ་བོ་འཐོམས་བཞིན་ཡོད་དམ།
རྒྱུ་མཚན་གཅིག་ནི་ཉམས་མྱོང་ཞེས་པ་དེ་རེད། བཙན་བྱོལ་ནང་གི་མི་རབས་དེ་ཚོ་ཕལ་མོ་ཆེ་ཞིག་ལ་འཚོ་བ་ངན་ངོན་གྱི་ཉམས་མྱོང་ཡོད་སྲིད། འོན་ཀྱང་ཆབ་སྲིད་ཀྱི་འཇིགས་དངངས་དེ་ཚོ་མྱངས་མྱོང་ཡོད་མ་རེད། ཆབ་སྲིད་མནར་གཅོད་མྱོང་ཡོད་མཁན་ཚོའི་ཁྲོད་ན་དབུ་མའི་ལམ་ལ་ད་ཆ་གཏམ་སྙན་མོ་བཤད་མཁན་ཨེ་ཡོད། བཙོན་ཁང་ནང་དུ་ཚེ་སྲོག་གི་འཇིགས་དངངས་ཉམས་སུ་མྱོང་མཁན་ཞིག་གི་ངོས་ནས་དཔལ་འབྱོར་གྱི་མཐུན་རྐྱེན་ལ་དམིགས་ཏེ་རྒྱའི་འོག་ནས་དར་དམར་འཕྱར་འདོད་ཡོད་དཀོན་པོ་རེད་དྲན་གྱི་འདུག
ཡང་། བོད་འདི་རྒྱལ་ཁབ་ཅིག་ཡིན་ན། འདས་མི་ལོ་ལྔ་བཅུ་ནང་ལ་བསམ་བློ་བཏང་བ་ཡིན་ན། གྱོང་ཆེ་ཤོས་དེ་ཤེས་ཡོན་པའི་སྤྱི་ཚོགས་ལ་ཕོག་ཡོད་པ་རེད། ཁེ་བཟང་ཆེ་ཤོས་དེ་ཤེས་ཡོན་མེད་པའི་སྤྱི་ཚོགས་ལ་ཐོབ་ཡོད་པ་རེད། སློབ་སྦྱོང་མེད་མཁན་དང་འཛམ་གླིང་ལ་རྒྱུས་མེད་མཁན། ཚོང་ཙག་ཙིག་བརྒྱབ་ནས་དངུལ་ཏོག་ཙམ་བཟོས་པའི་རིགས་སྤྱི་འཐུས་དང་བཀའ་བློན་ལ་སླེབས་ཡོད་པ་རེད། སློབ་སྦྱོང་ཡོད་མཁན་དང་བོད་མི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་ཐུབ་མཁན་དེ་ཚོ་ནི་ཤོར་བ་ཙམ་མ་ཡིན་པར་ལེབ་ལེབ་བཟོས་པ་རེད། མི་འབུམ་གཅིག་ལྷག་གི་ནང་ནས་རྒྱ་གར་གཞུང་གི་འགྲོ་སོང་དེ་ཙམ་བཏང་ནས་བསྐྱེད་སྲིང་བྱས་པའི་ཤེས་ཡོན་ཅན་གྲགས་ཅན་སུ་ཡོད་རེད། མཛུབ་མོ་ཀེར་ནས་གྲངས་ཀ་ཞིག་རྒྱོབས་དང་། ཧ་ལས་ཡ་ཞིག་མ་རེད་དམ། རེད་རེད། ཟླ་བ་ནོར་བུ་ཡོད་རེད། བོད་གཞུང་དང་དཔོན་པོ་ཚོས་རོགས་པ་ག་རེ་བྱས་པ་རེད།
ད་མཐའ་དོན་འདྲ་བོ་དེ་འདི་རེད། དབུ་མའི་ལམ་གྱི་སྲིད་བྱུས་འདི་ལ་བརྟེན་ནས་བོད་མི་རིགས་ལ་གྱོང་ཆེ་ཤོས་དེ་ག་རེ་སྤྲད་པ་རེད་ཅེ་ན། བོད་མི་རིགས་ཀྱི་རྨི་ལམ་དེ་གཏོར་ཚར་བ་དེ་རེད། ང་ཚོས་མཚམས་མཚམས་ལ་མགོ་ནག་བོད་མི་རིགས་ཞེས་བཤད་ཀྱི་རེད། མཚམས་མཚམས་ལ་རྩམ་གཟན་ཞེས་ཀྱང་འབོད་པ་རེད། མཚམས་མཚམས་གདོང་དམར་བོད་ཅེས་ཀྱང་འབོད་པ་རེད། སྐད་ཆ་འདི་དག་གི་ནང་ལ་ཐིམ་ཡོད་པའི་བོད་མི་རིགས་ཀྱི་རྒྱལ་ཁབ་བསམ་བློ་དང་རྨི་ལམ་གྱི་བསམ་བློ་དེ་ལ་གས་ཆག་ཤོར་ཡོད་པ་རེད། རང་བཙན་ཅི་ལྟར་ལེན་ཞེས་དྲི་བ་བཏང་ཡོང་གི་རེད། དམིགས་ཡུལ་ཅིག་ཡོད་ན་རང་བཙན་ཡོང་བའི་ལམ་ཁ་ཡོད་རེད། ཕ་མ་ཞིག་ཡིན་ན་ཡང་སོ་སོའི་ཕྲུ་གུ་ལ། “བོད་ས་རྒྱ་མིས་བཟུང་བ་རེད། བཙན་འཕྲོག་བྱས་པ་རེད། ད་ཁྱོད་ཚོས་ལོངས་ཤོག་ཨ།” ཞེས་ཁ་ཆེམས་འཇོག་ས་ཞིག་ཡོད་པ་རེད། ཆུ་བཞི་སྒང་དྲུག་སོགས་ཀྱི་ནང་རྒྱ་དམར་པོ་དང་དམར་འཛིང་བྱས་པའི་རྒན་རྒོན་ཚོ་ལ་ཡང་། “ངའི་ཚེ་ཐོག་འདི་ལ་རང་བཙན་མ་བྱུང་ཡང་། ངའི་བུ་རབས་ཚ་བརྒྱུད་ཀྱིས་རང་བཙན་རྩོད་རྒྱུ་ལ་ཐེ་ཚོམ་མེད།”ཅེས་ཤི་ཁ་བློ་བདེ་པོའི་ངང་ཤི་ཐུབ་རྒྱུ་ཞིག་ཡོད་རེད། འཛམ་གླིང་གི་ལོ་རྒྱུས་ནང་ལ་སྟོབས་ཆུང་རྣམས་སྟོབས་ཆེན་གྱི་འོག་ནས་ཐར་ཏེ་རང་བཙན་བླངས་པའི་གནས་ཚུལ་མང་པོ་ཡོད་རེད། རྒྱ་གར་གྱི་གནས་སྟངས་ཀྱང་དེ་འདྲ་རེད། ཨ་རིའི་གནས་སྟངས་ཀྱང་དེ་འདྲ་རེད། བོད་མི་རིགས་ཀྱི་རྨི་ལམ་ཤོར་སོང་བ་དེ་ནི་ང་ཚོའི་གྱོང་གུད་ཆེ་ཤོས་དེ་རེད།
འོ་ན་འདི་ཡང་འགྲིག་མི་འདུག དབུ་མའི་ལམ་དེ་དེང་སང་གི་དུས་ལ་རན་ཤོས་རེད་བསམས་ན། རྒྱ་གར་དུ་སྐར་མ་གཅིག་བསྡད་པ་ཡང་ཆུ་ཚོད་འཕྲོ་བརླག་རེད། མི་ཚེ་འཕྲོ་བརླག་རེད། ཐོག་མར་རྡ་རམ་ས་ལའི་ལས་ཁུངས་རེ་རེ་བཞིན་སྒོ་རྒྱོབས། ལྡི་ལིའི་རྒྱ་ནག་གཞུང་ཚབ་ནས་ཕྱི་སྡོད་བོད་རིགས་སྤུན་ཟླ་རྣམས་ཕྱིར་རང་ཡུལ་དུ་ལོག་པའི་ཆ་རྐྱེན་དེ་ལོངས་སུ་སྤྱད་ནས་ཕ་ཡུལ་དུ་ལོག ལོ་གཅིག་གི་ནང་ཚུན་ལ་བཙན་བྱོལ་བོད་མིའི་མི་ཚེ་དེ་མཇུག་བསྒྲིལ། བོད་མི་ས་ཡ་དྲུག་གིས་༧རྒྱལ་བའི་ཞལ་རས་གསོན་པོ་དང་སྐུ་ཤ་རློན་པ་དེ་མཇལ་དུ་བཅུག་ན་དེའི་བསོད་ནམས་ནི་བླ་ན་མེད་པ་ཞིག་རེད། འདི་གཅིག་པུ་དམིགས་ཡུལ་དུ་བཟུང་ནས་བཙན་བྱོལ་ལ་གྱེས་ཕྱག་འབུལ་རན་འདུག
སྟབས་བདེ་བོ་གནད་ལ་སྨིན་པ་ཞིག་བྲིས་འདུག་པས་བསྔགས་བརྗོད་བྱ་འོས། གང་ལྟར། རང་བཙན་དང་དབུ་མའི་ལམ་བར་གྱི་བགྲོ་གླེང་འདི་རྒྱལ་སྤྱིའི་ཆབ་སྲིད་དང་ལོ་རྒྱུས་སོགས་ཕྱོགས་དང་ངོས་མང་བོ་ཞིག་ཕན་ཚུན་བསྡུར་ནས་བགྲོ་གླེང་ལྷུག་པོ་ཞིག་གནང་རྒྱུ་གལ་ཆེ། འདི་དམངས་གཙོའི་སྤྱི་ཚོགས་ཤིག་ལ་གལ་ཆེན་པོ་ཡང་རེད། དེ་མིན་མི་སྒེར་ལ་སྐྱོན་འཛུགས་དང་༧གོང་ས་མཆོག་གི་མཚན་བེད་སྤྱོད་བཏང་ནས་རྙོག་གླེང་མི་བཟོ་བར་མཁྱེན།
དོན་དངོས་ཐོག ཁ་བརྡ་དྲ་བ་འདི་ཤེས་ཡོན་པའི་བགྲོ་གླེང་གི་གར་སྟེགས་གལ་ཆེན་ཞིག་ལ་བསྒྱུར་རོགས།
དེ་རེད། དབུ་མའི་ལམ་ཀྱི་སྐྱོན་ཆེ་ཤོས་དེ་བོད་མི་རིགས་ཀྱི་ཕུགས་བསམ་གཏོར་སོང་བ་རེད། རྨི་ལམ་བོར་སོང་བ་རེད། རེ་བ་ཤི་སོང་བ་རེད། རྡོག་སྣེ་འཁྱོར་སོང་བ་རེད། བདེན་པ་བདེན་རྐྱང་རེད། སྐད་ཆ་བཤད་ན་འདི་འདྲ་གནད་ལ་ཁེལ་བ། རྡོག་ལ་འདྲིལ་བ། གསལ་ཁ་ཡོད་པ། ཚིག་ཉུང་ལ་དོན་འདུས་འདི་འདྲ་འབྲི་ཤེས་དགོས་པ་འདུག ཁྱེད་ལ་རེ་བ་འདུག
རྗེས་ཕྱོགས་རྩོམ་མང་བོ་སྤེལ་རོགས་གནང་།
ཉེ་ཆར་ལྡི་ལི་རྒྱ་མི་གཞུང་ཚབ་ཁང་བརྒྱུད་བོད་དུ་འབྱོར་ཡོད་མཁན་གྱི་བོད་མི་མང་ཙམ་འདུག་ཟེར།
དཔེ་ཡག་པོ་བྲིས་སོང་། སྐད་ཆ་དོན་རྡོག་རྡོག་ཟེར་ན་འདི་འདྲ་རེད། ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་ཁྲིམས་གཞིའི་འོག་སྡོད་འདོད་ཡོད་ཚེ་ཚིག་གཅིག་མ་གཏོགས་ཡོད་མ་རེད། དེ་ནི་ང་ཚོ་ཕར་ཡོང་འཇུག་རོགས་གྱིས། རྒྱ་གཞུང་གིས་དགོས་འདུན་གང་སྟོན་པ་རྣམས་ཁས་ལེན་རྒྱུའི་གྲ་སྒྲིག་ཡོད་ཟེར་དགོས་པ་ལས། ཕྱི་ཡི་རྒྱལ་ཁབ་ཁག་ལ་རེ་འབོད་ཀྱིས་རྒྱ་གཞུང་ལ་གྲོས་མོལ་འགྲིག་མི་འགྲིག་སོགས་ཀྱི་གནོད་ཤུགས་སྤྲོད་ཐབས་བྱེད་པ་ནི། ཁ་གཅིག་ནང་ནས་ལྕེ་གཉིས་ཐོན་པ་རང་རེད།
གཞོན་ནུ་དང་རང་བཙན་ཡིན་ཟེར་མཁན་གྱི་ཚོགས་སྒེར་དེ་དག་བཙན་བྱོལ་ནང་རྩ་མེད་གཏོང་ཐུབ་ན། རྒྱ་གར་རང་དབང་ལུང་པར་ལུང་ཆུང་ནང་གི་དཔོན་ཆུང་དེ་དག་ཆོས་ལུགས་ཀྱི་དབང་སྒྱུར་བྱེད་རྒྱུ་དང་། དེ་ལ་དགག་པ་བྱེད་མཁན་མེད་ན་མི་རབས་ནས་མི་རབས་འདི་ལྟར་བྱས་ནས་སྡད་རྒྱུ་བྱུང་ན་འགྲིག་གི་ཡོད་ཚོད།
དེ་མིན་རྒྱ་ཕྱོགས་ཀྱི་བྱེད་བབ་ལ་གཞིག་ནས་རང་བཙན་འཐབ་རྩོད་ལ་བརྟེན་ནས་མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་བཏང་རྗེས་ད་གཟོད་བོད་མི་ཆོལ་གསུམ་ཆིག་སྒྲིལ་གྱི་མིང་དོན་མཚུངས་པའི་རང་སྐྱོང་ངམ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ཆ་རྐྱེན་འོག་ལོག་ཐུབ་པའི་རེ་བ་ཞིག་ཡོད་པ་ལས། དབུ་མ་དབུ་མ་ལབ་བོད་མི་ནང་ཕན་ཚུན་ལ་མདུང་ཁ་གཏད་སྡད་ན་གྲུབ་འབྲས་ཤིག་མེད་པའི་ཐོག་མི་རབས་ཁ་ཤས་ལས་མི་ཐོག་པར་བོད་མི་རིགས་རྩ་མེད་འགྲོ་རྒྱུ་ལས་མེད་པར་སྣང་། དེ་ལྟར་གཞུང་གི་ལངས་ཕྱོགས་ལ་འགྱུར་གཏོང་ཐབས་ཤིག་གཏན་ནས་མེད་ཀྱང་རང་བཙན་ལྟ་གྲུབ་ཅན་དང་། རང་བཙན་འཐབས་རྩོད་པ་དག་ལ་མཐོ་དམན་ཚང་མས་ནམ་ཡང་སྨད་ཐབས་ཀྱིས་འཁྱོག་བརྗོད་དང་ངན་སེམས་འཆང་ག་ལ་འོས། མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་ལ་གནོད་པ་ལས་དེང་དུས་ཀྱི་གཞོན་སྐྱེས་ཤེས་ལྡན་རྣམས་ལ་འཇིགས་བསྐུལ་དང་། རྨོངས་དད་ཀྱི་དབང་དུ་བསྡུ་བའི་དུས་ཚོད་དེ་ཡོལ་ཟིན་པ་རེད།
སྟབས་བདེ་པོ་དང་ཁ་བདེ་བོའི་རྩོམ་ཡིག་ཅིག་སྤེལ་འདུག དབུ་མའི་ལམ་ཞེས་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་གམ་སྒྲོམ་གཞིའི་འོག་བསྡད་འདོད་ཀྱི་བློ་སེམས་ཙམ་མ་ཡིན་པར་རང་དབང་དང་ཐོབ་ཐང་དང་འབྲེལ་བའི་གནད་དོན་མང་པའི་ཆ་རྐྱེན་རྣམས་ཁས་བླངས་དགོས་པའི་་མིང་དོན་ཚང་བའི་གཉིས་ཕན་གྱི་ལམ་ཞིག་རེད།། རྒྱ་ནག་གཞུང་ཚབ་ནས་ཡིག་ཆ་ལེན་ནས་བོད་ལ་འགྲོ་རྒྱུ་དེ་དབུ་མའི་ལམ་གྱི་དགོངས་པ་མ་རེད།། རྒྱ་ནག་གཞུང་ཚབ་ཁང་གིས་ཚུར་ཆ་རྐྱེན་སྤྲད་ཀྱི་ཡོད་རེད། དབུ་མའི་ལམ་གྱིས་ཕར་ཆ་རྐྱེན་སྤྲད་ཀྱི་ཡོད་རེད།།