ཨ་ཚོགས་ཀླུ་མཁར་བྱམས།
ཆབ་སྲིད་སྒྱུ་རྩལ་མཐའ་དག་མཐིལ་ཕྱིན་པ་ཞིག་རྟོགས་ཡོད་རུང་མེད་རུང་། སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་ཡིན་པ་རང་ངོར་གྲུབ་ཡོད་ན་འདྲ་མེད་ན་འདྲ། འཐབ་རྩོད་བཤད་སར་སྟོབས་ཤུགས་མེད་ན་ཡོད་ཚད་མེད་ལ། དད་པའི་སྔུན་ནས་བླ་མ་ཡིན་ན་ཐམས་ཅད་ཡིན་པའི་གནས་ལུགས་འདི་གཉིས་ཁོང་གིས་ལས་སླ་བོ་མཁྱེན་པ་མ་ཟད། འགལ་འབྲེལ་འདིར་སྙོམ་སྒྲིག་གི་སྐལ་བ་ཞིག་ཡོད་ཕྱིན་ལས་འབྲས་ལ་ངང་སྒུག་བྱ་རྒྱུ་དེ་མ་ཡིན་པར། སྒེར་གྱི་རྩོལ་བ་ཁོ་ནར་བརྟེན་དགོས་པ་རང་ངོར་འཕྲོད་ཡོད། ཉིན་མོ་དེ་ནས་བཟུང་ངའི་བླ་མ་རང་བཙན་པ་འདི་ཚང་___ དགྲ་འདུལ་གཉེན་སྐྱོང་གི་དྲག་པོའི་སྐུ་རུ་བཞེངས།
གཅིག མཆོད་ཡོན་བྱེ་མའི་ཆིངས་བཞིན་འཐོར་བ།
དེ་ཡང་བོད་ཀྱི་ཕྱི་སྲིད་བརྡ་སྐད་དབང་དུ་བྱས་ན། ཐང་བོད་གཉིས་བར་སྤྱད་པའི་(དཔོན་ཞང་མནའ་འབྲེལ)ནས། རྒྱ་སོག་བར་སྤྱད་པའི་(མཆོད་ཡོན) གྱི་བར་དང་། བར་ལམ་ནས་རྒྱ་གར་གྱི་ངོ་སྲུང་ཆེད་(དགེ་སློབ་འབྲེལ་བ) སོགས་ལ་ཚིག་རྒྱན་ཅི་ལྟར་སྤྲོས་ཀྱང་རུང་། དབོན་ཞང་གཉེན་འབྲེལ་སྐབས་ནི་ཇི་འདྲའི་བརྗེད་དཀའ་བ་ཞིག་རེད། བོད་ལ་(མཆོད་ཡོན)དང་( ཡོན་མཆོད) ཅེས་པའི་ཐ་སྙད་འདི་བྱུང་སྔ་ཞིང་། དཔེར་ན་ <<རླངས་ཀྱི་པོ་ཏི་བསེ་རུ་>>དང་ <<རྒྱ་བོད་ཡིག་ཚང་ཆེན་མོ>>སོགས་ན་ཡང་སེ་མཐོང་རྒྱུ་ཡོད་ལ། དུས་རབས་བཅུ་བ་ནས་བཅུ་གཅིག་ནང་བྱོན་པའི་རླངས་བྱང་ཆུབ་འདྲེ་བཀོལ་གྱི་གསུངས་པ་དངོས་ཡིན་པ། པོ་ཏི་བསེ་རུ་བར་ཆའི་ནང་རླངས་བྱང་ཆུབ་འདྲེ་བཀོལ་དང་། གླིང་རྗེ་གེ་སེར་རྒྱལ་བོའི་བར་ཡོན་མཆོད་ཀྱི་འབྲེལ་བ་བཙུགས་ཤིང་། གླིང་གེ་སེར་གྱིས“ གླིང་གི་ཐང་བརྒྱད་ཐང་སྟོང་དང་། གླིང་གི་ས་ཡུལ་གར་བདེ་དང་། ཕ་བོང་ག་པ་རྟ་འདྲ་སོགས་” གྲུབ་ཐོབ་བྱང་ཆུབ་འདྲེ་བཀོལ་གྱིས་བོད་ཁམས་ཐུགས་ལ་ཐོགས་ཆེད་ཡོན་དུ་སྦྱར་བ་གསལ། (1) ཕྱིས་སུ་ཚིག་འདི་རང་གི་བླ་དཔོན་འབྲེལ་བར་སྤྱད་པ་ཙམ་མ་ཡིན་པར། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ཕྱི་སྲིད་འབྲེལ་ལམ་ངོ་བོར་འཕེལ་བ་དང་། དེའི་གཏན་འཁེལ་ལོ་ཚིགས་ནི(༡༢༤༤)ཡིན་པར་བཤད་ཆོག དེ་དུས་གནམ་འོག་ཧོར་གྱི་ཧམ་སེམས་འོག་ལ་བཅུག་པའི་སྐབས་དེར། རྒྱལ་བོ་ཨོ་གོ་ཏས་ས་པཎ་ལ་མགོ་འབུལ་རྒྱུའམ། མཆོད་ཡོན་འབྲེལ་བ་འཛུགས་ཆེད་ཧོར་ཡུལ་ལ་མ་ཡོང་བར་ག་གོར་བཤད་ན། ཡུལ་སྡེ་བསྣུབ་ནས་བསྟན་པ་གཏོར་རྒྱུའི་བཀའ་བཏང་། དེར་བརྟེན་ལོ་ན་བདུན་ཅུར་སླེབས་གྲབས་ཡོད་པའི་བླ་རྒན་དེ་བ་མི་འདོད་བཞིན་དུ་ཧོར་ཡུལ་ལ་གཤེགས་ཤིང་། ཧོར་ཡུལ་ནས་ཁོང་གིས་བོད་ཀྱི་བླ་དཔོན་ཚོར་མགོ་འདོགས་བྱས་ན་དགེ་མཚན་དང་། མ་བྱས་པ་ཡིན་ན་ཉེན་ཚབས་ཆེ་སྐོར་གནས་འཕྲིན་བཏང་། དེ་འདྲ་སོང་མཆོད་ཡོན་རྟེན་འབྲེལ་མགོ་བཙུག་སྟངས་ཀྱང་ཁ་བྲོ་བོ་བྱུང་མེད་པ་གསལ་བོ་རེད།
དཔེར་ན། དབུས་ནས་ཨམ་བན་ལེན་ཞང་གིས་ལུགས་བསྒྱུར་གསར་སྤྲོས་ཀྱི་འཚུབ་ཆ་སླངས་ཤིང་། ཁམས་ནས་ཀྲོ་ཨར་ཧང་གིས་བོད་མི་གསོན་པོར་ཆུ་ཁོལ་ནང་བཙོས་པ་དང་། ཨ་མདོ་ན་ཁ་ཆེ་མཱ་རྒྱ་ཚང་གིས་རྐུ་འཕྲོག་བཅོམ་གསུམ་ཁ་དར་བཞིན་པའི་སྐབས་རེད་ལ། ཧི་མ་ལ་ཡའི་ཚུར་འདབས་ཀྱི་འབྲུག་དང་། འབྲས་ལྗོངས། ལ་དྭགས་སོགས་བོད་ཀྱི་རྒྱལ་ཕྲན་རྣམས་དབྱིན་ཇིའི་ས་ཁྲ་རེ་དང་ས་ཡིག་རེ་འོག་ན་བཙན་གཡེམ་གཏོང་བཞིན་ཡོད་ལ། མདོར་ན་སྐབས་དེར་མཐོ་སྒང་གི་གཡག་ཤི་ཚར་བར་བརྟེན། ཁྱི་སྤྱང་སུ་ཞིག་ཁ་ནང་ལ་རགས་པའི་གློ་སྙིང་བྲང་གསུམ་ཚང་མར་(ཁེ་བཟང་)དང་(ཁྲིམས་མཐུན་)གྱི་བརྡ་ཡིག་འདིར་སྦྱར་ཆོག སྐབས་བསིལ་ལྡན་ཁ་བའི་ལྗོངས་རང་གི་སྐྱོང་སྐལ་ལ་ལུང་ན་ཟིན་ཡོད་པའི་རྒྱལ་དབང་བཅུ་གསུམ་པ་ཚང་། ༡༩༠༤ ལོར་དབྱིན་ཇིའི་བཙན་འཛུལ་ལ་གཡོལ་ཆེད་སོག་ཡུལ་དུ་ཕེབས་པ་ནས་ཕྱིར་ལོགས་ཐུབ་མེད། ཁོང་སོག་ཡུལ་དུ་ཕེབས་མ་ཐག་མན་ཆིན་གཞུང་གིས་མཚན་གནས་ཕབས་པ་དྲིལ་བསྒྲགས། དེ་ནས་ལོ་བཞིའི་རྗེས་ཏེ། ༡༩༠༨ ལོའི་ཟླ་༨ ཚེས་༢༠ ཉིན་གོང་མ་ཡུམ་སྲས་ཀྱིས་ཆེད་འབོད་གནང་བ་ལྟར། རྒྱལ་དབང་ཚང་པེ་ཅིན་ལ་ཕེབས་པ་དང་། སྐབས་དེར་རྒན་མོ་ཚི་ཞིའི་དྲུང་ནས་པུས་མོ་ཡ་གཅིག་བཙུགས་ཏེ་མཚན་རྒྱན་ཞུ་དགོས་ཐུག་པ་ནི་སྒེར་དོན་ཙམ་ཞིག་ག་ལ་ཡིན། ང་ཚོས་སེམས་ལ་ལྷང་ངེར་དྲན་པ་ནི། སྔོན་ཆད་རྒྱ་མོ་བཟའ་ཀོང་ཇོ་ཡུལ་མཐའ་འཁོབ་ཁ་བ་ཅན་ལ་ཁྲིད་ཡོང་སྟེ། མོ་རང་གི་ཡབ་ལས་ཀྱང་སྐུ་ན་བགྲེས་པའི་བཙན་པོའི་ཁབ་དུ་བརྫངས་པའི་སྐབས་སུ། ཁོང་མོས་ལས་རང་གི་དབང་ལ་ཁེངས་ར་ཅི་ལྟར་བྱས་ཡོད་ན་བསམ་པ་དེ་རེད།
གནས་སྟངས་དང་ལེན་བྱ་རྒྱུ་ལས་ཐབས་གཞན་མེད་ཙང་། རྒྱལ་དབང་མཆོག་གིས་༡༩༠༨ ལོའི་ཟླ་༨ ཚེས་༢༠ ཉིན་གོང་མ་ཡུམ་སྲས་དངོས་སུ་མཇལ་རྗེས། ཁོང་གིས་གཙོ་བོ་རྒྱ་དམག་གིས་བརྡབས་མནར་ཚད་མེད་གཏོང་བཞིན་པ་མཚམས་ཅིག་འཇོག་ཆེད་ངོ་ཆེན་གང་ཡོང་ཞུས་པ་རེད། ཡིན་ནའང་། སྤྱན་རས་གཟིགས་ལ་སོག་རྒན་མ་ཚི་ཞིར་པུས་བཙུགས་ཕྱག་འབུལ་དགོས་སྐོར་བཤད་དུས། ཁས་མ་བླངས་པར་(ཉི་མ་བརྒྱད་ལ་མཇལ་ཁ་དུས་འགྱང་)གིས་རྩོད་པ་བརྒྱབས་ཀྱང་། (2) མཐར་ཕྱག་འབུལ་མ་དགོས་ཙམ་བྱུང་ཡང་པུས་མོ་ཡ་གཅིག་མ་བཙུགས་པར་གླགས་མ་འཁེལ་བ་འདྲ་ཞིག་ཡིག་ལམ་ཁག་ན་མཐོང་ཡ་འདུག དེ་ནས་བཟུང་ལོ་རྒྱུས་ཐོག་གསེར་གྱི་ཟམ་པར་གྲགས་མཆོད་ཡོན་བྱེ་མའི་ཆིངས་བུ་བཞིན་རྩ་འཐོར་དུ་འགྲོ་རྒྱུའི་སྐེད་མཚམས་མཐའ་མར་སླེབས། དེས་ཀྱང་ག་ལ་ཚད། བླ་མས་མཚན་རྒྱན་དབུ་ལ་བསྣབས་ཏེ་ཆིབས་ཁ་བོད་ལ་བསྒྱུར་མ་ཐག་ལ་ཕར་རྒྱབ་ནས་རྒྱ་དམག་གི་ར་མདའ་དུས་ཐོག་ཐོན། ལྷ་ལྡན་གྱི་ཞིང་སར་གསོན་འདྲེ་དམར་པོ་ཆགས་བསྡད་ཡོད་པའི་ཨམ་བན་གྱིས། གོང་མའི་མཚན་གྱིས་བསྟད་པའི་བླ་མར་ཕེབས་བསུའི་ཚབ་ལ “ ཨུ་རུ་སུའི་མཚོན་ཆ་ཏཱ་ལའི་བླ་མས་གསང་ཁྱེར་ཡོད་སྐོར་ཉེས་འཛུགས་ཀྱིས། ཁོ་བ་ངོ་མ་པོ་ཏ་ལར་སོང་ནས་བསྔོག་བཤེར་བྱས་ནས་མ་རྙེད་པ་རེད། སླར་ཡང་ནག་ཆུར་མི་བཏང་སྟེ་ཏཱ་ལའི་བླ་མའི་སྐུ་ཆས་སྔོག་བཤེར་མཐིལ་ཕྱིན་བྱས་ཀྱང་མཚོན་ཆ་མ་རྙེད། འོན་ཀྱང་། གོ་སྐབས་དེ་བཟུང་ནས་སྔོག་བཤེར་བྱེད་མཁན་དམག་མིས་དངོས་བོ་མང་པོ་རྐུ་འཕྲོག་བྱས་”(3) གནས་བབ་དེའི་འོག རྒྱལ་དབང་མཆོག་ལྷ་སར་ཕེབས་མ་ཐག (༡༩༡༠ ལོེར) རྒྱ་དམག་སྟོང་ཕྲག་འགའ་ཞིག ཁྲོས་འཁྲུག་རྔམ་གསུམ་ཀྱིས་ལྷ་ལྡན་གྲོང་དུ་ལྷགས་ཤིང་། མི་གསོད་པ་དང་ཕོ་བྲང་པོ་ཏ་ལར་འཕྲུལ་མདའ་གྲངས་མེད་བརྒྱབས་པར་བརྟེན། ནམ་ཕྱེད་ཙམ་ལ་རྒྱལ་དབང་ཚང་ཕེབས་ཆས་ཧྲག་བསྡུས་ཀྱིས་ལམ་ལ་བུད་ནས། ཉིན་བརྒྱག་མཚན་བརྒྱག་གིས་རྒྱ་གར་ལ་ཐར་ཙམ་བྱུང་། དེ་མུར་མན་ཆིན་གཞུང་གིས་སླར་ཡང་ཏཱ་ལའི་བླ་མས་མཚན་གནས་མེད་པ་བཟོས་ལུགས་དྲིལ་བསྒྲགས་པ་མ་ཟད། འཕྲལ་དུ་གསེར་བུམ་དཀྲུག་ནས་ཁྱེའུ་ཞིག་ཚབ་ལ་བསྐོ་དགོས་པ་བཀོད་ཁྱབ་བཏང་།
རང་མྱོང་འདི་གཞིར་བཞག་སྟེ་རྒྱལ་དབང་ཚང་གིས་རང་བཙན་བསྒྲགས་གཏམ་ནང་“མཆོད་ཡོན་ཁ་ལ་འཁྱེར་ཏེ། དོན་དམ་(བོད་)བྲན་གཡོག་ཏུ་བཀོད་རྒྱུའི་བསམ་སྦྱོར་ངན་པ་དག་བྱེ་མའི་ཆིངས་བུ་དང་། ནམ་མཁའི་འཇའ་མཚོན་ལྟར་ཅིག་ཅར་དུ་ཞི་ཚར་”བའི་ཐ་ཚིག་བསྒྲགས། གཞན་མཆོད་གནས་དང་ཡོན་བདག་བར་གྱི་ཆོས་ཕྱོགས་རྐྱང་བ་ཡིན་ན། མི་སེར་གཞུང་གི་བོད་སྡོད་སྐུ་ཚབ་གནང་མྱོང་མཁན་རྒྱ་དཔོན་ཁྲིན་ཙོང་ལེན་གྱིས་“གཙོ་བོ་ཡོན་བདག་ལ་མུ་མཐུད་དུ་སྐུ་ཡོན་འབུལ་རྒྱུའི་ནུས་པ་ཡོད་ན། བླ་མ་དེ་སྲིད་དུ་མཆོད་གནས་སུ་བཞུགས་ངེས་པས། མཆོད་ཡོན་གྱི་འབྲེལ་བའང་ཡུན་གནས་ཐུབ་པ་རེད”ཅེས་པ་ལྟར། ཆོས་ཕྱོགས་རྐྱང་བ་ཡིན་ན་གནས་ཚུལ་ཐ་དད་རེད།
གཉིས། མཚན་གནས་མ་བཞེས་པའི་སེམས་ནད།
མན་ཆིན་གཞུང་གིས་མཚན་གནས་སླར་གསོའི་སྐབས་རྫིག་རྫིག་འཁྲབ་རྒྱུ་བྱུང་ཡོད་ཀྱང་། ཆོས་ཀྱི་རྒྱལ་བོ་ཞིག་གི་མཚན་རྒྱན་རྐང་རྩེད་སྦོ་ལོ་ནང་བཞིན་ཡར་སྩལ་མར་ལེན་བཅོ་བརྒྱད་བྱས་པ་དེར། དད་ལྡན་མང་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་དུ་བྱས་པར་བརྟེན། མཚན་གནས་ཕབས་པ་དེས་ཕ་རོལ་བོར་གནོན་ཤུགས་ཐེབས་རྒྱུ་ཚབ་ལ། མང་ཚོགས་མིག་ལམ་ནས་རང་གི་ཀུན་སྤྱོད་གནམ་ནས་སར་ཟག དཔེར་ན། མཚན་གནས་ཕབས་ཐེངས་གཉིས་པའི་རེབ་དེར། མང་ཚོགས་ཀྱི་ངོ་རྒོལ་སྔར་ལས་ཀྱང་ཤུགས་ཆེན་བྱུང་ཞིང་། བོད་ས་སྟོད་སྨད་ཡོངས་ཙམ་མ་ཟད། ཐ་ན་རྒྱ་གར་དང་། ཞིན་ཅིང་སོགས་ཕྱི་ནང་དད་ལྡན་མང་ཚོགས་ཀྱིས་མན་ཇུའི་དབུས་གཞུང་དང་། བོད་སྡོད་ཨམ་བན་ལ་རྒོལ་གཏམ་ཞུ་ལོག་ཇི་ཆེས་བྱས་མཐར། ཆིན་སྲིད་གཞུང་འུ་ཐུག་སྟེ་ཨམ་བན་བརྒྱུད་ལཱོའི་རྡོ་ཐའི་ཟེར་བར་(བོད་དོན་སྤྱི་ཁྱབ་པའི་མིང་བཏེགས) ནས་རྒྱ་གར་ལ་ཆེད་བརྫངས་ཐོག རྒྱལ་དབང་མཆོག་ལྷ་སར་ཕྱིར་ཕེབས་རྒྱུ་དང་། མཚན་གནས་སླར་གསོ་བྱ་རྒྱུ་ཡིན་སྐོར་ངོ་ཆེན་ཞུས་ཀྱང་། ཞེ་འཁོན་ཡིད་ཚིམས་པ་རྩོད་རྒྱུའི་གོ་སྐབས་དེ་འདྲ་གནམ་གྱིས་གནང་བར་བརྟེན། རྒྱལ་དབང་མཆོག་གིས་མཚན་གནས་བཞེས་མིན་ཟུར་ཙམ་མ་གསུངས་ཁར། ཆིན་སྲིད་གཞུང་ནས་མཆོད་ཡོན་ལ་རྒྱར་མ་གནས་ཁར། ངོས་དོན་གྱི་བདག་པོར་ཡོང་རྐྱེན་དྲི་རྩད་ཙམ་མེད་པར། བོད་རྒྱལ་ཁབ་ནང་ཧམ་ཤེད་གསར་སྤྲོས། མི་གསོད་ཁྲག་སྦྱོར་བྱས་རྐྱེན་ད་ཕྱིན་བོད་རྒྱའི་བར་རྒྱལ་ཁབ་གཞན་གྱི་ཟུར་དཔང་མེད་པར་གྲོས་མོལ་སོགས་འཇོག་བཟོ་གང་ཡང་གནང་རྒྱུ་མིན་ཞེས། ཞོན་ཐུང་ཁྲི་ལོ་གཉིས་པ་(༡༩༡༠) ཟླ་༩ ཚེས༡༣ ལ་སྤུག་ཐམ་བཀའ་ཡིག་བསྩལ་བ་རེད།
ཡང་རྒྱ་ནག་མི་སེར་གཞུང་བཙུགས་མ་ཐག་ཁོ་ཚོས་རང་ཚོད་མ་ཟིན་པར། ཁམས་ཕྱོགས་ཀྱི་འབའ་ཐང་དང་། ལི་ཐང་སོགས་སུ་སླར་ཡང་ཚུར་རྒོལ་བྱས་པ་བོད་དམག་གིས་མཐར་བསྐྲོད་བཏང་བར་བརྟེན། ཁོ་ཚོར་དྲག་པོའི་དཔུང་འཇུག་བྱ་རྒྱུར་ནུས་པ་མེད་པ་ཤེས་མཐར་འཇམ་བསླུས་དགོས་པར་ཐག་བཅད་པ་དང་། ༡༩༡༢ ལོའི་ཟླ༡༠ ཚེས༢༨ ཉིན་ཡོན་ཧྲི་ཁེ་ཡིས་ རྒྱ་གར་བརྒྱུད་ཏཱ་ལའི་བླ་མའི་མཚན་གནས་སླར་གསོ་བྱ་རྒྱུའི་ཏར་འཕྲིན་བཏང་ཞིང་། ཏར་འཕྲིན་ནང་རྒྱ་དམག་གིས་ཁྲིམས་འགལ་ཚོད་མེད་བྱས་པར་དགོངས་དག་ཞུ་རྒྱུ་དང་། ཏཱ་ལའི་བླ་མའི་སྔར་ཡོན་མཚན་གནས་སླར་གསོ་བྱས་པ་ཡིན་སྐོར་དང་། (6) པཎ་ཆེན་ལ་མཚན་གནས་སྣོན་སྩོལ་བྱས་ལུགས་འཁོད་ཡོད། དེའི་ལན་དུ་རྒྱལ་དབང་མཆོག་གིས་ངོས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་ལུང་ཁྱབ་བསྒྱུར་བྱེད་མུས་ཡིན་ན། ང་ལ་ཁྱེད་ཚོའི་མཚན་གནས་དགོས་དོན་མེད་ཅེས་ཏར་ལན་གནང་ཡོད་སྐད་དང་། མཚན་རྒྱན་བཞེས་རྒྱུའི་ཚབ་ལ་བཀའ་བཀྱོན་ཚ་ཐག་ཆོད་གནང་ཡོད་པ་མ་ཟད། ཁོང་གིས་མདོ་ཁམས་ཕྱོགས་ཀྱི་ཆབ་བྲག་དང་། རྨར་མཛོ་གསང་གསུམ། སྡེ་དགེ གོ་འཇོ། འབའ་ལི། ཧོར་སེར། མགོ་ལོག་སོགས་མདོ་ཁམས་ཕྱོགས་ཀྱི་ཡུལ་དགོན་ཡོངས་ལ་རྒྱལ་བསྟན་བྱ་བ་གལ་ཆེན་ཆེད་དམ་ཚིག་ཟོང་ཁ་ཅིག་སྒྲིལ་གྱིས་རྒྱ་དམག་ལྷག་འཕྲོ་རྣམས་མཐར་སྐྲོད་གཏོང་དགོས་སྐོར། (ལྕགས་ཕག་ལོའི་ཟླ་ཚེར) སྤུག་དམ་བཀའ་རྒྱ་སྩལ་བ་ཟད། དེའི་ཆེད་རྩེ་དྲུང་ལྡེ་མ་མཛོད་པ་མདོ་ཁམས་ཕྱོགས་སུ་ཆེད་གཏོང་གནང་ཡོད།
དུམ་ཚན་འདིའི་ལྟད་མོ་དངོས་ནི་ལོ་རྒྱུས་ཐོག་གི་མཆོད་ཡོན་གསེར་ཟམ་རིང་མོ་གཏན་ནས་བཞིག་སོང་བ་མ་ཟད། རྒྱལ་དབང་མཆོག་གིས་མཚན་གནས་ཕྱིར་སློག་བྱས་པ་སོགས་ཀྱི་གནས་ཚུལ་དེ་མ་ཡིན་པར། དེ་རིང་གི་རྒྱ་ནག་གཞུང་གིས་གོང་གསལ་མཚན་གནས་བསྐྱར་གསོ་བྱས་རབས་ཀྱི་ཏར་འཕྲིན་བཏང་བ་དེ་ཁོ་ན་བེད་སྤྱོད་གཏོང་བ་ལས། རྒྱལ་དབང་ཚང་གིས་སྔ་རྗེས་སུ་མཚན་གནས་བཞེས་རྒྱུ་མིན་སྐོར་སྩལ་བའི་ཡིག་ཆ་སྦས་སྐོང་གང་ཐུབ་བྱེད་ཀྱིན་པ་དེ་དང་། དེ་བས་ཀྱང་ཐབས་སྐྱོ་བ་ནི་ཁུངས་སྣེ་རྫུན་སྒྲིག་གིས་དེ་སྔོན་ཡོན་ཧྲི་ཁེ་ཡི་སྐུ་ཚབ་ལཱོའི་རྡོ་ཐའི་རྒྱ་གར་དུ་ཕྱིན་ནས། ཏཱ་ལའི་བླ་མར་གྲོས་མོལ་གནང་སྐབས “ཏཱ་ལའི་བླ་མས་རང་ཉིད་ལ་མཚན་གནས་སླར་གསོ་བྱ་དགོས་པ་དང་། བོད་སྡོད་དམག་དཔུང་ཕྱིར་འཐེན་དགོས་པ། ཨམ་བན་ལེན་ཡུལ་གནས་དབྱུང་གཏོང་དགོས་པ་བཅས་དོན་ཚན་གསུམ་ཚུར་བཏོན་ཡང་། མན་ཆིན་གཞུང་གིས་དོན་ཚན་གཉིས་པ་དང་། གསུམ་པ་ཁས་ལེན་མི་ཐུབ་ཅེས་བཤད་པས་གྲུབ་འབྲས་གང་ཡང་མ་བྱུང་བ་རེད” སོགས་(4) གསལ་བ་འདི་ཚོ་ཡིན། མན་ཆིང་གཞུང་གིས་ལཱོའི་རྡོ་ཐའི་རྒྱ་གར་གཏོང་སྐབས་མཚན་གནས་བཞེས་ཡོད་པ་ཡིན་ན། རྗེས་ནས་ཡོན་ཧྲི་ཁེ་ཡིས་པཎ་ཆེན་ནང་བཞིན་མཚན་གནས་(སྣོན་སྩོལ)གནང་རྒྱུ་ལས། (བསྐྱར་གསོའི་)སྐད་ཆ་ཡོང་ས་མེད་ལ། གནས་བབ་རང་གི་ཐོག་ནས་བཤད་ནའང་། མན་ཆིན་གཞུང་གིས་ཕྱི་ནང་གི་གནོན་ཤུགས་མ་ཐེག་པར་ཏཱ་ལའི་བླ་མར་མཚན་གནས་བཞེས་རོགས་ཞེས་ངོ་ཆེན་ཞུ་སར་ལོའི་རྡོ་ཐའི་ཅན་བཏང་བ་ལས། ཏཱ་ལའི་བླ་མས་ང་ལ་མཚན་གནས་སླར་གསོ་གནང་རོགས་ཞེས་རེ་སྐུལ་ཞུ་དགོས་པའི་ཚད་མིན་པ་ཡུལ་དུས་ཚོད་རྩིས་ཐུབ་པ་ཞིག་དང་། གནས་སྟངས་དེ་རྒྱ་གཞུང་གི་ཡིག་ཆར་གསལ་བོ་ཡིན།
འདི་ལྟར་རྒྱལ་དབང་མཆོག་གིས་མན་ཆིན་གཞུང་དང་། རྒྱ་ནག་མི་སེར་སྲིད་གཞུང་བར་མཆོད་ཡོན་དང་མཚན་གནས་སོགས་ཀྱི་འབྲེལ་བ་གཙང་བཅད་ཀྱིས། རྒྱ་དམག་མཐར་བསྐྲོད་གཏོང་དགོས་པའི་དམག་སྐུལ་བཏང་བས་མཚོན། བོད་དོན་བཤད་སར་རྒྱལ་ཁབ་གཞན་གྱི་བར་བཞུགས་གྲོས་མོལ་གནང་རྒྱུ་ལས། གཅིག་འོག་གཅིག་ལ་མི་འདུ་བ་གསལ་བཤད་བྱས་ཤིང་། གནས་ཚུལ་དེ་ཚོ་རང་བཙན་བསྒྲགས་གཏམ་ཀྱི་སྔོན་འགྲོ་ཡིན་ལ། རྒྱ་གཞུང་གིས་གང་ཐུབ་ཐུབ་སྤས་བསྐུངས་བྱེད་ཀྱིན་པའང་ལོ་རྒྱུས་ཀྱི་དོན་དངོས་འདི་དག་རེད།
གསུམ། གསང་མི་ཚིགས་པའི་བསྒྲགས་གཏམ།
རྒྱ་གཞུང་གི་ཡི་གེ་བ་ཚོར་མཚོན་ན་བོད་རང་བཙན་ལ་གདོང་མ་གཏུག་ཐབས་མེད་ཆགས་དུས། སྐབས་དེ་ཤེད་ཅིག་ལ་[རང་བཙན་དཀྲོགས་རྐྱེན་བསླངས་པ] ཟེར་བ་སོགས་ཡུལ་དུས་ཁ་གསལ་མེད་པའི་ཚིག་བར་ནས་གཡོལ་ཐབས་བྱེད། ངས་རྩོམ་ཡིག་འདི་འབྲི་ཞོར་www.baidu.ogr.ནང་མིག་གཤེར་ཞིག་བྱས་པ་ཡིན། དེར་“ ཏཱ་ལའི་བླ་མས་རྒྱ་གར་དུ་བོད་རང་བཙན་ཁྱབ་བསྒྲགས་བྱས་པ་”བཀོད་འདུག དྲ་གནས་འདི་རྒྱ་གཞུང་གི་སྟངས་འཛིན་འོག་ཡོད་སྟབས། ཏཱ་ལའི་བླ་མ་དབྱིན་ཇིས་མི་གཏར་ཉར་ནས་རང་བཙན་བཤད་བཅུག་པའི་སྒྲུང་གི་རྣམ་གྲངས་ཤིག་ཡིན་སྲིད། མ་གཏོགས་རྒྱ་གར་ནས་རང་བཙན་བསྒྲགས་པའི་ཡོངས་གྲགས་གནས་ཚུལ་ཡོད་པ་མ་རེད།
ལྕགས་ཕག་ལོའི་གསར་བརྗེ་བྱུང་ནས་མན་ཆིན་མགོ་རྟིང་སློགས་པ་དང་འབྲེལ། རྒྱ་ནག་མི་སེར་རྒྱལ་ཁབ་དབུ་བརྙེས་མ་ཐག <<བར་བརྒལ་རྩ་ཁྲིམས་>> བཟོ་མགོ་བཙུགས་ཤིང་། ཡིག་ཆ་དེའི་དོན་ཚན་གསུམ་པའི་ནང་(རྒྱ་ནག་གི་མངའ་ཁུངས་ནི། ཞིང་ཆེན་ཉེར་གཉིས་ཀྱིས་གྲུབ་པ་དང་། ཕྱི་སོག་དང་། ནང་སོག བོད་ལྗོངས། མཚོ་སྔོན) བཅས་རྒྱ་ནག་གི་ཞང་ཆེན་ཡིན་སྐོར་ཁ་སྔ་བཞུག་བརྩད་ནས་བྲིས་ཡོད་ལ། ཡིག་ཆ་དེ་༡༩༡༢ ལོའི་ཟླ༣ ཚེས ༡༠ དྲིལ་བསྒྲགས་འདུག ཡང་དེའི་དོན་ཚན་བཅོ་བརྒྱད་པར( ཕྱི་སོག་དང་། ནང་སོག བོད་ལྗོངས། མཚོ་སྔོན་བཅས་ནས་ཁྲིམས་བཟོ་ལྷན་ཚོགས་དེའི་ནང་འཐུས་མི་རེ་བཏང་སྟེ། སྲིད་གྲོས་ཀྱི་ཆ་ཤས་ལེན་དགོས)པ་བཀོད་ཡོད། (5) སྐབས་དེར་བོད་པ་རེ་གཉིས་ཚོགས་འདུར་ཁྲིད་རབས་བཤད། རྒྱུ་མཚན་དེ་དག་གིས་(ཨེ་ཤ་ཡིས་དྭ་ཕྲུག)ཏུ་འབོད་པའི་བོད་ཀྱི་སྐྱེ་ཁུངས་རུས་རྒྱུད་གསལ་བོ་བཟོ་དགོས་པ་ནི། རང་བཙན་རྩོད་མཁན་ཞིག་ལ་འཁྲི་བས་ལས་འགན་དང་པོ་ཡིན་སྟབས། སྟབས་བསྟུན་གསལ་བྱས་དགོས་པ་བཤད་མ་དགོས་ཤིང་། ཡང་ཁ་གཏད་རང་བཞིན་གྱི་ངོས་ནས་བཤད་ན་རང་བཙན་བསྒྲགས་གཏམ་ཀྱི་ཐད་གར་དམིགས་ས་<<བར་བརྒལ་རྩ་ཁྲིམས་>> འདི་ཡིན་བཟོ་འདུག
རྒྱ་ནག་གཞུང་འབྲེལ་ཐོག་ཉེ་རབས་ལོ་རྒྱུས་ནང་བོད་རང་བཙན་གྱི་མཚམས་ཚིགས་མ་བཟུང་མཐུ་མེད་སྐབས། ཤིང་སྟག་(༡༩༡༤)སིམ་ལའི་ཆིངས་ཡིག་དེ་འཇོག་གང་ཐུབ་བྱེད་ཀྱིན་འདུག དེར་གཏན་འཁེལ་འབྲི་སྟངས་[སིམ་ལའི་གྲོས་ཆོད་ཟེར་བ་མིང་ངན་གནམ་འོག་ལ་གྲགས་པ]འདྲ་བོ་དང་། [དབྱིན་ཇིའི་ངན་སྐུལ་འོག་ཁྲིམས་འགལ་གྲོས་ཆོད་དེར་ཀྲུང་གོས་མཚན་རྟགས་བརྒྱབས་མེད་སྟབས། ནམ་ཡང་བརྩི་འཇོག་མེད]ཟེར་བ་འདི་ཚོ་རེད། འོན་ཀྱང་། ཁོ་ཚོས་བོད་རང་བཙན་བཤད་སར་(ཁྲིམས་འགལ)ཆིངས་ཡིག་འདི་རང་ཁུར་ཡོང་བར་དམིགས་ཡུལ་ལོས་ཡོད། གཅིག་ནས་ཆིངས་ཡིག་དེའི་ནང་བོད་ཀྱི་བདག་དབང་ཐད་(suzerainty) སྤྱད་ཡོད་སྟབས། འུ་ཐུག་ན་དེ་ནས་ཁ་དཀྱོགས་ལ་འཁྱེར་ས་ཞིག་བཙལ་རྒྱུ་དང་། གཉིས་ནས་དབྱིན་ཇིས་གྲོས་མགོ་བདོན་པ་ལྟར། ཆིངས་ཡིག་ནང་(ཕྱི་བོད་)དང་(ནང་བོད་)ཀྱི་རི་མོ་ཞིག་ཡོད་པས། ཚིག་ངོས་ནས་དེར་བོད་ཁ་གཏོར་གཏོང་རྒྱུར་ཕན་པ་ཡོད་མེད་གང་ལྟར། ཉིན་ཞིག་བོད་ཧྲིལ་བོ་འཛིན་མ་ཐུབ་རུང་། (ཕྱི་སོག)དང་(ནང་སོག)གི་ལམ་ལྷོངས་ལྟར་རེ་ངན་གཞན་ཞིག་བཅིངས་པ་ཡིན་སྲིད། མ་གཞི་ནས་ཆིངས་ཡིག་དེ་རྒྱལ་སྤྱི་རང་བཞིན་ཅན་ཞིག་ཡིན་སྟབས་མངོན་ཆུང་ངང་སྦས་ཐབས་བྲལ་བའང་ཕྱོགས་གཅིག་རེད།
ཡང་ཁ་གསལ་བཟོ་དགོས་པ་ཞིག་ལ། (suzerainty)ཡི་ཚིག་ཁུངས་ཧྥ་རན་སི་ཡིན་པ་དང་། (ཐོག་མར་རྒྱལ་བོ་དང་ས་བདག་གི་ཁ་རྗེ་དབང་ཐང་ལ་འཇུག) ཚིག་འདི་བོད་བསྒྱུར་སྐབས། སྲིད་དོན་རྒྱལ་རབས་ནང་(བོད་རྒྱ་མིའི་མིང་ཙམ་ཀྱི་ཁོངས་གཏོགས)ཞེས་པ་དང་། ཡ་ཧན་ཀྲང་གི་ཏཱ་ལའི་བླ་མའི་རྣམ་ཐར་ལས་(བོད་ལྗོངས་ལ་བདག་པོའི་དབང་ཆ་སྤྱོད་རྒྱུ)ཟེར་བ། བོད་ཀྱི་གནས་བབ་ནང་(བོད་ནང་རྒྱ་མིས་མིང་ཙམ་དབང་བསྒྱུར)ཞེས་པ་སོགས་གཅིག་གྱུར་མེད་ལ། མི་ལ་ཤས་ཀྱིས་ཚིག་ཁུངས་མ་བཙལ་བར་རང་གི་ཞེ་འདོད་ལྟར་ལོག་འབྲེལ་རྒྱག་མཁན་ཡོད་ལ། ཚིག་ངོས་ཀྱི་གོ་དོན་ཐད་(OXFORD) ཚིག་མཛོད་ནང་། (a coutry under suzerainty of its powerful neighboar)ཞེས་སྔ་ནས་འགྲེལ་འདུག་ན། གོ་དོན་ཐད་ནས་དོགས་གཞི་མི་དགོས་ལ། ཚིག་འདི་བོད་ཀྱི་གནའ་སྲོལ་(རྒྱལ་བོའི་ཁབ་ཀྱི་རྒྱལ་ཕྲན་)ཞེས་བསྒྱུར་ཚེ་མིང་དོན་གང་ཐད་ནས་ཤིན་ཏུ་མཐུན་མར་སྣང་ཞིང་། དེང་དུས་ཀྱི་འགྲོ་སྟངས་ལ་(སྲུང་སྐྱོབ་རྒྱལ་ཁབ་)ཅེས་བསྒྱུར་ཡང་ཆོག དཔེར་ན། འབྲུག་རྒྱལ་ཁབ་ཀྱི་སྲུང་སྐྱོབས་རྒྱ་གར་ལ་འགན་འཁྲི་སྐུལ་ཡོད་པ་དང་། ཉི་ཧོང་གི་དམག་སྲིད་ཨི་རིའི་ལྟ་སྲུང་འོག་གནས་དགོས་པ་ལྟ་བུ་རེད། ཡང་(suzerainty) ཞེས་པ་འདི་བཞིན་སིམ་ལའི་ལྷན་ཚོགས་ཐོག བོད་རྒྱའི་འབྲེལ་ལམ་ཐད་གཞི་ནས་གསར་བཟོ་བྱས་ལུགས་དཔེ་ཀློག་མ་བྱས་པར་ཧམ་བཤད་བྱེད་མཁན་ཡོད་མོད། དེ་ལྟར་མ་ཡིན་པར། ཕྱི་ལུགས ༡༩༠༧ ཟླ་༨ཚེས༡༣ ཨུ་རུ་སུའི་གྲོང་ཁྱེར་ St.Petersburg City ནང་། དབྱིན་ཇི་དང་རུ་སུ་གཉིས་ཀྱིས་བོད་དོན་ཐད་<<སེཌ་ ཕེ་ཀྲར་བྷོར་ཆིངས་ཡིག>>ཟེར་བ། དོན་ཚན་ལྔ་ཅན་ཞིག་བཞག་པ་དང་། ཆིངས་ཡིག་དེའི་དོན་ཚན་གཉིས་པར། བོད་ཀྱི་རྒྱལ་སྲུང་ཐད་མན་ཆིན་གཞུང་ལ་འགན་སྲུང་དབང་ཚད་ཡོད་དགོས་སྐོར་(suzerain right)བཀོད་ཡོད་སྟབས། བོད་དོན་དང་འབྲེལ་བའི་(suzerainty)ཐོག་མ་དེ་ནས་བྱུང་པར་སྣང་། ཁ་ཉིན་རྒན་འཇམ་དབྱངས་ནོར་བུས་རྒྱལ་དབང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་དང་འབྲེལ་བའི་ཆེད་རྩོམ་སྤེལ་བའི་ནང་། ཕྱི་ལུགས་༡༨༨༦ལོར་དབྱིན་གཞུང་དང་མན་ཆིན་གཞུང་གཉིས་ཀྱིས་བོད་དང་འབར་མའི་སྐོར་ཆིངས་ཡིག་འཇོག་སྐབས། ཚིག་འདི་བེད་སྤྱོད་བྱས་ཡོད་ཚོད་ཅིག་འདུག་ན། དེའང་དཔྱད་ཁུངས་གལ་ཆེན་ཞིག་རེད།
རྒྱལ་དབང་བཅུ་གསུམ་པས་༡༩༡༣ ཟླ་༢ ཚེས་༡༣ ཉིན་སྩལ་བའི་<<ཆུ་གླང་སྦུག་དམ་རྩ་ཚིག་ཆེན་མོར>>ང་ཚོས་བོད་རང་བཙན་བསྒྲགས་གཏམ་ཞེས་བརྗོད་ཀྱིན་ཡོད་ལ། ཡིག་ཆ་འདི་སྐུ་ཞབས་C. Goldstein གྱིས་བརྩམས་པའི་<> རྒྱ་ཡིག་ལ་སྒྱུར་བར་བརྟེན་བསྒྲགས་གཏམ་ཆ་ཚང་ཞིག་རྒྱ་ཡིག་ཐོག་འགྱུར་ཡོད། འོན་ཀྱང་། རྒྱ་འགྱུར་ནང་བསྒྲགས་གཏམ་གྱི་ཁ་བྱང་ལ་(ཏཱ་ལའི་བླ་མས་བོད་ལ་དབང་བསྒྱུར་ཆ་ཚང་བྱས་པའི་གསལ་བཤད)ཅེས་བཀོད་འདུག སྲིད་དོན་ཚན་རིག་ནང་(རང་བཙན་བསྒྲགས་གཏམ)དང་(དབང་ཆའི་གསལ་བཤད)གཉིས་ལ་ཁྱད་པར་ཡོད་ཁར། རྩོམ་པ་པོས་བསྒྲགས་གཏམ་མཇུག་ཏུ་གསལ་བཤད་གནང་སྟངས་ཡང་འདི་ལྟར “ བོད་པ་ཚོས་ཡིག་ཆ་འདིར་ཧ་ཅང་མཐོང་ཆེན་བྱེད་པ་དང་། དེ་ནི་ཡོན་ཧྲི་ཁེ་ལ་རང་བཙན་གསལ་བསྒྲགས་བྱས་པའི་བརྡ་ལན་སྤྲད་པ་ཞིག་ཏུ་མཐོང་གི་ཡོད། གཞི་རྩའི་སྐབས་དེའི་བོད་པའི་བརྡ་སྐད་དབང་དུ་བྱས་ན་རང་བཙན་བསྒྲགས་གཏམ་དངོས་མ་ཞིག་ལ་ངོས་འཛིན་ཆོག་མོད། བོད་ཀྱི་ཆབ་སྲིད་བསམ་བློའི་གཞུང་ལུགས་ཀྱི་ཡིག་ཆའི་འགྲོ་སྟངས་ལྟར་ན། གསལ་བསྒྲགས་ནི་ཏཱ་ལའི་བླ་མས་རང་ཉིད་ལ་རྒྱ་གཞུང་གི་མཚན་གནས་མེད་པ་དང་། རྒྱ་དཔོན་ཀྱི་བྱུས་གཏོགས་མེད་པར་རང་སྣང་གིས་བོད་ལ་དབང་བསྒྱུར་ཆ་ཚང་བྱ་རྒྱུའི་ཞེ་འདོད་དངོས་ཡིན་པ་གསལ་བོ་རེད ” (6) ཅེས་འགྲེལ་བརྗོས་དཀྱོགས་དཀྱོགས་ཅིག་རེད། དེ་བས་སྟབས་ཡག་ནས་རྒྱ་གཞུང་གིས་དེབ་དེ་ཕབས་བསྒྱུར་ཐད་བཀག་འགོག་མ་བྱས་པ་ཡིན་ཡང་སྲིད། (བོད་མི་གསར་བརྗེ་བའི་སྔོན་གླེང་ནང་ཁོང་གིས་ཀྱང་རང་བཙན་བསྒྲགས་གཏམ་ཞེས་བྲིས་འདུག) དེ་ལྟར་མི་རེ་གཉིས་ཡོད་ན་ལས་གཞན་ཁྲིམས་ལུགས་ཆེད་མཁས་པ་དང་། ཕྱི་འབྲེལ་མི་སྣ་གྲགས་ཅན། ད་དུང་ལོ་རྒྱུས་སྨྲ་བ་བཅས་ཀྱིས་རྩ་ཚིག་ཆེན་མོ་རང་བཙན་བསྒྲགས་གཏམ་ཡིན་པ་སྔ་མོ་ནས་ཁ་གསལ་གནང་འདུག་ལ། ཐོག་མར་རང་བཙན་བསྒྲགས་གཏམ་ཞེས་འབྲི་མཁན་ཡང་ཕྱི་གླེང་བོ་ཚོ་ཡིན་པར་སྣང་།
༡༽ SIR CHARLES BELL ལགས་ཀྱིས་བརྩམས་པའི་<
༢༽ རྒྱ་ནག་མི་སེར་སྲིད་གཞུང་གི་བོད་བསྡོད་སྐུ་ཚབ་བྱས་མྱོང་མཁན་རྒྱ་དཔོན་ཧྲིན་ཙོང་ལེན་གྱིས་བརྩམས་པའི་<< Tibet and the tibetans >> ནང་“ ༡༩༡༢ལོར་ཏཱ་ལའི་བླ་མ་ཕྱིར་ལྷ་སར་ལོགས་མ་ཐག བོད་རང་བཙན (Tibetan independence)ཟེར་བའི་བསྒྲགས་གཏམ་སྤེལ་བ་དང་། སྐབས་དེར་མན་ཆིན་གཞུང་ཕྱིའི་བཙན་འཛུལ་འོག་ལྷགས་ནས། བོད་ལ་འཛིན་སྐྱོང་བྱ་རྒྱུའི་ནུས་པ་སྒོ་གང་ཐད་ནས་མེད”ཅེས་བྲིས་ཡོད་ལ། (དེབ་འདི ༡༩༥༣ ལོར་དཔར་སྐྲུན་བྱས)
༣༽ སྐུ་ཞབས་ Michael C.Van Walt Van Praag ལགས་ཀྱིས་བརྩམས་པའི་<<བོད་ཀྱི་གནས་བབ>>ནང་། “ཏཱ་ལའི་བླ་མ་རང་གི་སྐྱོང་ཡུལ་བོད་ལྗོངས་ལ་ཕྱིར་ལོག་པ་དང་། ཁོང་གི་གཞུང་ངོས་ནས་ནུས་ལྡན་གྱིས་འཛིན་སྐྱོང་གནང་བ་མ་ཟད། དེ་དང་ཆབས་ཅིག་ཏཱ་ལའི་བླ་མས་༡༩༡༣ ལོར་རང་བཙན་བསྒྲགས་གཏམ་(Declaration of Tibetan independence)སྤེལ་བ་སོགས་ཀྱིས། བོད་འཛིན་སྐྱོང་དེ་བཞིན་ཕྱི་ལོག་གི་ཐེ་བྱུས་མེད་པའི་ཡུན་རིང་ཞི་འཇགས་ཀྱི་ཕྱོགས་སུ་བསྐྱོད་འགོ་བཙུགས་པ་རེད”ཅེས་བཀོད། (དེབ་འདི་ ༡༩༨༧ ལོར་དཔར་སྐྲུན་བྱས་)
༤༽ ཞ་སྒབ་པས་<<སྲིད་དོན་རྒྱལ་རབས>>ནང་“ བོད་རང་དབང་རང་བཙན་གཙང་མའི་ཁྱབ་བསྒྲགས་རྩ་ཚིག་ཆེན་མོ་”ཞེས་བཀོད་པ། (དེབ་འདི ༡༩༧༦ ལོར་པར་སྐྲུན་བྱས)
མ་གཞི་ནས་མི་སེར་སྤེལ་མཁན་གྱིས་མི་སེར་སྤེལ་ཡུལ་གྱི་མི་མང་ལ། རང་ངོ་རང་ལ་འཕྲོད་མི་འཇུག་རྒྱུ་རྩ་བའི་དམིགས་ཡུལ་ཡིན་སྟབས། ཁྱེད་རང་ཚོའི་རང་བཙན་རེད་ཞག རང་བཙན་སྤེལ་བའི་ཉིན་མོ་འདི་རེད་ཅེས་མིང་བཟུང་དོན་བཟུང་དང་། ཉི་མ་སྐར་མ་གཏན་འཁེལ་བྱེད་མི་སྲིད་པ་གཞིར་བྱས། རྒྱ་གཞུང་གིས་བསྒྲགས་གཏམ་འདིར་ཧ་ཅང་འཛེམ་ཟོན་བྱེད་པ་མ་ཟད། རང་བཙན་བསྒྲགས་གཏམ་ཡིན་པ་དེ་བས་གླེང་མི་ཕོད། བསམ་བློ་བཏང་ན་དེ་ནི་བསྒྲགས་གཏམ་འདིའིོ་ཆབ་སྲིད་ཐད་ཀྱི་(ཁ་བྲལ)རང་བཞིན་གཅིག་པུ་མ་ཡིན་པར། བསམ་བློའི་ཐད་ཀྱི་(སྔོན་ཐོན་)རང་བཞིན་ཡང་ཡིན་ངེས་པར་འདོད། སོང་ཙང་བོད་རང་བཙན་གྱི་གནས་བབ་མ་བཤད་ཐབས་མེད་ཆགས། རྒྱ་གཞུང་གིས་སིམ་ལའི་(ཁྲིམས་འགལ) ཆིངས་ཡིག་དེ་རང་ཁུར་ཡོང་གི་ཡོད་པར་ཞེ་འདོད་ངེས་ཅན་ཞིག་ཡོད་ལོས་ཆོག
བཞི། བསྒྲགས་གཏམ་དང་བསྒྲགས་གཏམ་བསྡུར་བ།
བོད་རང་བཙན་སྒྲུབ་སར་བསྒྲགས་གཏམ་འདི་གལ་ཆེ་རབས་བཤད་ན་ལོས་ཆེ་མོད། བདག་དབང་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ན་རང་བཙན་བསྒྲགས་གཏམ་ཡོད་དགོས་པ་དང་། རྒྱལ་གླུ རྒྱལ་དར། རྒྱལ་རྟགས་སོགས་ཡོད་དགོས་པའི་ནུབ་ལུགས་ཀྱི་ཚད་གཞི་དེ་དག ང་ཚོ་ཡ་གླིང་གི་རྒྱལ་ཁབ་ཚོའི་མགོར་བསྐྱོན་ཡོང་དུས་ར་སུག་ལུག་ལ་འཕྲོད་མིན་མ་ཡིན་པར། མཚོན་རྟགས་འདི་དག་མེད་པའི་ཡར་སྔོན་དོན་དངོས་རང་བཙན་ཡིན་པའི་གནས་བབ་ལ་ཕོགས་ཐུག་འགྲོ་གི་ཡོད་མེད་ཀྱི་སེམས་ཁྲལ་ཞིག་ཡོང་གི་ཡོད་ལ། བོད་ལ་ཆ་བཞག་པ་ནའང་ང་ཚོར་མཚོན་རྟགས་འདི་དག་ཡོད་པ་ནས་ད་གཟོད་རང་བཙན་གྱི་སྦྱོར་དངོས་ཚང་བ་མ་ཡིན་པར། དེ་དག་མེད་པའི་ཡར་སྔོན་ནས་བོད་རྒྱལ་ཁབ་ཏུ་གནས་མྱོང་བ་ཙམ་མ་ཟད། ལོ་སྟོང་གི་སྔོན་ནས་ཁྲིམས་སྒོ་རང་སྐྱོང་གི་རྒྱུད་པ་ཟམ་མ་ཆད་པར་ཡོད་བསྡད་པ་ཞིག་རེད།
བྱེ་བྲག་བོད་རང་བཙན་བསྒྲགས་གཏམ་འདིའི་ཁྱད་ཆོས་འབའ་ཞིག་བཤད་ན། བསྒྲགས་གཏམ་འདིར་སྔོན་གླེང་གི་ས་བཅད་དང་། དེའི་འོག་དོན་ཚན་ལྔ་ལ་དབྱེ་ནས་མཇུག་བསྡུས་འདུག སྔོན་གླེང་དེ་(ཕྱི་སྲིད) དང་འབྲེལ་བའི་རང་བཙན་རྣམ་བཤད་ཡིན་པ་དང་། དོན་ཚན་ལྔ་བོ་ཆབ་འབངས་ཆགས་ཐབས་ཀྱི་(ནང་སྲིད) སྐོར་གཙོ་འདོན་བྱས་འདུག བསྒྲགས་གཏམ་འདིའི་བརྗོད་གཞི་བཀྲམས་སྟངས་ཀྱི་རིགས་ལམ་དང་། ས་བཅད་རྒྱས་བསྡུས་བྱེད་སྟངས་སོགས་ཀྱིས་ང་ལ་བསྒྲགས་གཏམ་འདི་<<ཨ་རིའི་རང་བཙན་བསྒྲགས་གཏམ>>དང་། <<ཧྭ་རན་སིའི་ཆབ་འབངས་ཐོབ་ཐང་བསྒྲགས་གཏམ>> གཉིས་ལ་གཤིབ་བསྡུར་བྱེད་རྒྱུའི་སྣང་བ་འཕྲུལ་དུ་བཅུག་སོང་ལ། དེ་ནི་བསྒྲགས་གཏམ་འདི་གླེང་རིན་ཡོད་པའི་རྒྱུ་མཚན་ཀྱི་ཕྱོགས་ངོས་གཞན་ཞིག་རེད།
ཨ་རིའི་བསྒྲགས་གཏམ་ནང་། དང་པོར། བསྒྲགས་གཏམ་སྤེལ་ཆོག་པའི་དབང་ཆའི་ཡོང་ཁུངས་གསལ་བཤད་བྱས་འདུག་པ་དང་། གཉིས་པ། ཁྲིམས་སྒོ་རང་བཙན་མ་བྱས་མཐུ་མེད་ཆགས་པའི་རྒྱུ་མཚན། གསུམ་པ། རྒྱལ་ཁབ་ཀྱི་དམིགས་འབེན་གཏན་འཁེལ་དང་། དགྲ་འགོག་རང་སྲུང་ཆེད་ན་གན་དམ་འབུལ་བྱས་པ་བཅས་ས་བཅད་གསུམ་ལ་དབྱེ་ཡོད། བོད་ཀྱི་བསྒྲགས་གཏམ་ཀྱི་སྔོན་གླེང་དེའང་ནང་གསེས་ཁག་གསུམ་ལ་དབྱེ་ཡོད་པ་མ་ཟད ། རིག་ལམ་བགྲོད་སྟངས་ཀྱང་ཨ་རིའི་བསྒྲགས་གཏམ་དང་ཧ་ཅང་མཐུན་པོ་འདུག
དཔེར་ན། ཨ་རིའི་བསྒྲགས་གཏམ་ཀྱི་ས་བཅད་དང་པོར། བསྒྲགས་གཏམ་སྤེལ་རྒྱུའི་དབང་ཚད་བཤད་ཡོད་པ་དང་། དེའི་ཐད་མི་ཚང་མ་འཇིག་རྟེན་བྱེད་པོས་སྲིད་པའི་ཁམས་ལ་མངགས་སྐབས་ཐོབ་ཐང་འདྲ་མཉམ་ཡིན་པ་ལུང་ན་བསྟན་ཡོད་ལ། དེ་ན་ང་ཚོར་དབྱིན་ཇིའི་གཉའ་གནོན་ཁུར་རྒྱུའི་འོས་བབ་མེད་སྐོར་དབང་ཆའི་མགོ་ཁུངས་ལྷ་སྒྲུང་ལ་གཏུགས་ཡོད་ལ། བོད་ཀྱི་བསྒྲགས་གཏམ་ནང་དུའང་[ངོས་ནི་ཆོས་རྒྱུད་མེས་དཔོན་རྣམ་གསུམ་ཀྱི་སྒྱུ་འཕྲུལ་ཟམ་མ་ཆད་པར་བྱོན་པའི་སྐྱེ་ཕྲེང་ཡིན་པ་དང་། ངེད་ཚོར་ར་བ་གངས་ཀྱིས་བསྐོར་བའི་ལྗོངས་འདི་ཕྱག་མཚན་ལ་བཞེས་རྒྱུར་སྟོན་པའི་ལུང་གིས་བསྐོས་ཡོད་] ཅེས་དབང་ཁུངས་ལྷའི་ལུང་ལ་གཏུགས་པ་གཉིས་ལའང་འགལ་བ་ཆེར་མེད།
ཨ་རིའི་བསྒྲགས་གཏམ་ཀྱི་ས་བཅད་གཉིས་པར། དབྱིན་ཇིས་མི་སེར་སྤེལ་བའི་ལམ་ལུགས་འོག དེ་སྔའི་ཨ་རིའི་མངའ་སྡེའི་ཁྲིམས་སྲོལ་རྣམས་རྩ་གཏོར་བྱས་པའི་སྡུག་ཉེ་སྣ་ཚོགས་དྲངས་ཏེ། ཁྲིམས་སྒོ་རང་བཙན་མ་བྱས་མཐུ་མེད་ཆགས་པའི་གནས་ཚུལ་ཞིབ་བརྗོད་བྱས་ཡོད་ལ། བོད་ཀྱི་བསྒྲགས་གཏམ་ནང་དུའང་[རྒྱ་མིས་བོད་ཟ་ཧམ་བཅིངས་ཏེ། བོད་རྒྱལ་ཁབ་ནང་བཙན་འཛུལ་བརྡབས་མནར་བྲན་བསྒྱུར་བྱས་པར་བརྟེན། བོད་རིགས་སྐྱེས་བོ་མཆོག་དམན་ཚང་མས་རང་ནུས་གང་ཡོད་ཐོག དབུས་གཙང་ཁུལ་གྱི་རྒྱ་དམག་མཐར་སྐྲོད་བཏང་ཟིན་པ་དང་། མདོ་ཁམས་ཕྱོགས་ནས་གཏོང་རྒྱུ་བཅས་ཀྱི་གནས་སྟངས་འོག་ལྷག་ཡོད། སྐབས་མཚམས་ལས་འབྲས་ཀྱི་དབང་གིས་མན་ཇུ་གོང་མ་མགོ་རྟིང་སློག་རྐྱེན། ད་ཆ་མཆོད་ཡོན་ཁ་འཁྱེར་དོན་དམ་བྲན་བསྒྱུར་གྱི་རེ་ངན་བྱེ་མའི་ཆིངས་བུ་བཞིན་རྩ་འཐོར་དུ་ཕྱིན་ཚར] ཞེས་བཀོད་པ་ལྟ་བུ་རེད།
ཨ་རིའི་བསྒྲགས་གཏམ་ས་བཅད་ཐ་མར། རང་བཙན་རྒྱལ་ཁབ་ཀྱི་འགན་འཁྲི་གང་ཡིན་པ་དང་། དེ་སྲུང་སྐྱོབ་ཆེད་མནའ་གན་དམ་འབུལ་བྱས་འདུག་ལ། བོད་གཏམ་ནང་དུའང་[རྒྱ་དམག་མཐར་སྐྲོད་བཏང་བ་ནས་བོད་ནང་རྫོགས་ལྡན་གསར་བའི་དགའ་སྟོན་ལ་མྱོང་རྒྱུའི་སྐལ་བཟང་ཐོབ་ཐབས་སུ། སྣེ་མོ་ལས་འཛིན་པ་ཚོས་ཁྲལ་བསྡུ་ཁྲིམས་གནོན་ཚུལ་མཐུན་དང་། དགྲ་འགོག་རང་སྲུང་གི་འདུ་འགོད་ལྷོད་མེད་དགོས་པ] ཚིག་ཉུང་དོན་འདུས་ཀྱིས་བཀོད་འདུག
ཡང་བོད་ཀྱི་བསྒྲགས་གཏམ་ནང་མི་སེར་གྱི་ཐོབ་ཐང་དང་འབྲེལ་བའི་དོན་ཚན་ལྔ་བོ་དེ་དང་། <<ཧྥ་རན་སིའི་ཆབ་འབངས་ཐོབ་ཐང་གི་བསྒྲགས་གཏམ>> བར་གྱི་མཚུངས་ཆོས་གཤིབ་བསྡུར་ཞིག་བྱས་ན། ཧྥ་རན་སིའི་བསྒྲགས་གཏམ་དེར་དོན་ཚན་བཅུ་བདུན་ཡོད་པ་དང་། ནང་དོན་གྱི་ཆ་ནས་ཀྱང་སྲིད་གཞུང་ཞིག་མང་ཚོགས་ཀྱི་འདོད་འདུན་དང་མ་མཐུན་ན་ཁྲིམས་མཐུན་མིན་པ་དང་། ཉེས་ཅན་ལ་ཁྲིམས་བཤེར་བྱེད་སྟངས་ཀྱི་གོ་རིམ་སོགས་ཞིབ་ཚགས་དང་ཁྱབ་ཆེ་བ་ཞིག་ཡིན་མོད། བོད་ཀྱི་བསྒྲགས་གཏམ་ཀྱི་གཞི་རྩའི་སྐད་ཆའི་ཡོང་སྟངས་ཧྥ་རན་སིའི་བསྒྲགས་གཏམ་བར་ཁྱད་ཆེན་པོ་རེད།
བོད་ཀྱི་བསྒྲགས་གཏམ་(གཤམ་ནས་བོད་གཏམ་ཞེས་བསྡུ་རྒྱུ)དོན་ཚན་(༡) ནང་། [ཆོས་སྲིད་དཔལ་ཡོན་གྱི་གཞི་མར་གྱུར་བའི་དགོན་སྡེ་ཁག་ཡུན་གནས་ཆེད། དགེ་འདུན་སྡེ་མཆིས་སོ་ཅོག་གི་མཆོད་རྒྱུན་རང་འཇགས་འཇོག་རྒྱུར་ཁག་ཐག་ཡོད་སྐོར]བཀོད་པ་ལྟར། ཧྥ་རན་སིའི་བསྒྲགས་གཏམ་སྤེལ་སྐབས་བཀས་བཀོད་རྒྱུད་འཛིན་གྱི་མངའ་བདག་དབང་ཆ་མགོ་རྟིང་སློག་བཞིན་པའི་ཁ་ཐུག་ཡིན་སྟབས། དགོན་སྡེ་གྲྭ་ཚང་དང་། ས་བདག་གི་མཆོད་རྒྱུན་ལ་དམིགས་འདོན་སྲུང་སྐྱོབ་དགོས་སྐོར་བཤད་འོས་མེད་མོད། བསྒྲགས་གཏམ་ནང་དུའང་དེ་མཚུངས་ཀྱི་བཤད་ཚུལ་ཡོད་པ་ནི། ཧྥ་རན་སའི་དོན་ཚན་དང་པོར། “ཁེ་དབང་གི་སྐད་ཆའི་སྔུན་ནས། འགྲོ་བ་མིའི་རིགས་སྐྱེས་པའི་ཉིན་མོ་ནས་བཟུང་འདྲ་མཉམ་ཡིན་མོད། དམངས་དོན་གྱི་བྱ་བའི་སྤྱོད་སྒོའི་ཐད་ནས་ད་གཟོད་སྤྱི་ཚོགས་ཐོག་མི་ལ་ཁྱད་པར་བྱུང་བ་རེད”ཅེས་པ་འདི་བཞིན། སྤྱི་ཚོགས་ཐོག་ཚོགས་སྒེར་སུ་ཡིན་རུང་། རང་གི་ཤེས་འཇོན་ལྷག་བསམ་ཀྱི་སྤྱོད་སྒོར་གཞིགས་ནས་དམིགས་བསལ་ཁེ་དབང་ཡོད་ངེས་པ་ཕུགས་ནས་ཁས་ལེན་བྱས་འདུག
བོད་གཏམ་དོན་ཚན་(༢)ནང་། [མདོ་སྔགས་གསར་རྙིང་གི་གྲུབ་མཐའ་འཛིན་པ་རྣམས་ཀྱིས་སོ་སོའི་ཕྱག་བཞེས་གཙང་མར་འཆད་ཉན་དང་། བཅའ་པ་ཚུལ་བཞིན་སྲུང་དགོས་པའི]སྐོར་འཁོད་པའང་། བོད་ལ་མཚོན་ན་དམིགས་འདོན་དགོས་པའི་གནད་དོན་ཞིག་ཡིན། དཔེར་ན། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འོག་དབང་འཛིན་པ་རྣམས་ཆོས་ལུགས་མི་སྣ་ཡིན་སྟབས། གྲུབ་མཐའ་བྱེ་བྲག་པའི་རྒྱབ་ལྗོངས་ཡོད་པ་གཞིར་བྱས། དབང་ཆ་བྱུང་མཚམས་གྲུབ་མཐའི་ཞྭ་བསྒྱུར་ལུགས་བརྗེ་འཁྲིག་རྩོད་བསྟུད་མུར་བྱུང་ཡོད།
ཧྥ་རན་སིའི་དོན་ཚན་བཅུ་བར“ བསམ་ཚུལ་བཏོན་པ་གང་ཞིག་ཁྲིམས་ཀྱི་བཅའ་མཚམས་ལས་བརྒལ་ནས། སྤྱི་ཚོགས་ཀྱི་བདེ་འཇགས་དཀྲིགས་རྐྱེན་མིན་ཕྱིན། མི་སུ་དང་སུ་ཡིན་རུང་དེར་བསམ་ཚུལ་ཡོད་མི་ཆོག་ལ། ཐ་ན་དད་མོས་ཀྱི་བསམ་ཚུལ་དབང་གིས་མི་གཞན་སུན་པོ་བཟོ་བ་སོགས་ཀྱང་གཅིག་མཚུངས་ཡིན་”ཞེས་འཁོད་ཡོད། གནད་དོན་འདིའི་ཐད་ནས་ཀྱང་བཤད་སྟངས་ཙམ་ལས་གཞི་གཅིག་ལ་བབ་ཡོད།
བོད་གཏམ་དོན་ཚན་(༣)ནང་། [སྣེ་མོ་ལས་འཛིན་པ་ཚོས་ཁྲལ་བསྡུ་ཁྲིམས་གནོད་ཐད་ཆབ་འབངས་བརྡབས་མནར་དང་། ཉེས་པ་ཕྲན་བུར་བསྙད་ནས་ས་ཁང་གཞུང་བཞེས། ཡན་ལག་བྲེགས་པ་སོགས་ཀྱི་བྱ་ངན་རིགས་གཏན་ནས་མི་ཆོག་པ]ནན་བརྗོད་བྱས་ཡོད།
ཧྥ་རན་སིའི་བསྒྲགས་གཏམ་ནང་ “འབངས་མི་ཚང་མས་རང་ཉིད་དངོས་སུའམ་འཐུས་མི་བརྒྱུད་དཔྱ་ཁྲལ་གྱི་དགོས་ངེས་རང་བཞིན་ངེས་འཛིན་གཏན་འབེབས་དགོས་ཤིང་། དེའང་རང་མོས་ཐོག་ནས་ངེས་འཛིན་བྱས་པ་ཡིན་དགོས་ལ། ད་དུང་འབུལ་བསྡུའི་ཚོད་དཔག་དང་། གཏོང་སྒོར་རྒྱུས་ལོན། བྱུང་སོང་གཏན་འབེབས་ཀྱི་གྲགས་འབོར། རྣམ་གྲངས། ཕྱི་རྐྱེན། དཔྱ་ཁྲལ་བསྡུ་སྟངས་དང་དུས་ཚོད་ཚང་མར་ཉམས་འཇོག་བྱ་དགོས་་”ཞེས་དང་། ཡང་དོན་ཚན་བཅུ་བཞི་བར“སྤྱི་ཚོགས་ལ་གཞུང་འཛིན་པའི་ལས་བསྡོམས་སྙན་ཐོ་ཁ་གསལ་བཟོ་དགོས་སྐོར་བརྡ་འདེད་གཏོང་རྒྱུའི་ཐོབ་ཐང་ཡོད”ཅེས་པ་འདི་དག སྐད་ཆའི་གོ་རིམ་ཙམ་ལས་ནང་དོན་ཆེར་མ་མཐུན་པ་མེད།
བོད་གཏམ་དོན་ཚན་(༤)ནང་། [བོད་རྒྱལ་ཁབ་ལ་འཕྲུལ་ཆས་སོགས་ཀྱི་སྟོབས་ཤུགས་མི་ལྡན་རུང་། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་ཅིག་ཡིན་སྟབས། རང་ས་རང་སྲུང་ཆེད་དྲག་པོའི་འདུ་འགོད་རྒྱ་གང་ཆེ་བྱ་དགོས་པ་དང་། དཔྱ་ཁྲལ་སྤར་དགོས་པའི] སྐོར་དེ་དང་། ཧྥ་རན་སིའི་དོན་ཚན་བཅུ་གཉིས་པར་“སྤྱི་འབངས་ཀྱི་ཐོབ་ཐང་ཁག་ཐག་ཆེད་དྲག་པོའི་སྟོབས་ཤུགས་དགོས་ངེས་ཡིན་མོད། དཔུང་སྟོབས་དེ་བཞིན་རྒྱལ་འབངས་ཡོངས་ཀྱི་ཆགས་ཐབས་དང་འབྲེལ་བ་ལས། སྟོབས་ཤུགས་བཀོད་སྤྱོད་མཁན་གང་ཟག་སྒེར་བའི་ཆེད་དུ་བཙུགས་པ་གཏན་ནས་མིན”ཞེས་དང་། ཡང་བསྒྲགས་གཏམ་དོན་ཚན་བཅུ་གསུམ་པར “དམག་དཔུང་གི་རྒྱུན་གྲོན་དང་། གཞུང་འགྲོ་ཆེད་སྤྱི་འབངས་ལ་ཁྲལ་བསྡུ་དགོས་པ་གཡོལ་ཐབས་མེད་པ་ཞིག་རེད། འོན་ཀྱང་། དཔྱ་ཁྲལ་བསྡུ་སྐབས་འབངས་ཀྱི་འཁེས་ཚོད་ལ་དཔྱད་པའི་བསྒོ་བཤའ་བརྒྱག་དགོས ”ཞེས་པ་སོགས་དོན་ཚན་རྣམས་བོད་དང་ཧྥ་རན་སིའི་བསྒྲགས་གཏམ་གཉིས་ཐད་གར་ཁ་སྤྲོད་ཐུབ་པ་ཞིག་འདུག
བོད་གཏམ་དོན་ཚན་(༥) ནང་། [ས་བདག་དང་། གཞུང་སྒེར་སུས་ཀྱང་མི་སེར་རྣམས་ཀྱིས་རང་འགུལ་ཐོག་ས་སྟོང་བེད་མེད་རྣམས་འདུལ་འདེབས་བྱས་རིགས་ལ་བཀག་འགོག་གཏན་ནས་མི་ཆོག་ཁར། དེ་ལྟར་བྱེད་མཁན་ལ་ས་ཆའི་འཛིན་དབང་གཏན་འཇགས་སྤྲོད་རྒྱུ་ཡིན]ཞེས་དང་། ཧྥ་རན་སིའི་ནང་“ རྒྱུ་ནོར་སྒེར་བདག་གི་ཐོབ་ཐང་དེ་གཏན་ཐོག་ནས་འཕྲོག་མི་ཆོག་པས་ན། སྤྱི་ཚོགས་ཀྱི་དགོས་མཁོ་ངོས་ཅན་ཞིག་གི་ཆེད་དུ་ཁྲིམས་མཐུན་གྱིས་ཁྲལ་འཁུར་དགོས་པ་གང་ཞིག་ཐག་གཅོད་ཀྱི་སྐེད་མཚམས་ལ་སླེབས་ན་མ་གཏོགས། དེ་ཡང་འདྲ་མཉམ་དང་སྐྱིན་ཚབ་སྤྲོད་རྒྱུར་སྔོན་དཔག་ཡོད་པ་ཞིག་ཡིན་དགོས་པ་གཞིར་བྱས། སྐྱེ་བོ་སྒེར་གྱི་རྒྱུ་ནོར་ལ་གཏན་ནས་གནོད་འཚེ་གཏོང་མི་ཆོག ”ཅེས་བཀོད་ཡོད་སྟབས། དོན་ཚན་འདི་དག་ཕན་ཚུན་མཐུན་མིན་ཐད་དོགས་གཞི་མེད་ལ། ངས་འདིར་ཆབ་སྲིད་ཀྱི་ཚད་གཞི་རྐྱང་བའི་ངོས་ནས་བསྒྲགས་གཏམ་གསུམ་པོ་རགས་བསྡུར་ཙམ་ལས། ཤར་ནུབ་ཀྱི་ཁྲིམས་སྲོལ་དང་། སྤྱི་ཚོགས་དཔལ་ཡོན་གྱི་རྒྱབ་ལྗོངས་སོགས་ལ་དབྱེ་ཞིབ་ཐུབ་མེད། དཔེར་ན། ཨ་རིའི་བསྒྲགས་གཏམ་དེ་ ༡༧༧༦ ལོར་ཁྱབ་སྤེལ་བྱས་པ་དང་། ཧ་རན་སིའི་བསྒྲགས་གཏམ་ ༡༧༨༩ ལོར་ཁྱབ་སྤེལ་བྱས་པ་སོགས། དུས་ཀྱི་ཆ་ནས་ལོ་བརྒྱ་དང་ལྔ་བཅུ་ལྷག་གི་བར་ཁྱད་ཡོད་པ་དང་། ཧྥ་རན་སིའི་བསྒྲགས་གཏམ་ལ་མཚོན་ན་འགྲོ་བ་མིའི་རིགས་ལ་ཁྱབ་ཐུབ་པ་ཞིག་ཡིན་ལ། ཡིན་པའི་རྒྱུ་མཚན་ཡང་བསྒྲགས་གཏམ་སྤེལ་སྐབས་ཡོ་རོབ་གླིང་གི་ཆབ་དཔལ་རིག་གསུམ་ཀྱི་ལྟེ་གནས་ཧྥ་རན་སི་ཡིན་པ་དང་། ཡུལ་མིའི་གྲུབ་ཆའང་ཡོ་རོབ་ཀྱི་མི་རིགས་སྣ་ཚོགས་ཆགས་བསྡད་ཡོད།
བོད་ཀྱི་བསྒྲགས་གཏམ་སྤེལ་སྐབས་ང་ཚོ་ད་དུང་མཐོ་སྒང་ན་གྲོགས་མེད་ཁེར་རྐྱང་ངང་ལྷག་ཡོད་ལ། ཡང་ཨ་རིའི་བསྒྲགས་གཏམ་ཐད་རྒྱལ་ཁབ་ཀྱི་སྐད་ཆ་མ་བཤད་ན། མགོ་སེར་གྱིས་མགོ་སེར་ལ་སྤེལ་བ(དབྱིན་ཇིས་དབྱིན་ཇིར) ཞིག་ཡིན་ལ། བོད་ཀྱི་བསྒྲགས་གཏམ་ནི་གཅིག་འོག་གཅིག་ཏུ་མེད་པའི་རྒྱལ་ཁབ་གཉིས་ཀྱི་དོན་དག་ཡིན་སྟབས། རང་བཙན་གསལ་བསྒྲགས་འདི་བཞིན་རང་བཙན་གྱི་རྒྱལ་ཁབ་ཅིག་གསར་དུ་བཙུགས་པའི་དོན་དག་མིན་པ་བསྒྲགས་གཏམ་ནས་གཙོ་འདོན་བྱས་ཡོད་ཁར། རིགས་རུས་མཆེད་ཁུངས་དང་། རིག་གཞུང་སོགས་རྦད་དེ་ཐ་དད་ཡིན་པ་བཅས་རྩ་བའི་མི་འདྲ་ས་དང་། ཡང་བསྒྲགས་གཏམ་གཞན་པ་གཉིས་ཀྱི་ཁྱད་ཆོས་གཙོ་བོ་དེང་གི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གི་སྐད་ཆའི་འབྱུང་ཁུངས་སམ་རྒྱབ་བརྟེན་ཆགས་ཡོད་ལ། རིམ་པ་དེ་ནས་བཤད་ན། འུ་ཚང་གི་བསྒྲགས་གཏམ་ལ་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ཤུགས་ཆེན་མངོན་ཡོད། ཡག་ཕྱོགས་ནས་བཤད་ན། ཨ་རིའི་བསྒྲགས་གཏམ་ནང་མི་ནག་དང་ཨིན་ཌ་ཡ་ནའི་རིགས་ལ་མཐོང་ཆུང་གི་སྐད་ཆ་ཡོད་མོད། བོད་ཀྱི་བསྒྲགས་གཏམ་ནང་རིགས་རྒྱུད་དབྱེ་འབྱེད་ཀྱི་ཚིག་ཟུར་ཙམ་མེད་པ་མ་ཟད། ཐ་ན་ཧྥ་རན་སིའི་བསྒྲགས་གཏམ་ནང་བཞིན་བཙན་དབང་གི་རྣམ་པ་དེ་ཙམ་མེད་པར་“ཆོས་མཐུན་ཞི་བདེར་”གནས་རྒྱུའི་རེ་སྨོན་མངོན་གསལ་ཡིན་ཁར། རྒྱ་མི་ཡིན་ཚད་དགྲ་ཕྱོགས་ལ་མ་བཅད་པར་“བར་ལམ་ཟི་ཁྲོན་དང་། ཡུ་ནན་གྱི་རྒྱ་རིགས་ལས་བྱེད་འགའ་ཞིག་ནས་བོད་ས་ཟ་སེམས་ཀྱིས་” ཞེས་བཀོད་པ་སོགས་དགྲ་གྲོགས་དགར་སྟངས་ཀྱང་གུ་ཡངས་ལ། བཤད་སྟངས་དེ་ཨ་རིའི་བསྒྲགས་གཏམ་ནང་“ང་ཚོར་འཐབ་ཡར་ལངས་ན་དགྲ་ཡིན་ལ། མཐུན་ལམ་འཛུགས་ན་གྲོགས་ཡིན”ཞེས་པ་དང་མཚུངས།
མཚམས་འདིར་འུ་ཚང་གི་བསྒྲགས་གཏམ་དང་འབྲེལ་ནས་བཏགས་པ་མཐའ་བཟུང་གི་ཚིག་འགའ་བཤད་ན། རྒྱལ་དབང་མཆོག་གིས་དབང་ཆ་རང་ལག་དུ་ཡོད་ཐོག རྒྱལ་དབང་བཅུ་བཞི་བ་ནང་བཞིན་“དགའ་ལྡན་ཕོ་བྲང་བསྡུ་གསོག་བརྒྱབ་ནས་”ཆབ་སྲིད་ཐད་བགྲེས་ཡོད་གནང་ཡོད་རྒྱུ་ན། དེ་རིང་ང་ཚོའི་གནས་ཚུལ་འདྲ་ཞིག་ཆགས་ཡོད་ན། ཡང་ཉི་ཧོང་གི་གནམ་སྐོས་གོང་མ Hirohito ཡིས་༡༩༤༦ ལོར “ང་ནི་ཆབ་འབངས་དཀྱིས་མ་ནང་བཞིན་གྱི་མི་རང་ཡིན་པ་ལས། ང་ལྷ་མིན” ཞེས་<<མི་ཡུལ་བསྒྲགས་གཏམ>>སྤེལ་བ་བཞིན། རྒྱལ་དབང་མཆོག་གིས་ཀྱང་སྐབས་དེར་ང་འཕགས་པ་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་མིན། ཡུལ་མི་དཀྱུས་མ་ཞིག་ཡིན་གསུངས་ནས་ལྷ་མི་ཟུང་འབྲེལ་གྱི་སྡེ་བ་གཞུང་དེ་སྡེ་སྲིད་མགོ་ལེབ་འགའི་ལག་པར་རྩིས་སྤྲོད་གནང་ཡོད་ཚེ། ད་ཆ་ང་ཚོ་ཚད་ག་འདྲ་ཞིག་ལ་སླེབས་ཡོད་ན། དེ་ལྟར་བསྡུར་ན་ཞན་ཆ་ཡོད་ངེས་ཀྱང་། གང་ལྟར་རྒྱལ་དབང་མཆོག་གིས་ཨེ་རན་གྱི་ཆོས་དཔོན་Ayatollah Khomeini ཡིས་༡༩༦༤ ལོར་ཨེ་རན་གྱི་རྩ་ཁྲིམས་བཟོས་པ་ནང་བཞིན་གྱི་བསྒྲགས་གཏམ་ཞིག་མ་སྤེལ་བ་ནི་སྟབས་ཡག་པ་རེད། གང་ཡིན་ཟེར་ན། ཆོས་ཁྲིམས་གཞི་རྩར་བཞགས་པའི་རྩ་ཁྲིམས་དེས་དེང་སྐབས་ཨེ་རན་གཞུང་ལྷ་ཆོས་འོག་ནས་ཐར་མ་བཅུག་པ་དང་། ཕོ་མཆོག་མོ་དམན་གྱི་ལྟ་བས་བུད་མེད་ལས་ཞུགས་མ་ཆོག་པ་སོགས་དཀའ་ངལ་སྣ་ཚོགས་བཟོས་ཡོད། རིམ་པ་འདི་ནས་ལྟས་ན་འུ་ཚང་གི་རང་བཙན་བསྒྲགས་གཏམ་དེ་ཆབ་སྲིད་ཙམ་མ་ཡིན་པར། ཤེས་རིག་གི་ཆ་ནས་ཀྱང་ངོ་གནོང་མི་དགོས་པ་ཞིག་བྱུང་མི་འདུག་གམ།
ལྔ་བ། རང་ས་ངོས་མ་ཤེས་ན་རང་བཙན་ཅི་ལྟར་རྩོད།
ངས་ཆེད་རྩོམ་འདི་དང་འབྲེལ་ནས་གསལ་བཤད་དགོས་པ་ནི། བོད་རང་བཙན་བསྒྲགས་གཏམ་འདིའི་ནང་ངོས་འཛིན་བྱས་པའི་བོད་ཡུལ་གསལ་ཁ་མི་འདུག་ཟེར་མཁན་དང་། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་རང་བཙན་ནི་འབྲུ་ཆུའི་ཕར་རྒྱབ་ཚུར་རྒྱབ་ཀྱི་སྐད་ཆ་དེར། རང་བཙན་བརྩད་ན་དེ་མ་གཏོགས་རགས་ཀྱི་མ་རེད། དེ་ལས་ཆོལ་ཁ་གསུམ་མཉམ་འབྲེལ་གྱི་དགོངས་གཞི་(ལམ་དབུ་མ) ཡག་ཤོས་རེད་ཟེར་བ། ཡང་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་འདུ་ཤེས་འདི་སྐྱེ་བོ་ག་གེ་མོ་ཞིག་གི་བཀའ་དྲིན་ལས་གསར་དུ་བྱུང་བ་མ་གཏོགས། སྔོན་ཆད་ཡོད་པ་མ་རེད་ཟེར་བའི་ཁྲམ་བཤད། ད་དུང་རྒྱལ་དབང་བཅུ་གསུམ་པའི་བོད་རང་བཙན་གསལ་བསྒྲགས་བྱས་པ་དང་། བོད་སོག་ཆིངས་ཡིག་ནང་བོད་དང་སོག་པོ་གཉིས་མན་ཇུའི་འོག་ནས་ཐོན་པ་ཡིན་འཁོད་པའི་ཡིག་ཆ་ཁག་གིས་བདེན་དཔང་ཐུབ་པ་ནི། དེ་སྔོན་བོད་རང་བཙན་མིན་པ་གསལ་བཤད་བྱས་ཡོད་སྟབས། ཡིག་ཆ་དེ་དག་སྦས་ན་མ་གཏོགས་གནོད་སྐྱེལ་ས་རེད་མདོག་མདོག འདི་ལྟར་རང་མི་འདྲེ་ལ་རྫུས་ནས་ཧམ་བཤད་དང་ཧོམ་བཤད་ལ་ཚད་མེད་སྟབས། ཡུལ་ལུགས་ཚུལ་མཐུན་གྱི་སྒོ་ནས་དེ་ཚོར་སྐབས་བསྟུན་སུམ་འབྱིན་དགོས་པ་ནི་རྒྱལ་དབང་བཅུ་གསུམ་པ་རྗེས་སུ་དྲན་པའི་དགོངས་རྒྱན་གྱི་ཆ་ཤས་ཤིག་ཡིན།
བོད་རང་གི་ས་ཁོངས་ཀྱི་འདུ་ཤེས་ཐད་ནས་བཤད་ན། སྲིད་པ་ཆུ་ཡི་སྐལ་བ་བྲུས་པའི་རྗེས་སུ། རིམ་པའི་སྟོད་མངའ་རུས་སྐོར་གསུམ་གཡའ་རི་དང་གངས་རི། བར་དབུས་གཙང་རི་བཞི་བྲག་རི་དང་སྤང་ལྗོངས། སྨད་མདོ་ཁམས་སྒང་དྲུག་རྩི་ཤིང་དང་ནགས་ཚལ་གྱིས་ཁེངས་པའི་སྐམ་སའི་ཡུལ་གྲུ་ཆགས་པར་བཤད་ལ། གངས་རི་ར་བས་བསྐོར་བའི་མཐོ་སྒང་འདིར་བསིལ་ལྡན་ས་ལེ་སྨན་ལྗོངས་སམ་རི་མཐོ་ས་གཙང་བོད་ཀྱི་ཡུལ་ཞེས་བརྗོད། དབྱིབས་འབུར་གཟུགས་སུ་མངོན་པའི་ཡུལ་གྲུ་འདིའི་ནུབ་ངོས་ཕོ་མེས་ཨར་མཐོ་སྒང་ནས་ཤར་མཐའ་ཆིན་ལེན་རི་རྒྱུད་བར་འཕྲེད་ཐིག་ཏུའུ་༣༡ཡིན་པ་དང་། རིང་ཚད་ལ་ལེ་བར་༢༧༠༠ ཡོད། ལྷོ་ངོས་ཧི་མ་ལ་ཡའི་རི་རྒྱུད་ནས་བྱང་རྒྱབ་མདོ་ལ་རིང་མོའི་རི་ལག་བར་གཞུང་ཐིག་ཏུའུ་༡༣ ཡིན་པ་དང་། རིང་ཚད་ལ་ལེ་བར་༡༤༠༠ཡོད། ས་ཁྱོན་ཡོངས་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་༢༧༠ ཙམ་ཡོད་པ་དང་། ཆ་སྙོམས་མཐོ་ཚད་མཚོ་ངོས་ལས་སྨྲི་ཌི ༤༠༠༠ ཡས་མས་ཡིན། ཡང་མི་རིགས་རང་གི་ལྷ་སྒྲུང་ལྟར་ན་རྗེ་ཡི་མགུ་ལྷ་བཅུ་གསུམ་དང་། སྲིད་པ་ཆགས་པའི་ལྷ་དགུ་སོགས་ཡུལ་ལྷ་གཞི་བདག་རྣམས་གནས་འཆའ་སའི་གངས་ཀྱི་རི་བོ་དག་གིས་བོད་ཁམས་ཡོངས་སུ་བསྐོར་ཡོད།
ཐག་རིང་ས་ནས་བཤད་མ་དགོས་པར། ༡༦༤༢ ལོར་དགའ་ལྡན་ཕོ་བྲང་བཙུགས་པ་ནས་དེ་རིང་གི་བར་སྡེ་བ་གཞུང་གི་ས་ཁོངས་བརྐྱངས་སྐུམ་སྣ་ཚོགས་བྱུང་ཞིང་། རྒྱལ་དབང་ལྔ་བ་དང་གུ་ཤྲི་ཧན་མཉམ་བསྡེབས་ཀྱིས་བོད་ལ་མཛད་པ་ནས། ༡༧༥༡ ལོར་རྒྱལ་དབང་བདུན་པའི་སྲིད་དབང་བཞེས་པའི་བར་ལོ་ངོ ༡༠༩ ཕྱིན་ཡོད་ལ། འདི་ནི་དུམ་ཚན་གཅིག་ལ་དབྱེ་དགོས་ཤིང་། སྐབས་དེར་བོད་ཆོལ་ཁ་གསུམ་པོ་དགའ་ལྡན་ཕོ་བྲང་གི་ལག་པར་ཡོད་པ་བསྙོན་མེད་ཡིན། དེ་ནས་ ༡༩༢༣ ལོར་མཚོ་སྔོན་དུས་ལོག་གམ(ཆུ་ཡས་དུས་འཁྲུགས) བྱུང་བ་ནས་བཟུང་། མདོ་ཁམས་ཕྱོགས་ལ་མན་ཇུས་བཙན་འཛུལ་རིམ་པར་སླེབས་པ་དང་། ༡༧༥༡ ལོར་མཚོ་སྔོན་དང་། ལྷ་སར་སྔ་རྗེས་བྱས་ནས་ཨམ་བན་བཙུགས་པ་མ་ཟད། ལྷ་སར་བཀའ་ཤག་ལས་ཁུངས་བཙུགས་པ་སོགས་དབང་ཤུགས་གང་ཙམ་སླེབས་པ་མངོན་གསལ་ཡིན། (ཨབ་བན་ནི་མངའ་སྡེ་བློན་ཆེན་ཙོང་ཏུའུ་གོ་གནས་མ་ཡིན་པར། ཕྱི་རྒྱལ་དོན་གཅོད་ཀྱི་རྣམ་པའི་དཔོན་ཐོབ་ཅིག་ཡིན་སྐོར་དཔྱད་པར་མཚལ) དུས་སྐབས་དེ་ནི་སྡེ་བ་གཞུང་མར་འགྲིབ་པ་དང་མན་ཆིན་གྱི་སྟོགས་ཤུགས་ཡང་རྩེར་སོན་པའིོ་སྐབས་རེད།
དེ་རྗེས་ ༡༩༡༣ ལོར་རྒྱལ་དབང་བཅུ་གསུམ་པས་བོད་རང་བཙན་བསྒྲགས་གཏམ་སྤེལ་བ་དང་འབྲེལ། དབུས་གཙང་ཁུལ་གྱི་རྒྱ་དང་རྒྱ་དམག་ཚང་མ་མཐར་སྐྲོད་བཏང་ཞིང་། དེ་ནས་ ༡༩༥༡ ལོར་བོད་དམག་ཕམ་ནས་(མདོ་སྤྱི་ང་ཕོད་པ་བཙན་ཁྲིད་ཐོག) གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པའི་བར་ལོ་ངོ་སུམ་ཅུ་ལྷག་ཕྱིན་ཡོད་ལ། དུས་སྐབས་དེའི་རིང་ལ་དགའ་ལྡན་ཕོ་བྲང་བ་ཚང་གི་ཆབ་སྲིད་བཀའ་ལུང་བོད་ཆོལ་ཁ་གསུམ་ལ་སླེབས་ཡོད་མེད་གང་ལྟར། དབུས་གཙང་ཁུལ་དུ་གཞན་གྱི་ཐེ་བྱུས་མེད་པའི་བོད་གཞུང་ཁམས་གཙང་ཞིག་ཡོད་ལ། ཕྱིས་སུ ༡༩༥༡ ལོར་རྒྱ་བོད་གཉིས་ཀྱིས་གྲོས་མཐུན་དོན་ཚན་བཅུ་བདུན་(བཙན་དབང་འོག) བཞགས་པ་ནས། བོད་རྒྱ་མཉམ་འདུས་ཀྱི་(བོད་རང་སྐྱོང་ལྗོངས་གྲ་སྒྲིག་ལྷན་ཁང་)ལོ་བརྒྱད་ཀྱི་རྗེས་ནས་རྩ་འཐོར་དུ་ཕྱིན་ཏེ། ༡༩༥༩ ལོར་བོད་གཞུང་བཙན་བྱོལ་དུ་གྱར་བ་སོགས་དུམ་ཚན་གཅིག་རེད།
མཚན་ཉིད་པ་ཆེན་མོ Jeal Jacques Rousseau ལགས་ཀྱིས་“ ཐེངས་འདིའི་ཞིབ་འཇུག་བརྒྱུད། ངས་གཅིག་བྱས་ན་གང་ཞིག་རུང་བས་དབང་ཚད་དང་གང་ལ་རེ་བའི་ཁེ་བཟང་གཉིས་སྙོམ་སྒྲིག་བྱ་རྒྱུའི་མཚོན། དེ་བས་ཀྱང་བཟང་སྤྱོད་དང་ཕན་ནུས་བར་ལ་གཅིག་མཐུན་གྱི་གཞི་རྟེན་ཞིག་སྐྲུན་ཐུབ་ངེས་རེད ”ཅེས་གསུང་བ་བཞིན། བདག་དབང་དང་ས་ཁོངས་ཀྱི་སྐད་ཆ་བཤད་སྐབས་གང་ཞིག་ཐོབ་པར་འོས་པའི་དབང་ཚད་དང་བཀའ་ལུང་གང་ལ་བསྒྱུར་རྒྱུའི་སྙོབས་ཚད་བར་གཞི་མཐུན་ཞིག་བཙལ་དགོས་ལ། ང་ཚོའི་ཐོབ་ཐང་དང་དབང་ཚད་བཤད་ན་བོད་ཡུལ་བོད་ལ་བདག་མིན་དང་། བདག་རྒྱུའི་རེ་འདུན་ཡོད་མེད་ཐད་དོགས་གཞི་མེད་མོད། སྐབས་སོ་སོའི་མངའ་མཛད་པ་དག་གི་བཀའ་ལུང་གང་ནས་གང་བར་དུ་ཁྱབ་ཐུབ་མིན་ནི་སྟོབས་ཤུགས་ཀྱི་གནད་དོན་ཞིག་ལས་ཐོབ་ཐང་གི་སྐད་ཆ་མིན།
གོང་གསལ་དགའ་ལྡན་ཕོ་བྲང་གི་དུས་སྐབས་སོ་སོའི་དབང་ཤུགས་སྙོབས་ཚད་ལས་ཀྱང་གནས་ལུགས་དེ་གསལ་བོ་མཐོང་ཐུབ། འདིར་ཐོབ་ཐང་དང་རེ་འདུན་གཞིར་བཞགས་ནས་བཤད་ན། རྒྱལ་དབང་མཆོག་གིས་རང་བཙན་བསྒྲགས་གཏམ་ནང་“བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བཞིན་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་སྒྱུ་འཕྲུལ་ཆོས་རྒྱལ་མེས་དཔོན་རྣམ་གསུམ་ནས་བཟུང་ད་ལྟའི་བར་ཟམ་མ་ཆད་པ་བྱོན་ནས་ལྗོངས་འདི་ཕྱག་མཚན་དུ་བདག་གིར་བཞེས་ཏེ་འགྲོ་རྣམས་གང་ལ་གང་འདུལ་གྱི་ཐབས་དང་། ཐུགས་རྗེ་ཆེན་པོས་རྟག་ཏུ་སྐྱོང་ཞིང་”ཞེས་པ་འདིར་གཟིགས་དང་། བོད་སྐད་ལ་འགྲོས་ཅུང་ཟད་ཡོད་མཁན་ཞིག་གིས་བསྒྲགས་གཏམ་འདིའི་ནང་བོད་ཀྱི་ས་ཁོངས་ཚུད་ཡོད་མེད་ཐད་གླིང་གཞི་ཡོང་སྟངས་མེད་ལ། གོང་གི་སྐད་ཆ་དུམ་ཚན་དེ་ད་ལྟའི་བཤད་སྟངས་བྱས་ན། རྒྱལ་དབང་བཅུ་གསུམ་པས། ང་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཀྱིས་སྒྱུ་འཕྲུལ་ཟམ་མ་ཆད་པར་བྱུང་བའི་སྐྱེས་པའི་ཕྲེང་ཡིན་པ་དང་། ང་ཚོར་བསིལ་ལྡན་ས་ལའི་སྨན་ལྗོངས་འདི་བདག་སྐྱོང་གནང་རྒྱུར་འཕགས་པའི་ལུང་གིས་ཟིན་ཡོད་ཅེས་ཁ་གསེང་འདུག ཆོས་རྒྱལ་མེས་དབོན་རྣམ་གསུམ་ཀྱི་སྒྱུ་འཕྲུལ་ཟེར་བ་ལྷ་སྒྲུང་ཡིན་དུ་ཆུགས་ཀྱང་། ཆོས་རྒྱལ་སྐབས་དབང་ལུང་ཁྱབ་བསྒྱུར་བྱས་པའི་བོད་ཀྱི་ས་ཁོངས་གང་ནས་གང་བར་ཡིན་པ་འགྲེལ་བཤད་བརྒྱག་དགོས་མེད་ལ། དེ་དངོས་ཡོད་གནས་སྟངས་རང་ཡིན། ད་དུང་བོད་ཀྱི་ས་ཁོངས་ཁ་གསལ་མི་འདུག་ཟེར་ན་གོ་བ་མེད་པའི་གླང་རྒན་ལ་རྒྱལ་བོའི་བཀའ་ལས་དབྱུག་པ་བཙན་ཞེས་པ་ལས་མེད། ཡང་བོད་སིལ་བུའི་རྗེས་ཀྱི་ས་ཕག་རིན་གཙང་དང་། ཁྱད་པར་དུ་རྒྱལ་དབང་ལྔ་བར་མཚོན་ན། རང་ཉིད་བོད་ཀྱི་མངའ་བདག་རང་ཉིད་ཡིན་པ་སྒྲུབ་ཐབས་སུ་ཁོང་ཆོས་རྒྱལ་གོང་མ་ཚོའི་སྒྱུ་འཕྲུལ་ལ་སྦྱར་གང་ཐུབ་བྱེད་པ་ཡིག་ཆ་ཁག་ན་གསལ་ཞིང་། དཔེར་ན། རྒྱལ་རྒྱུད་ཁྲིམས་མཐུན་གྱི་དབང་ཚད་གདུང་རྒྱུད་ཡིན་པ་ལྟར། སྲིད་དགེ་སློང་གིས་བཟུང་ན་གདོང་སྲས་ལ་རྩིས་འབུལ་བྱེད་ས་མེད་སྟབས། ཤུལ་འཛིན་གྱི་ཁྲིམས་མཐུན་རང་བཞིན་དེ་སྐུ་ཐོག་གོང་མས་སྒྱུ་འཕྲུལ་ལམ་ཡང་སྲིད་ཡིན་དགོས་ན། ཆོས་རྒྱལ་མེས་དབོན་རྣམ་གསུམ་སྤྱན་རས་གཟིགས་ཀྱི་སྒྱུ་འཕྲུལ་ཡིན་པ་དང་། ཁོང་ཚོ་ཆོས་རྒྱལ་རྣམ་པའི་སྒྱུ་འཕྲུལ་ལ་ཡར་སྦྱར་ཐུབ་སོང་ན། ད་གཟོད་བསིལ་ལྡན་ཁ་བས་ལྗོངས་ཀྱི་སྣོད་བཅུད་གཉིས་ཀ་སོ་སོར་བདག་མིན་ལ་ལུང་རིག་གི་དགག་བྱ་ཡོང་དོགས་མེད་ལ། དེ་ནི་སྤྲུལ་སྐུའི་ཆོས་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་ཞིག་ཀྱང་རེད།
གཉིས་པ། ས་རྩོད་ཀྱི་གོ་རིམ་ནས་བཤད་ན། རྒྱལ་དབང་མཆོག་གིས་རང་བཙན་བསྒྲགས་གཏམ་སྤེལ་སྐབས་“དབུས་གཙང་ཁུལ་ནས་རྒྱ་དམག་མཐར་སྐྲོད་བཏང་ཟིན་པ་དང་། ཁམས་ཕྱོགས་ན་ཡོད་པའི་འཕྲོས་ལྷག་རྣམས་ཀྱང་རིམ་བཞིན་མཐར་སྐྲོད་གཏོང་རྒྱུ”ཞེས་གསལ་བ་འདིས་ཀྱང་གོ་བ་ཅན་ལ་ཚིག་གཅིག་ཡིན་མོད། ད་དུང་ངོ་མི་འཕྲོད་ན་རྒྱལ་དབང་མཆོག་གི་རང་བཙན་བསྒྲགས་གཏམ་སྤེལ་རྗེས་ཀྱི་ཟླ་བ་དྲུག་གི་རྗེས་ནས། བཤད་སྒྲ་དབང་ཕྱུག་རྡོ་རྗེ་སིམ་ལའི་ལྷན་ཚོགས་ཐོག་བཀའ་མངག་བྱས་པ་ལྟར། ཁོང་གི་འོས་འགན་སྟེ། དང་པོ་རང་བཙན་བསྒྲགས་གཏམ་ཀྱི་དགོངས་དོན་ལྟར་བོད་རང་བཙན་དག་འབུད་དགོས་པ་དང་། དེ་ནས་རྒྱ་ལག་ནས་ཚུར་ལེན་དགོས་པའི་བོད་ཀྱི་ས་ཁོངས་ནི། ཨ་ཆེན་གངས་རིའི་ལྷོ་རྒྱུད་ཀྱིས་བཅད་ནས། མཚོ་སྔོན་ཧྲིལ་བོ་དང་། ཀན་སུའུ་ནུབ་རྒྱུད། ཁམས་དར་རྩེ་མདོ་ནས་ཚུར་བཅད་དེ། འབའ་ལི་རྒྱལ་གསུམ་བཅས་ས་ཁྲར་བྲིས་པ་ཙམ་མ་ཡིན་པར། ས་མིང་ཆུ་མིང་གསལ་བོ་བྲིས་ནས་དབྱིན་རྒྱ་གཉིས་ཀྱི་སྐུ་ཚབ་གསོལ་ཅོག་ཐོག་བཞགས་པའི་ཡིག་རིགས་སྣ་ཚོགས་ཀྱི་ངོ་བཤུས་ད་ལྟ་ཁྲ་ལམ་མེར་ཡོད་ན། སྐབས་དེར་རྒྱལ་དབང་མཆོག་གིས་གཙོས་བོད་སྡེ་བ་གཞུང་གི་འགོ་ཁྲིད་ཚོར་རང་ས་རང་ཡུལ་ངོས་མི་ཟིན་པའི་ཚད་མིན་པ་གསལ་བོ་རེད། རྩོད་ལེན་དེ་ལྟར་བྱས་ཀྱང་ནུས་ཤུགས་ཀྱིས་སྙོབས་མིན་གནས་ཚུལ་གཞན་རེད་ལ། ནུས་བ་མེད་ན་དེང་སྐབས་ཆ་ཚང་ཤོར་ཚར་བ་ནང་བཞིན་རེད། ཕྱིས་སུ་མདོ་ཁམས་ཕྱོགས་སུ་དམག་དྲངས་ནས་རང་ས་ཚུར་ལེན་ཐབས་ཀྱི་དམག་འཐབ་ག་ཚོད་བརྒྱབས་འདུག་པ་གོ་ཡོད་ཚོད་ཡིན། དེ་རིང་གི་ཧོན་ལོག་ཚོས་བཤད་སྟངས་བྱས་ན། སྐབས་དེར་བོད་གཞུང་གིས་ཆོལ་ཁ་གསུམ་པོ་མཉམ་པོར་ལེན་མ་ཐུབ་ན། དབུས་གཙང་ཁུལ་གཙོ་བོར་གྱུར་བའི་ས་ཁུལ་གང་ཙམ་ཞིག་ལེན་ཐུབ་ཀྱང་མི་དགོས་ཟེར་དགོས་པ་འདྲ་བོ་འདུག་ལ། རྩོད་ལེན་གྱི་གོ་རིམ་ཁྲོད་ན་དེ་ལྟ་བུའི་གླེན་བཤད་ནི་ཡོད་མི་སྲིད། དཔེར་ན། ཨ་རིའི་རང་བཙན་བསྒྲགས་གཏམ་སྤེལ་སྐབས་མངའ་སྡེ་བཅུ་གསུམ་ཀྱིས་མ་གཏོགས་མོས་མཐུན་མཚན་རྟགས་བཀོད་ཐུབ་མེད་ཁར། སྐབས་དེར་ཨ་རིའི་ས་ཐོག་ནས་དབྱིན་དམག་ཆ་ཚང་མཐར་སྐྲོད་གཏོང་ཐུབ་མེད་ཁར། ཨ་རིའི་མངའ་སྡེ་ཆ་ཚང་གཅིག་གྱུར་གྱི་རྒྱལ་ཁབ་བཙུགས་པ་དེ་ནི་རང་བཙན་བསྒྲགས་གཏམ་སྤེལ་བའི་རྗེས་ལོ་དུ་མའི་གཞུག་གི་སྐད་ཆ་རེད།
གཞན་དེང་སྐབས་བོད་རང་བཙན་རྩོད་མཁན་ཚོས་དགའ་ལྡན་ཕོ་བྲང་གི་གནས་བབ་གཞིར་བཟུང་ནས་རྩོད་དགོས་པའི་དབང་དུ་བཏང་ན། ང་ཚོས་གོང་ནས་འཁོད་པ་ལྟར་རྒྱལ་དབང་ལྔ་བ་ནས་བདུན་པའི་བར་གྱི་གནས་སྟངས་ནས་ཁ་འཆི་བཙུགས་ཆོག་ལ། ཡིན་གཅིག་མིན་གཅིག་དོན་ཚད་བཅུ་བདུན་འཇོག་སྐབས་ཀྱི་སྡེ་བ་བཞུང་གི་ཁྱབ་ཁོངས་(དོན་ཚན་བཅུ་བདུན་ནང་དུའང་ས་མཚམས་ཆུ་མཚམས་མེད) ལས་བརྒལ་མི་ཆོག་པའི་རྒྱུ་མཚན་ཁྲིམས་སྒྲིག་གང་ན་གསལ་འདུག དེར་བླུན་པོ་ལུག་གིས་ཀྱང་གོ་ཐུབ་པའི་འགྲེལ་བརྗོད་ཅིག་བྱས་ན། ཇག་པ་ཞིག་གིས་ཁྱེད་ཀྱི་ལག་ནས་ཐོག་མར་སྒོར་མོ་བརྒྱ་འཕྲོག་པ་དང་། ལོ་ཤས་རྗེས་ནས་ལྔ་བཅུ་འཕྲོག མཐའ་མར་བཅུ་འཕྲོག་པ་ཡིན་ན། ཕྱིར་ལེན་རྒྱུའི་གོ་སྐབས་བྱུང་ཉིན་གང་འཕྲོག་པ་ཚང་མ་ཚུར་ལེན་རྒྱུ་ལས། ཐེངས་རྗེས་མར་འཕྲོག་པའི་སྐོར་རྡོག་བཅུ་བོ་ཚུར་ལེན་ཆོག་པ་ལས། དེ་སྔོན་འཕྲོག་ཐེངས་གཉིས་བྱས་པ་ཚང་མ་ཇག་པར་བདག་འགྲོ་བའི་གནས་ལུགས་ཤིག་འཇིག་རྟེན་འདིར་ཡོད་ཚོད་མེད་ལ། རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་རང་བཙན་ནི་འབྲུ་ཆུའི་ཕར་རྒྱབ་ཚུར་རྒྱབ་ཡིན་པར་ཆ་ཞོགས། ང་ཚོར་རང་བཙན་ཚུར་ལེན་སྐབས་དེ་ལས་གཞན་བཤད་མི་ཆོག་པའི་བཅད་མཚམས་འདི་སུས་བཟོས་འདུག
ད་དུང་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་སྐད་ཆ་འདི་ཡིན་ན། བུ་ཕྲུག་གི་ཕ་མས་ངོ་ཟློག་མ་ཐུབ་པར་སོ་སོར་འདོད་པ་མེད་པའི་བཟའ་ཟླ་ཞིག་ལ་གཉེན་སྒྲིག་བྱས་པ་འདྲ་ཞིག་མ་ཡིན་པར། བོད་པ་ཚོ་དེ་རིང་ས་སྒང་འདིའི་ཐོག་ནས་འཚོ་དགོས་ཕྱིན། ཆབ་དཔལ་རིག་གསུམ་གང་ཐད་ནས་ཆོལ་ཁ་གསུམ་པོ་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་དགོས་པ་ལས་འགྲོ་ས་གཞན་མེད་པ་ཕྱི་རྐྱེན་གྱིས་ཐག་བཅད་པ་ཞིག་ལས། དེ་ཡང་ཅིག་གི་ཁ་ངོ་ལྡོག་མ་ཐུབ་པར་གཅིག་བསྒྲིལ་ཡིན་ལབ་པ་རེད་དམ། ཆོལ་གསུམ་གཅིག་བསྒྲིལ་ལ་རྒྱུ་མཚན་དེ་ཙམ་ལས་གཞན་མེད་ཚེ། གཅིག་བསྒྲིལ་ཅིག་ཡོང་ལུགས་ཡོང་སྟངས་མེད་པ་གསལ་བོ་རེད། སྐད་ཆ་དེ་ཡིན་ན་རྒྱ་ནག་གིས་བཤད་པའི་“ཏཱ་ལའི་བླ་མས་བོད་ཆེན་པོ”རང་རེད་ལ། ཏཱ་ལའི་མེད་ན་བོད་ཆེན་པོའང་མེད་འགྲོ་བ་ཆོས་ཉིད་རེད། དེ་བས་བོད་ཆོལ་ཁ་གསུམ་གཅིག་བསྒྲིལ་གྱི་གལ་ཆེན་རང་བཞིན་མཐོ་རྒྱལ་བོ་ནས་དམན་སྦྲང་བོ་ཡན་ཆོད་ཀྱིས་ཤེས་ཡོད་ལ། རང་བཙན་རྩོད་མཁན་ཚོའང་ལྐུགས་པ་མིན་སྟབས། ང་ཚོས་གནས་ལུགས་འདི་ཤེས་པ་ཙམ་མ་ཟད། བོད་ཆོལ་ཁ་གསུམ་པོ་རྡོག་རྩ་ཆིག་སྒྲིལ་དགོས་པ་དེ་སུ་ཞིག་གི་ཁ་ངོ་འཛིན་ཆེད་མ་ཡིན་པར། རང་དོན་རང་གཅས་ཡིན་པ་དངོས་ར་འཕྲོད་ཡོད།
༡༩༥༡ ལོའི་ཟླ་༥ པེ་ཅིན་ནས་གྲོས་མཐུན་དོན་ཚན་བཅུ་བཞགས་མ་ཐག “ང་ཕོད་ཀྱིས་ཀྲུའུ་ཨིན་ལའེ་ལ་བོད་རིགས་ཡོད་དོ་ཅོག་ས་གནས་གཞུང་གི་ཁོངས་སུ་ཟླ་བསྒྲིལ་ཡོང་ཐབས་ཀྱི་ཚིག་ཐོ་ཕུལ་བར། ཀྲུའུ་ནས་ད་ལྟའི་སྐབས་སུ་བོད་ལྗོངས་བཅིངས་གྲོལ་གཏོང་རྒྱུ་དང་། ས་ཁུལ་གཞན་རྣམས་བཅིངས་འགྲོལ་སྔོན་ནས་བཏང་ཟིན་པར་བརྟེན་གསར་བརྗེའི་གོ་རྟོགས་ཡར་ཐོན་ཆེ་བ་ཡོད་པ་མ་ཟད། དེ་སྔོན་བོད་རིགས་ས་ཁུལ་ཕན་ཚུལ་མ་མཐུན་པའི་རྩོད་འཕྲོ་ལུས་ཡོད་སྟབས། ལམ་སེང་ས་ཁུལ་གཅིག་འོག་ལ་ཟླ་བསྒྲིལ་བྱ་རྒྱུའི་དུས་སུ་སླེབས་མེད། ལོ་ཤས་སོང་རྗེས་བོད་རིགས་ས་ཁུལ་རྣམས་ཕན་ཚུལ་གྲོས་མོལ་ཐོག་ནས་གཅིག་གྱུར་བྱ་རྒྱུ་ལག་ལེན་བསྟར་ཆོག་གི་རེད་ཅེས་ངག་ལན་སྤྲད་པ”དང་(7)དཔེ་མཚོན་འདིའི་གྲས་ཤིན་ཏུ་མང་ལ། མང་ཚོགས་རང་བཞིན་གྱི་བོད་གཅིག་གྱུར་དགོས་པའི་རེ་འདུན་རྒྱ་ནག་གཞུང་ལ་བཏོན་པའང་སྣ་ཚོགས་ཡོད། ད་དུང་མདོ་ཁམས་ཕྱོགས་ནས་དགྲ་རྒོལ་རང་སྲུང་གི་མདག་འཐབ་ག་ཚོད་ཅིག་བརྒྱབས་པའི་གྲངས་ཀ་འདི་ནས་དྲངས་ཚོད་མེད་ལ། དབུས་ཀྱི་དགོན་སྡེ་ཁག་གི་གསེར་ཏོག་དང་རྒྱ་ཕབས་སྣུམ་གྱི་ལེར་ཡོད་པ་དེ་ཚོའི་ནང་དུ་མདོ་ཁམས་མི་མང་གི་དངུལ་ཆུས་བསག་པས་དད་རྟེན་ག་ཚོད་ཡོད་ན། ད་དུང་རྗེ་བློ་བཟང་གྲགས་པ་དང་། མཁན་དབང་དགེ་འདུན་ཆོས་འཕེལ་སོགས་མདོ་ཁམས་སྨད་ནས་སྐྱེས་ཤིང་། སྙན་པ་དབུས་ནས་རྒྱས་པའི་མི་སྣ་ག་ཚོད་བྱུང་འདུག འདི་ལྟར་ལྟས་ན་ཆོལ་ཁ་གསུམ་པོའི་ཁ་ཐག་རིང་རྒྱུ་མེད་ལ་སེམས་ཐག་དེ་བས་ཉེ། གནས་སྟངས་དེའི་དབང་གིས། ༡༩༥༦ལོའི་ ཟླ་༤ ནང་བོད་རང་སྐྱོང་བཙུགས་པའི་ཐོག་རྒྱ་ནག་གཞུང་གི་སྐུ་ཚབ་དམག་དཔོན་ཁྲིན་ཡི་ནས་བྱེད་སྒོ་གཙོ་སྐྱོང་བྱས་ཤིང་། ཁོས་སྐབས་དེར་ཏང་ནང་གི་ལས་བྱེད་པའི་བཞུགས་མོལ་འཚོགས་འདིའི་ཐོག “ང་ཚོས་ཀྲུང་དབྱང་ལ། ལྷ་ས་དེ་རྒྱལ་ས་དང་། རང་སྐྱོང་ལྗོངས་དེ་གཙོ་བོར་བྱས་ཐོག ཞིང་ཆེན་ཁག་ནང་དུམ་བགོས་བྱས་ཡོད་པའི་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་བསྒྲིལ་གྱིས་རང་སྐྱོང་ལྗོངས་ཆེན་པོ་ཞིག་འཛུགས་རྒྱུའི་བསམ་འཆར་འདོན་དགོས་འདུག དེ་ལྟར་བྱས་ན་བོད་མིའི་རྒྱ་ཁྱབ་ཀྱི་རེ་བ་ལ་ལྟ་རྟོག་བྱ་རྒྱུ་དང་། རྒྱ་བོད་བར་གྱི་མཛའ་མཐུན་དམ་ཟབ་གཏོང་རྒྱུ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་རེད་”ཅེས་(8)བརྗོད་པ་སོགས། ཆོལ་གསུམ་གཅིག་བསྒྲིལ་གྱི་དགེ་མཚན་རྒྱ་དཔོན་ཚོས་ཀྱང་ཁས་མ་བླངས་མཐུ་མེད་ཆགས་ཡོད་སྟབས། འདི་ཡང་སུ་ཞིག་གི་ཁ་ངོར་ལྟས་པ་མ་ཡིན་པར། མདོར་ན་དངོས་ཡོད་གནས་སྟངས་ཀྱི་ཁ་གྲགས་བཅུག་པ་རེད།
ཡང་རང་བཙན་ལེན་སྟངས་ཆ་ནས་བཤད་ན། ངས་ནི་ཆོལ་ཁ་གསུམ་པོ་ཁ་ཚང་དོ་འགྲིག་ལ་རང་བཙན་ཐོབ་ན་ལེན་རྒྱུ་ལས། དེ་མ་བྱུང་ན་མི་དགོས་ལབ་མཁན་གྱི་འཐབ་རྩོད་པ་ཞིག་ཡོད་རྒྱུ་མ་རེད་བསམ་གི རང་ཉིད་ལ་ཆ་བཞགས་ན་ས་སྤར་མཐིལ་ཙམ་ཞིག་མེད་པའི་ཁ་ཐུག་འདིར་ཆོལ་ཁ་གསུམ་ལྟ་ཞོག ཐ་ན་ངའི་ཕ་ཡུལ་རྩི་གོར་ཐང་གཅིག་པུ་ལེན་ཐུབ་ནའང་ལེན་རྐྱང་ཡིན་ལ། ཁྱོད་ཚོས་ཤེས་དགོས་པ་ཞིག་ལ་ང་ཚོར་གང་ཞིག་ཐོབ་པ་དེ་ལེན་རྐྱང་ཡིན་མོད། གང་ཞིག་རང་ཉིད་ལ་ཐོབ་འོས་པའི་རེ་བ་དང་རྩོད་ལན་གཏན་ནས་འདོར་མི་སྲིད། རྒྱལ་དབང་བཅུ་གསུམ་པའི་བོད་རང་བཙན་བླངས་ནས་ཡོང་བའི་གོ་རིམ་འདི་ལྟར་རེད་ལ། ཕར་ཤོར་ནས་འགྲོ་སྟངས་ཀྱང་དེ་ག་རང་རེད།
སྤྱིར་ན་“ བོད་ཀྱི་ཆབ་སྲིད་ཀྱི་བྱུང་རབས་དེ་གཙང་མ་དང་གསལ་བོ་ཞིག་རྩ་བ་ནས་ཡོད་པ་མ་རེད”ཟེར་མཁན་(ཟམ་གདོང་གཏམ་བཤད། .khabdha.orgp=37655 )ཚོས། རྒྱལ་དབང་བཅུ་གསུམ་པའི་བོད་རང་བཙན་གསལ་བསྒྲགས་བྱས་པ་དང་། ཁྱད་པར་དུ་བོད་སོག་ཆིངས་ཡིག་ནང་བོད་དང་སོག་པོ་གཉིས་མན་ཇུའི་འོག་ནས་ཐོན་པ་ཡིན་འཁོད་པའི་ཡིག་ཆ་དེས་བདེན་དབང་ཐུབ་པ་ནི། དེ་སྔོན་བོད་རང་བཙན་མིན་པ་གསལ་བཤད་བྱས་ཡོད་སྟབས། ད་ཡིག་ཆ་སྦས་དགོས་པ་རེད་དམ། དེ་འཕྱར་ན་ཉེན་ཁ་རེད་མདོག་མདོག་ཐུགས་ཁྲལ་ཡོད་པ་ཚོད་གོ་ཐོས་བྱུང་། འདིའི་ཐད་རྒྱལ་སྤྱིའི་ཁྲིམས་དོན་རིག་པའི་མཁས་དབང་། སྐུ་ཞབས་Michael C.Van ལགས་ཀྱིས། “ ལོ་ངོ་གསུམ་ལྷག་རིང་ཟིང་འཁྲུག་བྱུང་བའི་མཇུག་འབྲས་སུ་མན་ཆིན་གོང་མའི་དམག་མི་དང་དཔོན་རིགས་རྣམས་བོད་ནས་མཐར་བསྐྲོད་བཏང་བ་རེད། གནད་དོན་འདིའི་གསལ་བཤད་ཐུབ་པ་ནི་བོད་དང་མན་ཆིན་བར་གྱི་འབྲེལ་ལམ་རྩ་ཆད་དུ་ཕྱིན་པ་དེ་རེད་ལ། མ་ཟད་(བོད་)འཁྱུག་ཙམ་རིང་ཕྱིའི་བཙན་འཛུལ་འོག་ལྷགས་རུང་། དེ་ཡིས་བོད་ཀྱི་རྒྱལ་ཁབ་མུ་མཐུད་གནས་རྒྱུར་དགག་སྒྲུབ་མི་ཐུབ་པའི་ཁར། ད་དུང་མན་ཇུ་གོང་མ་དང་ཏཱ་ལའི་བླ་མའི་བར་ན་ངོ་གདོང་ཙམ་ཀྱི་འབྲེལ་ལམ་ལྷག་མ་ཞིག་ཡོད་པ་དེའང་རྩ་ཆད་དུ་གྱུར་བ་གསལ་འདོན་བྱས་པ་རེད”ཅེས་ (9) གསལ་བ་ལས་ཀྱང་ཐུགས་དོག་ཅུང་ཞིག་སེལ་རྒྱུར་ཕན་སྲིད།
དྲུག ལོ་བརྒྱའི་དུས་ཆེན་གྱི་གལ་གནད་རང་བཞིན།
ད་ལྟའི་བོད་ཀྱི་གནས་སྟངས་འོག་ནས་བཤད་ནའང་། ཁ་ཉིན་དཔའ་བོ་སྣང་གྲོལ་(10)གྱི་ཞལ་ཆེམས་ནང་ “བོད་མི་རིགས་ཁྲིམས་ངན་འདིའི་འོག་ནས་འདུག་ཐབས་མེད། རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག”ཅེས་བཀོད་ཡོད་ལ། བཙན་རྒོལ་རྒྱལ་སྐྱོབ་ཆེད་ལོ་འདི་དག་ནང་རང་བསྲེགས་གནང་མཁན་གྱི་དཔའ་བོ་དཔའ་མོའི་ཞལ་གྲགས་བརྒྱའི་ཁ་ཁངས་འདུག་ན། ད་ནི་རྒྱ་ངན་ཚང་གི་འོག་ནས་ཐར་ཐབས་བྱ་རྒྱུ་ལས་དངོས་གནས་ལམ་ཁ་གཞན་མེད་ཙང་། དུས་སྐབས་འདི་འདྲར་རང་བཙན་བསྒྲགས་གཏམ་ལ་དྲན་གསོ་བྱ་རྒྱུ་ནི། འཐབ་རྩོད་ཀྱི་ངོས་ནས་བཤད་ན་བྱས་པ་ཅན་ལ་རྗེས་དྲན་ཙམ་ཞིག་གིས་ག་ལ་ཚད། འོན་ཀྱང་ངས་རང་བཙན་བསྒྲགས་གཏམ་འདི་འཕྱར་ནས་བོད་རང་བཙན་སྒྲུབ་རྒྱུའི་སྐད་ཆ་མིན་ལ། བསྒྲགས་གཏམ་འདིས་བོད་རང་བཙན་ལེན་རྒྱུར་སྐུལ་འདེད་ཐུབ་སོང་ན་རབས་རེད། གཙོ་བོ་བསྒྲགས་གཏམ་འདིའི་རང་སྟེང་གི་ཁྱད་ཆོས་ངོ་སྤྲོད་ཐུབ་ན་བསམ་ནས་གོང་དུ་དཔྱད་བསྡུར་བྱེད་ཁུལ་ཡིན། མ་གཏོགས་ཤེས་རིག་དར་ཁྱབ་ཆེ་བའི་དུས་རབས་འདིར། བོད་དེ་སྔོན་ཆད་རྒྱལ་ཁབ་ཅིག་གི་ངོ་བོར་གནས་མྱོང་བ་གཞན་གྱིས་ཤེས་རྒྱུ་མ་རེད་བསམ་པའི་སེམས་ཁྲལ་ཁོ་བོར་གཏན་ནས་མེད་ལ། ད་དུང་ང་ཚོར་རང་བཙན་མེད་པའི་དཀའ་ངལ་དེ་བདག་གཞན་གཉིས་ཀྱིས་མ་གོ་མ་ཐོས་པ་ག་ལ་ཡིན།
མཚམས་འདིར་ང་ཚོས་རྒྱལ་ཁབ་སླར་གསོ་བྱ་རྒྱའི་ཁ་ཕོ་བསྒྲགས་པ་དང་ཆབས་ཅིག དུས་དྲན་འདི་ངོམས་སྟོན་རང་བཞིན་གྱིས་སྲུང་བརྩི་བྱེད་བཞིན་ཡོད་ལ། དེས་ཕན་མ་ཐོགས་རུང་གནོན་མི་སྐྱེལ་བ་གསལ་བོ་རེད། ཡང་རང་བཙན་པ་ཚོར་རྒྱ་མི་བོད་ནས་ཕུད་རྒྱུའི་གདེང་ཚོད་ཡོད་དམ་ཞེས་ནག་འདེད་བྱེད་མཁན་ཡོང་ཆོག་མོད། ང་ཚོས་འདི་ལྟར་རྩོད་གཞི་སློང་དོན་ནི་གདེངས་ཚོད་གང་ཞིག་གི་བདེན་དཔང་ཆེད་མིན་ལ། མ་མཐར་གཞུང་འབྲེལ་ཐོག་འབངས་མི་སེར་ལ་མགོ་འདོགས་ཀྱི་བཀའ་རྒྱ་གཏོང་མི་རུང་བ་དྲན་གསོ་ཙམ་ཡིན། ཅོལ་ཆུང་ངང་མགོ་འབུལ་དགོས་ཕྱིན་རང་མགོ་གར་ཐོན་ལས། གཞུང་དང་གཞུང་འབྲེལ་གྱི་བཀའ་རྒྱར་སྒུག་དགོས་དོན་མེད་ལ། སྤྱིར་ན་སྲིད་དོན་རིག་པའི་རྣམ་བཤད་ནང་གཞུང་ནི་སྒེར་ཚུགས་ཀྱི་ཆེད་དུ་བཙུགས་པ་ལས། མགོ་འདིག་གི་ཆེད་དུ་བཙུགས་པ་ཞིག་མིན་པ་གསལ་བོ་འཁོད་ཡོད།
མཐའ་དོན། བསྒྲགས་གཏམ་འདིའི་ཆབ་སྲིད་ཐད་ཀྱི་རྩ་བའི་རིན་ཐང་ཡང་། སྐབས་དེར་རྒྱལ་དབང་ཚང་གཙོས་མགོ་ནས་འདུག་མཁན་རེ་ཟུང་ཞིག་གིས་སོ་སོའི་འདོད་རྔམ་ཧམ་བཤད་བྱས་པ་ཙམ་མ་ཡིན་པར། དེ་དུས་བོད་གཞུང་རྒྱས་འཛོམས་ཚོགས་འདུ་ཆེན་མོ་ནས་གཏན་འབེབས་ཀྱི་གོ་རིམ་ནང་ཆ་ཤས་བླངས་པ་གཙོས། གཞུང་མང་གཉིས་ཀྱིས་བསྒྲགས་གཏམ་དེར་མོས་མཐུན་གྱི་རྣམ་པ་བསྟན་ཡོད་པ་དང་། གཉིས་ནས་བསྒྲགས་གཏམ་དེས་བོད་ཀྱི་ཉེ་རབས་ལོ་རྒྱུས་དེ་དཀྱོག་མཚམས་གསར་བ་ཞིག་ལ་ཁ་ཕྱོགས་སུ་བཅུག་ཅིང་། དེ་ནས་བཟུང་དབུས་ཤར་ཨེ་ཤ་ཡའི་ཆབ་སྲིད་ཀྱི་གར་སྟེགས་ཐོག་བོད་ཀྱི་གོ་བབ་འབུར་ཐོན་བྱུང་ཞིང་། སྡེ་བ་གཞུང་ལ་ཕྱིའི་ཐེ་ཇུས་མེད་པར་མི་ལོ་བཞི་བཅུ་ལྷག་ལ་སྲིད་དབང་འཛིན་རྒྱུའི་སྐལ་བ་ལྡན་པ་སོགས་ནི། བསྒྲགས་གཏམ་དེའི་ཆབ་སྲིད་ཀྱི་རིན་ཐང་ངོ་མ་དེ་རེད། ཡང་ང་ཚོས་དུས་དྲན་སྲུང་བརྩི་དང་མཉམ་པོར་དྲན་འོས་པ་ནི་དངོས་ཡོད་གནས་སྟངས་འདི་དག་ཡིན་ལ། ལོ་བརྒྱའི་ཡར་སྔོན་གྱི་བསྒྲགས་གཏམ་དེ་རྒྱལ་སྤྱིར་ངོམས་སོ་བྱེད་པ་དང་འབྲེལ། ང་ཚོར་“རྒྱལ་དབང་བཅུ་གསུམ་པ་ཚང་གང་མི་ཚད་རེད་ཅེས་ཡར་བཀྱགས་ནས། ཞོར་དུ་རྒྱལ་དབང་བཅུ་བཞི་བ་ཚང་གིས་ཀོ་ཐག་གློད་པ་རེད་མདོག་མདོག་གི་རྣམ་འགྱུར་སྟོན་འདུན་ཡོད་མདོག་”སྐོར་(ཟམ་གདོང་གཏམ་བཤད། ཁུངས་ .khabdha.orgp=37655 )གླེང་ལོག་འདེབས་མཁན་ཡོད་མོད། འོ་ན་འདི་ནས་ཡར་རྩིས་པའི་ལོ་བརྒྱའི་གོང་དུ། རྒྱལ་དབང་གཅུ་གསུམ་པས་བསྒྲགས་གཏམ་སྤེལ་དོན་ནི། མེས་པོ་གོང་མ་ཚོར་ངོ་མཚང་འབྲུ་རྒྱུའི་ཆེད་དུ་རེད་དམ། ངས་བལྟས་ན་དེ་ལྟར་མ་ཡིན་པར། ཁོང་གིས་བོད་རྒྱལ་ཁབ་རང་བཙན་དུ་གནས་རྒྱུའི་ཆོད་བསམ་ཕོ་ཕྱི་རབས་པ་རྣམས་ལ་མར་དྲིལ་བསྒྲགས་པ་ཞིག་ལོས་ཡིན་འདོད།།
ཕྱི་ལུགས ༢༠༡༣ ཟླ་༢ ཚེས༡༢ ཉིན་རྡ་རམ་ས་ལ་ནས་རྗོགས་པར་བྱས།
ཟུར་མཆན། [རྩོམ་འདི་གཏམ་བཤད་ཀྱི་རང་བཞིན་ཅན་ཡིན་པ་ལས་དཔྱད་རྩོམ་གྱི་ཁུངས་སུ་འཇོག་མི་རུང་། ནང་དོན་གནད་བསྡུས་ཤིག་(༢༠༡༣ ༢ ༡༣)ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་“རྒྱལ་དབང་བཅུ་གསུམ་པའི་རང་བཙན་བསྒྲགས་གཏམ་སྤེལ་ནས་ལོ་ ༡༠༠ འཁོར་བའི་”དཔྱད་གླིང་ཚོགས་ཐོག་ནས་སྒྲོག་སྦྱང་བྱས་པ་དང་། རྩོམ་གྱི་སྤྱི་ཁོག་དུས་བབ་གསར་ཁང་གི་ཡིག་ཐོག་བཅར་འདྲི་བྱས་པའི་རིག་ལམ་ལྟར་ས་བཅད་དབྱེ་ཡོད་ལ། རྩོམ་འདིར་འཁོད་པའི་ཕྱི་ཡིག་བོད་བསྒྱུར་ཁག་རྩོམ་པ་པོས་ཐད་ཀར་ཕབས་བསྒྱུར་བྱས་པར་སོང་མ་ཡིག་དང་བསྡུར་རྒྱུ་གལ། ཤེས་འཇོན་གྱི་དབང་གིས་འཐུས་ཚང་བྱུང་མེད་སྟབས། མུ་མཐུད་ཁ་གསབ་བྱ་རྩིས་ཡོད]
དཔྱད་གཞིའི་ཡིག་ཆ་ཁག་ཅིག
1 <<རླངས་ཀྱི་པོ་ཏི་བསེ་རུ་>> ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས། ༡༩༨༦ བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། P.50 (1)
2 <<ཏཱ་ལའི་བླ་མའི་རྣམ་ཐར>> ཡ་ཧན་ཀྲང་། ༡༩༨༦ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང། P.567(2) P. 597(3) P.615(5)
3 <<རྒྱ་ནག་མི་སེར་སྲིད་གཞུང་གི་བོད་སྐྱོང་བཀའ་ཡིག >> ༡༩༩༩ ཀྲུང་གོའི་བོད་རིག་པའི་བསྡུ་སྒྲིག་བྱས། P.15 (4)
4 <<སེར་མོ་བའི་རྒྱལ་ཁམས་འཇིག་པ>> གྷོལ་ཌི་སི་ཐེན། ༡༩༩༣ ཀྲུང་གོ་བོད་རིག་པའི་ཞིབ་འཇུག་པར་སྐྲུན་ཁང་། p.12 (6)
5 <<བོད་དུ་ལག་བསྟར་བྱས་པའི་རྒྱ་དམར་གྱི་སྲིད་བྱུས་དང་བྱ་ཐབས>> ༢༠༠༢ བོད་གཞུང་ཕྱི་དྲིལ་ལས་ཁུངས། P.31 (7)
6 <<བོད་མི་གསར་བརྗེ་བ་ཞིག>> མེལ་ཝིན་སི་གྷོལྜ་སི་ཊཻན་དང་། ༢༠༠༦ བོད་ཀྱི་དུས་བབ་གསར་ཁང་། (བོད་འགྱུར) P.610 (8)
7 <<བོད་ཀྱི་གནས་བབ>> Michael C.Van ༡༩༨༧ ཐའེ་ཝན་ཧྥ་ཧོ་ཚོང་ལས་ཁང་ནས་པར་སྐྲུན་བྱས། (རྒྱ་འགྱུར་) p. 231(9)
8 2012ལོའི་ཟླ12ཚེས་9 ཉིན་འཛམ་ཐང་ནས་རང་བསྲེགས་གནང་མཁན། རང་ལོ(18 ) ཞལ་ཆེམས་ཆ་ཚང་གཞན་ནས་གཟིགས་རྒྱུ།
9 ཨ་རིའི་རང་བཙན་བསྒྲགས་གཏམ། (དྲ་ཐོག)
10 ཧཱ་རན་སེའི་ཆ་འབངས་ཐོབ་ཐང་གི་བསྒྲགས་གཏམ། (དྲ་ཐོག)
11 བོད་རང་བཙན་བསྒྲགས་གཏམ།
སྐད་ཆ་དེ་སྙན་པོ་བྱུང་། རང་བཙན་སྒྲག་གཏམ་ཞེས་སུ་འབོད་སྐབས་འགའ་ཞིག་གིས་དེ་ནས་བཟུང་བོད་ལ་རང་བཙན་བྱུང་བ་ཡིན་པའི་འཁྲུལ་སྣང་སྐྱེ་མཁན་ཡོད་སྲིད་པས་སྒྲག་གཏམ་འདི་ནི་གོ་བ་དེ་ལྟར་མིན་པར། སྔར་ཡོད་བོད་ཀྱི་རང་བཙན་དེ་ཉིད་མུ་མཐུད་ནས་ལོངས་སུ་སྥྱོད་བཞིན་ཡོད་པའི་བསྒྲགས་གཏམ་དུ་གོ་དགོས་པ་ཡིན།
ཡག་པོ་གསུངས་འདུག་པས་ཞལ་དགའ་འདི་ཁྱེད་ལ་འབུལ་གྱི་ཡིན། ཕག་ཤ་ཞིམ་པོ་ཞིག་ཡོད།
http://www.shambalapost.com/blog/viewpost/9620
བོད་རང་བཙན་ཐོབ་སྐབས་སུ་བོད་ནང་དུ་བསྡད་ཡོད་པའི་རྒྱ་མི་རྣམས་ཕྱིར་འབུད་བྱ་ཐུབ་པའི་ཐབས་ཇུས་ཡོད་ཅེས་སྤོབས་པ་དང་བཅས་ཞུ་ཐུབ་ཀྱི་ཡོད། ཡིན་ནའང་ད་ལྟའི་དུས་སུ་ཁྱབ་བསྒྲགས་བྱེད་འོས་པའི་སྐད་ཆ་ཞིག་མིན་སྟབས་མི་བཞག་དཀའ་མེད་རེད། ཐབས་ཇུས་ཕུངས་ནས་མེད་ཅེས་བཤད་ཆོག་པའི་གདེང་ཚོད་ཡོད།
ཅོ་ཉི་ལགས། འོ་ཙི་སྐད་ཆ་བཤད་དུས་གཟབ་གཟབ་བྱེད་རོགས། དངོས་གནས་འགན་མེད་པའི་སྐད་ཆ་རང་རེད། སྐད་ཆ་དྲངས་པོ་ཤོད་དང་གང་འདྲ་ཞིག་བྱེས་ནས་བོད་ནང་དུ་ཡོད་པའི་རྒྱ་མི་དེ་དག་བོད་ནས་ཕྱིར་འབུད་གཏོང་ཐུབ་བམ།
རྗེས་མ་དཔྱད་རྩོམ་འབྲི་སྐབས་འདི་ལྟར་རང་ཉིད་སོ་སོའི་ཞིབ་འཇུག་གི་བརྒྱུད་རིམ་སྔོན་སོང་གི་ཐོག་ནས་བཤད་རྒྱུ་གལ་ཆེན་རེད། དེ་མིན་བསམ་ཚུལ་ཙམ་རེ་བཤད་ནས་བསྡད་ན་དེ་ཙམ་རེད་ད།་
ཧ་ཅང་ལེགས་པོ་བྲིས་འདུག ཐུགས་རྗེ་ཆེ།
ང་ཀླུ་མཁར་བྱམས་ལ་དགའ། ཁོང་ནི་མི་རང་ཚུགས་ཅན་ཡིན། ཁོང་ནི་ཁ་ཞེ་གཉིས་མེད་ཀྱི་བོད་ཞེན་ཅན་ཞིག་ཡིན།
བོད་མིར་དགོས་པའི་མི་བུ་འདི་བཞིན་མང་ན་ཅི་མི་དགའ། ཁ་ཁོག་དྲང་པའི་ཨ་མདོ་ཡི་མི་འདིར་དགའ།
ཕྱི་ལ་བསྐོར་ན་ཞ་ཉེ་དང་།
ནང་ལ་བསྐོར་ན་རྣོ་ལྕགས།
ང་ཚོ་སྡེ་བར་གནའ་སྔ་མོ་ནས་གཏམ་དཔེ་འདི་འདྲ་ཞིག་བཤད་སྲོལ་ཡོད་དེ། དེ་ཡང་མ་རེད་ཟེར་ཡག་མི་འདུག་ག
ཀྲུང་ནན་ཧྭེ་ལ་ཁ་གཏད་ནས་འདི་འདྲ་ཞིག་ཤོད་ཐུབ་ཡོད་ན་འོའུ་ཙམ་ཡིན་མོད། དེ་འདྲ་མ་ཡིན་པར་ འཇམ་དབྱངས་ནོར་བུའི་ཨབ་ཕྲུག་འདི་ཚོས་ག་དུས་ཡང་གངས་ཅན་སྤྱི་གཤོངས་གི་ལོ་རྒན་དྲུག་བཅུར་དཀའ་ལས་རྒྱག་མཁན་ཚོར་དགྲ་ལ་མགོ་འདོགས་ཞུས་སོང་བའི་ཁེངས་ར་སྡུག་སྐད་འདོན་པ་འདི་དགོད་བྲོ་བ་ལ།
དེང་གི་སྐབས་འདིར་བོད་རང་བཙན་ཡིན་མིན་ཤོད་པའི་དུས་མ་རེད། རང་བཙན་ལེན་ཐུབ་མིན་དེ་རེད། རང་བཙན་ཡིན་མིན་དང་དགོས་མིན་བཤད་ན་བོད་མི་མདང་སྐྱེས་བྱིས་པ་དང་སང་ཤི་རྒན་པོ་ཡན་ཆོད་ལ་འདྲི་དགོས་པའི་སྐད་ཆ་ཅིག་ཆགས་མེད།
རང་བཙན་ཡིན་མིན་ཤོད་པའི་མི་འདི་ཚོ་ད་དུང་ཡང་ཆབ་སྲིད་ཀྱི་གོམ་པ་དང་པོ་ན་འགྲོ་གི་ཡོད་པ་རེད།
མཆན་ ༨ པ། ཐུ་བ་རྒྱ་མཚོ་ལགས་ལ། རང་བཙན་ཡིན་མིན་མི་ཞིག་གིས་ཐད་ཀར་ཁྱེད་རང་ལ་བྲིས་ནའང་དཀའ་ལས་ཁག་ཙམ་ཡོད་སྙམས། སྐབས་དེར་ཁྱེད་རང་བསམ་ལོ་གང་ཡང་མ་བཏང་བར་ཡིན་ཟེར་མོ། ལོ་ཚིགས་སོགས་རེ་རེ་བྲིས་ཡོང་དུས་ཁ་ནང་ལ་མཛུབ་གུ་བརྒྱབ་ནས་འདུག་ངེས་པས་ཁ་རྒྱགས་པ་མ་བཤད་རོགས།
ཐབས་ཇུས་ཅན་ལགས། ཁྱེད་རང་བོད་རང་བཙན་ཡིན་མིན་ལ་དོགས་པ་འདུག་གས།
ཐུ་བ་རྒྱ་མཚོ་ལགས། ང་ལ་བོད་རང་བཙན་ཡིན་མིན་ལ་དོགས་པ་མེད་ཀྱང་། ཁྱེད་རང་གོང་ནས་བོད་རང་བཙན་ཡིན་མིན་མདང་སྐྱེས་བྱིས་པ་དང་སང་ཤི་རྒན་པོ་ཡན་ཆོད་ལའང་འབྲི་མི་དགོས་པའི་སྐད་ཆ་ཡིན་ཟེར་བར་བྲིས་པ་ཡིན། སོང་ཙང་བོད་རང་བཙན་ཡིན་ཟེར་བ་ཙམ་་་ལས་སླ་ཡང་། ཁུངས་སྐྱེལ་ར་སྤྲོད་བྱ་རྒྱུ་དཀའ་ལས་ཁག་པོ་ཡོད་པས། ཀླུ་མཁར་བྱམས་ལགས་ནས་ཡག་པོ་བྲིས་འདུག་ཞུས་པ་ཡིན།
ཧཧཧ ཐབས་ཇུས་ཅན་ལགས། དུས་སྐབས་འདིར་རང་བཙན་ཁ་ནས་ཤོད་ཡག་དེ་དཀའ་ལས་ཁག་པོ་ཅིག་མ་རེད། རང་བཙན་ལེག་ལེན་བསྟར་ཡག་དེ་དཀའ་ལས་ཁག་པོ་ཅིག་རེད། རང་བཙན་གི་བྲག་འཛེག་ན་ལྕགས་གི་སྡེར་མོ་དགོས་གི་རེད། རང་བཙན་གི་གཙང་བོར་བརྒལ་ན་ལྕགས་ཐག་གི་ཟམ་པ་དང་ཤིང་གི་གྲུ་གཟེངས་དགོས་གི་རེད། དེ་མིན་རང་བཙན་མ་ཎི་སྒྲེང་སྒྲེང་བྱས་ཡང་གྲ་སྒྲིག་མེད་ན་ཆར་པ་ནང་བཞིན་གནམ་ནས་ཟགས་ཡོང་གི་མ་རེད་ལ་ཤ་མོ་ནང་བཞིན་སྤང་ནས་སྐྱེ་གི་ཡང་མ་རེད།
སོང་ཙང་ངས་དེང་གི་དུས་འདིར་རང་བཙན་ཡིན་མིན་ཤོད་པའི་དུས་མ་རེད་རང་བཙན་ལོན་མིན་ཤོད་པའི་དུས་རེད་ཟེར་དོན་དེ་ཡིན།
ལུང་མང་པོ་ཞིག་ལ་དྲངས་ལུང་དྲངས་བྱས་ནས་རྩོམ་པ་པོའི་ཁྱད་ཆོས་མངོན་འདོད་ཙམ་བྱས་པ་མ་གཏོགས། གནད་དུ་ཁེལ་ཞིང་རྣག་ཐོག་ཏུ་ཁབ་གཙག་པ་ལྟར་གནད་དུ་བསྣུན་པའི་ལུང་དང་ནང་དོན་དང་བསམ་བློ་དང་བྱེད་ཐབས་བཅས་གཅིག་ཀྱང་མི་འདུག ལྷག་ཏུ་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གསར་བརྗེ་ཡི་ལོ་རྒྱུས་ལ་ཀུན་ནས་རྨོངས་ཤིང་རྒྱ་ནག་གི་གནས་བབ་ལ་དེ་བས་ཀྱང་རྨོངས་པའི་ཏན་རྟགས་བསྟན་འདུག
རང་བཙན་ནི་བསྒྲགས་གཏམ་ཞིག་ལ་བསྟེན་ནས་མི་འབྱུང་ལ་བྱུང་ཡང་མ་མྱོང་། རང་བཙན་ནི་དམངས་ཚོགས་ཀྱི་དངོས་ཡོད་ཁེ་ཕན་གྱི་ཆེ་ཆུང་ལ་བསྟེན་ནས་བྱུང་དགོས་པ་ཞིག་ཡིན། ཇི་སྲིད་བཙན་བྱོལ་ནས་བོད་ཀྱི་མི་དམངས་ཡོངས་ལ་ཁེ་ཕན་རྒྱ་ནག་གིས་སྤྲོད་བཞིན་པ་དེ་ལས་རྡབ་འགྱུར་གྱིས་སྤྲོད་ནུས་པའི་བྱེད་ཐབས་ལས་སུ་རུང་བ་ཞིག་མ་བཏོན་པའི་བར་དུ་བོད་རང་བཙན་ནི་ནམ་མཁའི་འཇའ་ལྟ་བ་ཞིག་ཡིན་དགོས། བློ་ལྡན་སུ་ཞིག་ཡིན་ནའང་དེ་ལ་ཡིད་སྨོན་ཙམ་ལས་རྩོལ་སྒྲུབ་མི་བྱེད་པ་དེ་ཁོ་ཐག་ཡིན། དེ་ནས་ཨ་ཚོགས་ཚང་རྒྱ་ནག་གི་བཙོན་ནང་དུ་བསྡད་མྱོང་བས་མི་རྒྱུས་ཡོད་ཀྱིས་གཏམ་རྒྱུས་མེད་བཤད་པ་ནང་བཞིན་མེ་མདའ་རེ་གཉིས་འཁུར་ནས་རོ་པེ་འགའ་རེ་བཏོགས་ཏེ་རང་བཙན་རྩོད་པའི་ཀུ་རེ་རྩེད་རན་མ་རེད།
ཅོག་རོང་གི་མྱི་ལགས། གང་ནས་གནད་དུ་ཁེལ་མི་འདུག་ཅིག་གསུང་རོགས་གནང་། དེ་མ་གཏོགས་རེད་མི་འདུག ནོར་བཞག ཁྱོད་ཀྱིས་ཅི་ཡང་ཤེས་ཀྱི་མི་འདུག་ཟེར་བ་ཙམ་ནི་རང་གི་ནང་ཁྲོལ་བསྟན་པ་ཙམ་ལས་ཅི་ཡང་མེད་དོ།
རྩོམ་འདི་ཧ་ཅང་གི་ཀློག་རིན་ལྡན་ལ་ལྷག་པ་དུ་ཤར་ནུབ་སྲིད་དོན་རིག་པར་ཉམས་ཞིབ་དང་དཔྱད་བསྡུར་གྱི་ཆ་ཡང་ཤིན་ཏུ་མང་བས་ན་ཧ་ཅང་བློར་བབས་སོང་ཟེར་རྒྱུ་རེད། གང་ལྟར་ཀློག་བ་པོ་སུ་ཞིག་ཡིན་ཡང་མི་གཤིས་དང་རྩོམ་གཤིས་ཀྱི་དབྱེ་བ་དགར་དགོས་རྒྱུ་གལ་ཆེན་དུ་མཐོང། རང་ཉིད་ཀྱི་བསམ་ཚུལ་ཡིན།
རྩོམ་ཡིག་ལེགས་པོ་ཞིག་བྲིས་འདུག་་་་ངོ་མ་ཁ་རི་ཁ་ཐུག་རང་རེད།་་ཚིག་སྐྱོན་རེ་གཉིས་རེ་འདུག་མོད།་་་་དཀའ་ལས་ཞེ་དྲག་སྐྱོན་ཤག་་་དགའ་བསུ་ཡོད།་་་རང་གི་ལྟ་བ་ལངས་ཕྱོགས་གི་ཐོག་ལ་ཡིག་འབྲི་བ་ཚང་མས་འདི་ལྟར་འབྲི་ཐུབ་ན་ལེགས་པ་ལའང་།
ཟམ་གདོང་རིན་པོ་ཆེས་བཤད་པ་དེ་ངོ་མ་རེད་འདུག བོད་ཀྱི་ལོ་རྒྱུས་དེ་ངོ་མ་མགོ་རྙོག་ཆེན་པོ་རེད།དགའ་ལྡན་ཕོ་བྲང་ལ་སྲིད་དབང་ཕུལ་མཁན་གིཤྲི་ཁང་གི་གདུང་བརྒྱུད་མཚོ་ཁའི་རྒྱལ་བོ་ཁག་ཀྱང་མན་ཆིན་གོང་མས་བཀའ་ལུང་འོག་ཞེ་གཅིག་རེད་འདུག་མོད།༧རྒྱལ་དབང་བདུན་པའི་སྐབས་བོད་གཞུང་གིས་མན་ཆིན་སྐུ་ཚབ་ལ་དམིགས་བསལ་སྦྲེལ་ལད་ངོ་དགའ་དང་ཆེ་མཐོང་སྤྲད་པ།གུཤྲི་གྱི་གདུང་བརྒྱུད་༧རྒྱལ་དབང་ལི་ཐང་ནས་གདན་འདྲེན་མཁན་ཚོར་སྣང་མེད་བཏང་རྐྱེན།མཁའ་འགྲོ་བློ་བཟང་བསྟན་སྐྱོང་གིས་ཨ་མདོ་བྱང་བརྒྱུད་དུ་མན་ཆིན་ལ་ངོ་རྒོལ་བྱས་ཏེ་མན་ཆིན་དམག་གིས་ཨ་མདོ་བྱང་བརྒྱུད་ཀྱི་བོད་སོག་ཡོངས་རྩ་མེད་བཏང་སྐབས།བོད་སོག་གི་འགོ་པ་བློ་བཟང་བསྟན་སྐྱོང་སོགས་མི་བརྒྱ་སྐོར་ཅིག་དབུས་ལ་སྐྱབས་བཅོལ་དུ་ཡོང་བར་མི་དབང་ཕོ་ལྷས་གོང་མའི་བཀའ་དང་ལེན་གྱིས་ནག་ཆུ་ཁར་ཁོ་ཚོ་རྩ་མེད་བཏང་འདུག དེའི་རྗེས་ང་ལིམ་སྦྱར་གསུམ་སོགས་ལ་ཁྲིམས་གཅོད་སྐབས་ཀྱང་གོང་མར་ཞུ་གཏུག་དང་གོང་མས་ཁྲིམས་གཅོད་བྱས་འདུག ཨམ་བན་བཙུགས་པ་ནས་དོན་གནད་གལ་ཅན་རིགས་ཕར་ཟད།༧རྒྱལ་དབང་རྩེ་ནས་ནོར་གླིང་ལ་ཆིབས་བསྒྱུར་དུའང་ཨམ་བན་གྱི་ཆོག་མཆན་དགོས་འདུག
གོར་ཁས་བཙན་འཛུལ་ལའང་མན་ཆིན་གྱི་དམག་རོགས་མ་བསྡུས་ན་གླག་ཁྱོན་ནས་ཁེལ་མི་འདུག ལོ་རྒྱུས་ཀྱི་དོན་དངོས་ལ་བལྟ་སྐབས་མཆོད་ཡོན་ཟེར་བ་དེ་བླ་མའི་ཆེ་བ་མཚོན་བྱེད་མིང་སྙན་ཙམ་མ་གཏོགས།དོན་གྱིས་དབང་བསྒྱུར་གྱི་ཐབས་ལམ་ཅིག་རེད།
༧གོང་ས་༡༣པས་ཀྱང་བཀའ་རྩ་སྔ་ཕྱི་མང་པོར་རྒྱ་ནག་ཁོ་ནར་རེ་བཅོལ་བྱས་ཏེ་རྒྱལ་ཁབ་སུ་ལའང་འབྲེལ་ལམ་མ་བྱས་རབས་མན་ཆིན་གཞུང་སྨྲེ་ངག་མང་པོ་ཤོར་འདུག་པས་ག་རེ་མཚོན།ལར་ཆུ་གླང་རྩ་ཚིག་དེ་ས་འཕྱར་གནམ་འཕྱར་བྱས་ན་བོད་ཆོལ་གསུམ་ཆིག་སྒྲིལ་ལ་དེ་ཙམ་ཨེ་ཕན་ནམ།དེའི་ནང་ཁམས་ཁུལ་གྱི་ས་ཆ་ཁག་ཕྱིར་ལེན་གྱི་གསུང་ཟུར་ཙམ་མ་གཏོགས།ཨ་མདོ་ཟེར་བ་མིང་ཙམ་ཡང་མེད་པ་དངོས་གནས་རེད།ཡང་དེ་འདྲ་རྩ་ཚིག་མང་པོ་གནང་མྱོང་ཡོད་ཁོངས་ཀྱི་དེ་གཅིག་རེད་མ་གཏོགས།རང་བཙན་བསྒྲགས་གཏམ་ཟེར་བ་དེང་སང་གི་སྔར་མེད་གསར་སྤྲོས་རང་རེད།
རྒྱ་དམག་ཕྱིར་ཕུད་ཟེར་བ་དེའང་མན་ཆིན་རྒྱལ་ཁབ་འཐོར་བཞིག་ཏུ་སོང་སྟེ་བོད་ནང་རྒྱ་དམག་རྣམས་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར།དེ་བས་ཁོང་ཚོ་ནང་ཁུལ་ལ་འགལ་ཟླ་དང་དམག་འཐབ་བྱུང་སྟེ་རང་བཞིན་ཁ་འཐོར་དུ་གྱུར་པ་ཙམ་མ་གཏོགས།ང་ཚོས་སྟོབས་ཤུགས་ཀྱིས་ཕུད་བཞག་པ་ཅི་གང་མི་འདུག
མདོ་ང་ཚོའི་ལོ་རྒྱུས་དེ་ལ་ཅི་གང་བལྟ་ས་མི་འདུག་པར་ཚང་མ་ཡར་སྤྲེལ་ལད་བྱས་མར་སྤྲེལ་ལད་བྱས་བསྡད་པ་རྐྱང་རེད་གདའ།འོན་ཀྱང་།དེ་བས་༧གོང་ས་མཆོག་ཀྱང་བྷེལ་ཀོབ་འཚོགས་ཆེན་སྟེང་ང་དགེ་སློང་ཅིག་གིས་ལོ་རྒྱུས་སྟེང་བོད་རང་བཙན་རེད་ཅེས་ཞལ་རྫུན་གསུང་མི་ཐུབ་ཅེས་བཀའ་གནང་སོང་།
རྒྱ་ནག་མན་ཆིན་འཐོར་སྐབས་རྒྱ་ནག་གི་ཞིང་ཆེན་མང་པོ་ཅིག་གིས་ཀྱང་རང་བཙན་གསལ་བསྒྲགས་བྱས་ཡོད་རེད།འོན་ཀྱང་བསྐྱར་དུ་རྒྱ་འོག་ལ་བཅུག་པ་རེད།
མདོ་རྩ་རང་བཙན་ཡོང་རྒྱུར་ལོ་རྒྱུས་ཀྱི་བདེན་དཔང་ཅི་གང་དགོས་དོན་མེད་པ་རེད།གཙོ་བོ་སྟོབས་ཤུགས་དང་འཐབ་རྩོད་ཀྱི་ནུས་པ།ང་ཚོའི་ཆོད་སེམས་དང་བློས་གཏོང་ལ་རག་ལུས་ཡོད་པ་རེད།ཉེ་བའི་ལོ་ཁ་ཤས་ཀྱི་ནང་ལོ་རྒྱུས་སྟེང་རང་བཙན་ཁྱོན་མེད་མཁན་རྒྱལ་ཁབ་མང་པོ་རང་བཙན་ཆགས་ཡོད་པ་རེད།ང་ཚོས་དཀའ་ལས་གཅིག་ཀྱང་མི་བརྒྱག་པར་ཉལ་ས་དྲོན་པོའི་ནང་རང་བཙན་གྱི་ཁ་ཕོ་སྒྲོག་བསྡད་པས་ཡོང་རྒྱུ་ཅི་མེད་རེད།རང་བཙན་དགོས་ན་བློས་གཏོང་གནང་རོགས།༧པཎ་ཆེན་བཅུ་པས་སྔ་མོ་ཁྱེད་ཚོར་རང་བཙན་དགོས་ཟེར་བ་དེ་སྟག་ཕྲུག་དགོས་ཟེར་གྱི་ཡོད་རེད།སྟག་ཕྲུག་དགོས་ན་སྟག་ཚང་ནང་ཡོང་སྟེ་བླངས་རོགས་ཀྱིས་མ་གཏོགས་ཕྱི་སོ་སོར་ཉེན་ཁ་མེད་ས་ཅིག་ནས་སྐད་བརྒྱབ་ཙམ་གྱིས་ཅི་མི་ཕན་གསུང་འདུག་པ་བདེན་པ་རེད་སྙམ།
མི་ལ་བསྟོན་རིན་ཡོད་པའི་དཔྱད་རྩོམ་ཟེར་བ་འདི་འདྲ་ཡིན་གྱི་རེད། ང་ཚོའི་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ལ་འབྲི་རྩལ་ལྡན་ཡང་བསམ་བློའི་གོ་རྟོགས་དམན་དྲག་པའི་དཔྱད་རྩོམ་ལེགས་པོ་འབྲི་ཐུབ་མཁན་ཉུང་ཉུང་རེད་བསམ།
གསར་སྐྱེས་ཚོས་ཤེས་ཆེད་དུ་༧གོང་ས་མཆོག་གི་གསུམ་བཅུའི་དུས་དྲན་གྱི་བཀའ་སློབ་ཁག་ནས་ཟུར་བཏོན་བྱས་པ་ཡིན།།
༧གོས་ས་མཆོག་གི་༡༩༧༡ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།
༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་ལྷ་སར་བོད་མི་མང་ནས་རང་དབང་སྒེར་ལངས་ཀྱི་ལས་འགུལ་བྱས་པར་རྒྱ་མི་གུང་བྲན་གྱིས་བཙན་དབང་གདུག་རྩུབ་དྲག་པོས་འགྲོ་བ་མིས་རྩ་ཆེར་འཛིན་པའི་གནས་ལ་ཇི་མི་སྙམ་པར་བོད་མི་སྟོང་ཕྲག་མང་པོ་དམར་གསོད་དྲག་གནོན་བྱས་པ་རེད། དེ་འདྲའི་ཉིན་མོ་དེ་ལ་ང་ཚོས་རྗེས་དྲན་གང་གི་དོན་དུ་བྱེད་ཀྱི་ཡོད་དམ་ཟེར་ན། ང་ཚོས་བོད་རང་དབང་གི་དོན་དུ་ལུས་སྲོག་གཏོང་མཁན་བོད་མི་ཚོར་རྗེས་དྲན་བྱེད་པ་ཙམ་དུ་མ་ཟད། དེ་ཉིན་རྒྱལ་ཁ་ཐོབ་པའི་ཉིན་མོ་ཞིག་ཏུ་ངོས་འཛིན་བྱས་ནས་ཀྱང་རྗེས་དྲན་བྱེད་ཀྱི་ཡོད། ཅིའི་ཕྱིར་ཞེ་ན། དེའི་ཉིན་རྒྱ་མི་གུང་བྲན་གྱིས་བཙན་དབང་གིས་འཛིན་སྐྱོང་བྱེད་པའི་སྲིད་བྱུས་ལ་ཕམ་ཉེས་ཕྱིན་པ་གསལ་པོར་བསྟན་པའི་ཐོག ཁོང་ཚོ་འུ་ཐུག་ཐབས་ཟད་ཀྱིས་དྲག་པོའི་ལམ་ནས་གུང་བྲན་ལྟ་སྤྱོད་ཀྱི་ལྡོག་ཕྱོགས་མི་སེར་སྤེལ་སྲོལ་འཛིན་ཐབས་བྱེད་དགོས་པར་ཐུག་པ་དང༌། ང་ཚོའི་ཕྱོགས་སུ་ཕམ་ཉེས་མིན་པའི་ཁར། ཕྱི་རྒྱལ་བཙན་དབང་གི་འོག་ཏུ་ནམ་ཡང་སྡོད་འདོད་མེད་པའི་རྣམ་འགྱུར་དཔའ་གདེངས་སྤོབས་པ་ཆེན་པོའི་ངང་ནས་བསྟན་ཡོད། དེ་ལྟ་བུའི་རང་དབང་གྱེན་ལངས་ལན་གྲངས་སྟོང་ཕྲག་བྱེད་སྲིད་ལ། དེ་འདྲའི་དྲག་གནོན་ཡང་སྟོང་ཕྲག་བྱེད་སྲིད་ནའང༌། སྐྱེ་བོ་སོ་སོ་རང་ཉིད་ཀྱི་ནང་གི་སྙིང་སྟོབས་དང་རང་དབང་གི་འདོད་པ་ནི་དུས་ནམ་ཡང་གཏོར་བརླག་གཏོང་མི་ཐུབ་པས། བོད་ལ་ཐོབ་ཐང་ཡོད་ངེས་རང་བཙན་རྒྱལ་ཁབ་ཀྱི་གྲས་སུ་མ་ཚུད་བར་ངའི་མི་མང་གིས་འཐབ་རྩོད་མུ་མཐུད་ནས་བྱེད་ངེས་ཡིན།
༡༩༧༢ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
བོད་རང་དབང་རང་བཙན་སྐོར་ལ་མ་འོངས་ལུང་བསྟན་ལྟ་བུ་བརྗོད་མི་ཐུབ་ཀྱང་འགྱུར་བ་ངེས་པར་དུ་ཡོང་གི་རེད། རྒྱལ་སྤྱིའི་གནས་སྟངས་ལ་མཚོན་ན་ཡང༌། ལོ་བཅུའི་གོང་དུ་མི་སྲིད་པར་ངོས་འཛིན་བྱེད་པའི་འགྱུར་བ་ཆེན་པོ་བྱུང་ཡོད་ཅིང༌། རྒྱ་ནག་རང་ལ་མཚོན་ན་ཡང་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ནང་འགན་འཁུར་ཡོད་པའི་འཐུས་མིའི་གྲས་ཡིན་པས་འགྲོ་བ་མིའི་ཞི་བདེའི་ཆེད་དུ་ལས་དོན་སྒྲུབ་ཐུབ་མཁན་ཞིག་ཏུ་གྱུར་ཡོད་པ་ལྟར་རྒྱ་ནག་ནས་དེ་བཞིན་བྱེད་པའི་རེ་བ་ཡོད་པ་མ་ཟད། ཉིན་གཅིག་རྒྱ་ནག་ནས་བོད་ཀྱི་གནས་སྟངས་ངོ་མ་དེ་དང༌། བོད་མིའི་སེམས་ཤུགས་ནམ་ཡང་ཉམས་མི་ཐུབ་པ་དེ་ཡང་ཁས་ལེན་ངོས་འཛིན་བྱེད་པའི་རེ་བ་ཡོད།
ང་ཚོའི་མི་མང་གི་སེམས་ཤུགས་དང༌། གཞོན་ནུའི་ནང་རྒྱལ་གཅེས་གོ་རྟོགས་འཕར་ཚད། བོད་དོན་ལ་རྒྱབ་སྐྱོར་ཇེ་ཆེར་འགྲོ་བ་བཅས་ཀྱི་གནས་ལུགས་འདི་དག་ལ་བརྟེན་ནས་བོད་ཀྱི་མ་འོངས་པའི་མདུན་ལམ་མུན་ནག་མིན་པ་དེ་མཐོང་ཐུབ་ཅིང༌། དེ་འདྲའི་སེམས་ཤུགས་དང༌། རྒྱལ་གཅེས། རྒྱབ་སྐྱོར་བཅས་ཇི་སྲིད་ཡོད་པ་དེ་སྲིད་དུ་བོད་དོན་གྱི་རེ་བའང་ཡོད་ངེས་ཡིན།།
༡༩༧༣ལོའི་གསུམ་བཅུ་དུས་དྲན་གྱི་གསུང་འཕྲིན།།
ད་ལོའི་ཆུ་གླང་ལོ་འདི་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་ཏེ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དབུ་བརྙེས་ནས་ལོ་ཉིས་སྟོང་ཆིག་བརྒྱ་འཁོར་བའི་ལོ་ཡིན་པ་དང༌། ད་རིང་གི་དུས་ཚེས་འདི་བོད་རྒྱ་ཆེའི་མི་མང་ནས་ཕྱི་རྒྱལ་བཙན་འཛུལ་ལ་ངོ་རྒོལ་རང་དབང་སྒེར་ལངས་ཀྱི་ལས་འགུལ་བརྩམས་ནས་ལོ་བཅུ་བཞི་སོང་བའི་དུས་ཚེས་ཡིན་པས་དེ་གཉིས་ཀྱི་དྲན་གསོ་བྱེད་པ་དང་ཆབས་ཅིག ངེད་ནས་གཞིས་བྱེས་བོད་མི་རྣམས་ལ་ལྷག་བསམ་མཛའ་བརྩེས་དྲངས་པའི་འཚམས་འདྲི་ཞུ་རྒྱུ་ཡིན།
བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་ཐམ་པ་སོང་རིང་གི་གནས་ལུགས་ཉུང་བསྡུས་ཤིག་བརྗོད་ན། བོད་རྗེ་ཁྲི་བདུན་དང༌། སྟེང་གཉིས། ལེགས་དྲུག སྡེ་བརྒྱད། བཙན་ལྔ་སྟེ་རྒྱལ་རབས་ཉེར་བརྒྱད་རིང་བོད་ཀྱི་སྤྱི་ཚོགས་དང༌། ལག་རྩལ་ཤེས་རིག་གི་རྣམ་པ་ཁག་རིམ་བཞིན་འཕེལ་རྒྱས་བྱུང་ཞིང༌། ཉེར་བརྒྱད་པ་ལྷ་ཐོ་རི་གཉའ་བཙན་སྐབས་དམ་པའི་ཆོས་ཀྱི་དབུ་གསར་དུ་བརྙེས། སོ་གསུམ་པ་སྲོང་བཙན་སྒམ་པོ་དང༌། སོ་བདུན་པ་ཁྲི་སྲོང་ལྡེ་བཙན། བཞི་བཅུ་པ་ཁྲི་རལ་པ་ཅན་བཅས་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་སྟེ། དེ་ཡང་ཆོས་ཕྱོགས་ནས། སངས་རྒྱས་ཀྱི་བཀའ་དང་དེའི་དགོངས་འགྲེལ་བསྟན་བཅོས་མང་པོ་བོད་སྐད་དུ་བསྒྱུར། ལྷ་ཆོས་མི་ཆོས་ཀྱི་སྲོལ་བཟང་པོ་བཙུགས་ཏེ་མངོན་མཐོ་ངེས་ལེགས་ཀྱི་ལམ་གསལ་བར་མཛད། སྲིད་ཕྱོགས་ནས། མངའ་འབངས་ལ་ས་ཞིང་བགོས་སྙོམས་དང༌། མང་མོས་བློ་ལྡན་གྱི་མི་སྣ་བསྡུས་ནས་དབྱར་དགུན་གྱི་གྲོས་ཚོགས་བྱེད་པ་སོགས་དེང་དུས་སྤྱི་ཚོགས་དམངས་གཙོའི་ལྟ་སྤྱོད་དང་མཐུན་པའི་ཆབ་སྲིད་ཕུལ་དུ་བྱུང་བ་བསྐྱངས། དགྲ་སྡེ་རྣམ་པར་འཇོམས་པའི་དཔའ་གྲགས་ཆེ་བ་སོགས་དེ་དུས་བོད་རྒྱལ་ཁབ་ཀྱི་སྙན་གྲགས་འཛམ་གླིང་ཤར་ཕྱོགས་ཀྱི་ཁྱོན་དུ་ཁྱབ་པར་གྱུར།
རྒྱལ་རབས་ཞེ་གཅིག་པ་གླང་དར་མས་དམ་པའི་ཆོས་ལ་ལོག་པར་བལྟས་པས་བསྟན་པ་ལ་གེགས་ཆག་ཆེན་པོ་བྱུང༌། གླང་དར་གྱི་སྲས་ངོ་འདྲ་གཉིས་མ་མཐུན་པར་མངའ་རིས་སོ་སོར་ཕྱེ་བ་ནས་བཟུངས་བོད་སིལ་བུར་སོང་སྟེ་སྤྱི་མཐུན་གྱི་སྟོབས་ཤུགས་ཉམས་པས། བོད་ཀྱི་མཐའ་མཚམས་ས་སྡེ་མང་པོ་རིམ་བཞིན་ཟུར་གྱེས་གཞན་སྡེར་ཚུད་ཤོར་སོགས་ཆོས་སྲིད་གཉིས་ཕྱོགས་ནས་ཉམས་ཆག་འཐུས་ཤོར་ཆེན་པོ་བྱུང༌།
དེ་རྗེས་ས་སྐྱ་ཆོས་རྒྱལ་འཕགས་པའི་སྐུ་དུས་ནས་བཟུངས། ས་སྐྱ་པ་དང༌། ཕག་གྲུ་པ། རིན་སྤུངས་པ། གཙང་པ་སོགས་ནས་བོད་ཀྱི་ཆབ་སྲིད་རིམ་བཞིན་བསྐྱངས་པའི་རིང་བོད་སིལ་བུའི་སྐབས་དང་མི་འདྲ་བའི་གཞི་རྩའི་ཆོས་སྲིད་དར་རྒྱས་གང་ལེགས་བྱུང་ན་ཡང༌། མེས་དབོན་རྣམ་གསུམ་སྐུ་རིང་གི་བོད་ཀྱི་ས་སྡེ་མཐའ་དག་སྔ་སོར་ཆུད་མ་ཐུབ་པ་མ་ཟད། བོད་ནང་ཁུལ་ལའང་མི་བདེ་བའི་འཁྲུག་རྩོད་སྔ་རྗེས་སུ་བྱུང༌།
ྋརྒྱལ་དབང་རྗེ་སྐུ་ཕྲེང་ལྔ་པ་ནས་བཟུངས་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་དར་བའི་རིང་བོད་ནང་ཆོས་འབྱོར་བདེ་སྐྱིད་མི་དམན་ཙམ་བྱུང་ན་ཡང༌། ཕྱི་ལོ་ ༡༩༥༠ ལོ་རྒྱ་མི་དམར་པོས་བོད་དུ་བཙན་འཛུལ་བྱས་རྗེས་བདེ་སྡུག་ཇི་བྱུང་ཚང་མའི་བློ་གསལ་ལྟར་ཡིན།
དེ་ལྟར་བོད་རྒྱལ་ལོ་ཉིས་སྟོང་ཆིག་བརྒྱ་ཐམ་པ་སོང་བའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཚེ། སྔ་དུས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་བོད་རིགས་མཆིས་སོ་ཅོག་གོང་བུ་གཅིག་གྱུར་ལ་བརྟེན་བོད་ཀྱི་ཆབ་སྲིད་སྟོབས་འབྱོར་མངའ་ཐང་ཕུན་སུམ་ཚོགས་པ་བྱུང་ཞིང༌། དེ་རྗེས་བོད་སིལ་བུར་སོང་སྟེ་རང་རང་སྡེ་ཁག་མང་པོ་ཟུར་གྱེས་སྤྱི་འདུས་ཀྱི་སྟོབས་ཤུགས་ཉམས་པའི་རྐྱེན་གྱིས་ཆབ་སྲིད་མངའ་ཐང་ཉམས་ཆག་ཆེན་པོ་བྱུང༌། ཉེ་བའི་ཆར་ཡང་བོད་མི་རང་ཉིད་ཀྱི་ཕྱི་ནང་སྟོབས་ཤུགས་འདུ་འགོད་དང་སྐབས་བསྟུན་ཐབས་ཤེས་ཇི་བཞིན་མ་ཐུབ་པའི་དབང་གིས་རྒྱ་དམར་བོད་དུ་བཙན་འཛུལ་བྱ་རྒྱུའི་གོ་སྐབས་ཅི་བདེར་ཐོབ་སྟེ་བོད་མི་མང་གི་བདེ་སྡུག་གནས་སྟངས་འདི་ལྟ་བུར་གྱར་བ་བཅས་སྒྲོ་བཏགས་བརྗོད་མཁས་མིན་པར་ལོ་རྒྱུས་དངོས་ཡོད་གནས་ཚུལ་ཐོག་ནས་ར་སྤྲོད་མཛུབ་སྟོན་གསལ་པོར་བྱུང་བ་འདི་ག་ཡིན་པས། ཚུལ་འདི་དག་ལ་རང་ཅག་བོད་མི་རྣམས་ནས་བསམ་གཞིགས་རྗེས་དྲན་གྱིས་བོད་རིགས་སུ་གཏོགས་པ་མཆིས་སོ་ཅོག་ཀུན་སིལ་བུར་མི་འགྲོ་བར་གོང་བུ་གཅིག་ཏུ་གནས་དགོས་པ་དང༌། རང་བདེ་རང་ས་ནས་མ་འཕྱུག་པ་ཞིག་ཅིས་ཀྱང་བྱ་དགོས།
དེ་ལ་བོད་སིལ་བུར་གྱུར་པའི་མཇུག་དང༌། ས་སྐྱ་པའི་དུས་སྐབས་བཅས་པར་བོད་ནང་སོག་རིགས་གོང་མའི་བཀའ་བཀོད་སླེབས། དེ་རྗེས་མན་ཇུ་གོང་མའི་དུས་བོད་ཀྱི་ལས་དོན་ལ་མན་ཇུས་ཐེ་བྱུས་བྱེད་པའི་དུས་སྐབས་བྱུང་ཡོད་ཀྱང༌། སྐབས་དེར་རྒྱ་ནག་ཧན་མི་རིགས་རང་ཉིད་སོག་པོ་དང་མན་ཇུའི་དབང་བསྒྱུར་འོག་གནསཤིང༌། སོག་པོའི་དབང་ཤུགས་མཇུག་རྫོགས། མན་ཇུའི་དབང་ཆར་རྒྱ་མིས་ངོ་རྒོལ་གྱེན་ལངས་བྱས་ནས་རྒྱ་ནག་དམངས་གཙོའི་སྲོལ་ལུགས་སུ་ཕྱོགས་པའི་སྐབས། མན་ཇུའི་བཙན་ཤུགས་མཐར་སྐྲོད་ཀྱིས་བོད་རང་བཙན་གཙང་མར་གནས་སྡོད་བྱས། དེ་འབྲེལ་རྒྱལ་ཁབ་འགས་ཕན་ཚུན་འདོད་རྔམས་ཁེ་དབང་སླད་བོད་རྒྱ་ཁོངས་ཡིན་པའི་སྐོར་ཡིག་འཇོག་འགའ་ཤས་ཡོད་ཀྱང༌། དེ་དག་ཁུངས་འབྲེལ་དྲང་བདེན་དོན་གནས་མིན་པ་ཡིག་ཆ་སྔ་རྗེས་འཇོག་སྟངས་ནས་མངོན་ཐུབ་ཅིང༌། ཉེ་ཆར་རྒྱ་མི་དམར་པོས་བོད་ལ་དྲག་ཤུགས་ཀྱིས་བཙན་འཛུལ་ཐོག བཙན་དབང་གི་གྲོས་མཐུན་དོན་ཚན་ ༡༧ འཇོག་བཅུག་པ་དྲང་འབྲེལ་ཁྲིམས་མཐུན་མིན་ཞེས་ང་ཚོས་འཛམ་གླིང་མི་མང་གི་མདུན་སར་གསལ་བསྒྲགས་བྱས་ཡོད་པ་དང༌། དེ་མིན་དྲང་འབྲེལ་གྱི་གནའ་རབས་ལོ་རྒྱུས་གང་གི་དབང་དུ་བྱས་ན་ཡང་བོད་ནི་རང་བཙན་རྒྱལ་ཁབ་བསྙོན་མེད་ཅིག་ཡིན།
༡༩༧༤ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན།
གསུམ་བཅུའི་དུས་དྲན་འདིའི་ངོ་བོ་གང་ཡིན་ནམ་ཞེ་ན། བོད་དོན་ཡིན། བོད་དོན་ཞེས་པ་གང་ཡིན་ནམ། དེ་མི་རིགས་ཤིག་དང༌། རྒྱལ་ཁབ་ཅིག ལྟ་བ་ཞིག་ལ་ངོ་རྒོལ་བྱེད་པ་དེ་ཡིན་ནམ། ཡང་ན་བཙན་བྱོལ་བ་ཉུས་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་ཆེད་འབད་རྩོལ་བྱེད་པ་ཞིག་ལ་ཟེར་བ་ཨ་ཡིན་སྙམ་ན། དེ་དག་གང་ཡང་མ་ཡིན། བོད་དོན་ནི་བོད་མི་མང་གི་དོན་དང༌། དེ་ཡང་བོད་མི་ས་ཡ་དྲུག་གི་གནད་དོན། མི་རིགས་ཤིག་གིས་རང་གི་མ་འོངས་པའི་མདུན་ལམ་ཐག་གཅོད་ཇི་ལྟར་བྱ་བའི་རྩ་དོན་ཡིན་པས། ཇི་སྲིད་བོད་མི་ས་ཡ་དྲུག་གི་འདོད་བློ་མ་ཁེངས་པ་དེ་སྲིད་དུ་བོད་དོན་གྱི་འཐབ་རྩོད་མུ་མཐུད་ནས་བྱ་ངེས་ཡིན།
ངེད་རང་དྲང་བདེན་ལ་ཡིད་ཆེས་ཡོད། གལ་ཏེ་དེ་གཉིས་མེད་ན་འགྲོ་བ་མི་ཡི་རིགས་ལ་རེ་བའི་གཞི་རྩ་གཏན་ནས་མེད་པར་འགྱུར། བོད་དང༌། བོད་འདྲ་བ་རྒྱ་མིའི་བཙན་དབང་འོག་ཚུད་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ཐེ་བའི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་ཀྱང་སོ་སོའི་རང་དབང་གི་དོན་དུ་འཐབ་རྩོད་བྱེད་པའི་ཐོབ་ཐང་ཡོད་པར་ཡིད་ཆེས་ཡོད།
༡༩༧༥ལོའི་གསུང་འཕྲིན།།
བོད་གངས་ལྗོངས་སུ་གནས་པའི་རང་རིགས་རྒྱ་ཆེའི་མི་མང་རྣམས་ནས་རང་གི་ལུས་སྲོག་ཉམ་ཉེས་ལ་མི་ལྟ་བར་རང་དབང་གི་དོན་དུ་འཐབ་རྩོད་རྒྱུན་མི་ཆད་པར་བྱས་ཏེ་བཙན་འཛུལ་མཁན་རྣམས་ནམ་ཡང་བག་ཕེབས་ལྷིང་འཇགས་མི་ཐུབ་པའི་དཀའ་ངལ་བཟོ་བཞིན་པ་ལྟར་ང་ཚོ་ཕྱི་རྒྱལ་རང་དབང་ཡུལ་ཁག་ནང་ཡོད་པའི་བོད་མི་རྣམས་ནས་ཀྱང་བོད་རྒྱ་ཆེའི་མི་མང་གི་བསམ་འདུན་དང་མཐུན་པར་བོད་རང་དབང་རང་བཙན་སྒྲུབ་པའི་ལས་འགན་འདི་དག་ནི་ནམ་ཡང་འདོར་ཐབས་མེད་ཅིང༌། དེ་མིན་ཡུལ་ཁག་མི་རིགས་གཞན་དག་གི་ལས་དོན་ལ་ང་ཚོས་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡང་མེད།
༡༩༧༦ལོའི་གསུམ་དྲན་གྱི་གསུང་འཕྲིན།།
བོད་རྒྱ་ཆེའི་མི་མང་ནས་རང་ལ་ཐོབ་ཐང་ཡོད་ངེས་བོད་རང་དབང་རང་བཙན་གྱི་རྩོད་གླེང་ལས་འགུལ་བརྩམས་ནས་མི་ལོ་བཅུ་བདུན་སོང་བའི་དུས་དྲན་གྱི་ཉིན་མོ་འདིར་ངེད་ནས་རྩ་དོན་འདིའི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་དང་གཏོང་བཞིན་པའི་བོད་མི་རྣམས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་ཡིན།
ང་ཚོས་བོད་རང་བཙན་གྱི་དོན་ལ་འབད་རྩོལ་བྱེད་པའི་རྒྱུ་མཚན་དང་དམིགས་ཡུལ་ནི། བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་གི་ཁེ་ཕན་དང་རེ་འདོད་སྒྲུབ་པའི་ཆེད་དུ་ཡིན་ཞིང༌། བོད་རྒྱ་ཆེའི་མི་མང་རྣམས་ཕྱི་ནས་དགྲ་བོའི་བཙན་དབང་དམ་གཅུར་འོག་གཡོ་འགུལ་བྱེད་པའི་རང་དབང་གཏན་ནས་མེད་པ་དང༌། ནང་ནས་བཀྲེས་སྐོམ་གྱིས་གདུངས་ཏེ་ཕན་ཚུན་སྨྲ་བརྗོད་ཀྱི་ཐོག་མར་ལྟོ་ཟས་དཀའ་ངལ་ཆེ་ཆུང་དྲི་རྨེད་བྱེད་དགོས་པའི་དུས་ཚོད་ཐོག་གནས་ཡོད། འོན་ཀྱང་འདྲ་མཉམ་དང༌། ཡར་རྒྱས་ཞེས་པའི་མིང་ཚིག་སྙན་པོ་དེས་བློ་འདོད་མ་ཁེངས་པའི་བོད་མི་རྣམས་ནས་དགྲ་བོའི་གནོན་བཙིར་དང༌། ལྟོ་གོས་ངལ་དུབ་ལ་ཇི་མི་སྙམ་པར། རང་གི་རེ་འདོད་བོད་རང་དབང་སྒྲུབ་པའི་དམིགས་ཡུལ་ཐོག ལུས་སྲོག་ཡལ་བར་འདོར་ནུས་ཀྱི་སྙིང་སྟོབས་ཞུམ་མེད་ངང་བཙན་དབང་ལ་ངོ་རྒོལ་འཐབ་རྩོད་རྒྱུན་བསྲིངས་བྱས་ཏེ་དགྲ་བོ་ནམ་ཡང་བཟོད་བདེ་བག་ཕེབས་མེད་པའི་དཀའ་བསུན་བཟོས་དང་བཟོ་མུས་རེད།
༡༩༧༧ལོའི་གསུང་ཕྲིན།
ང་ཚོས་བོད་རང་དབང་རང་བཙན་རྩོད་ལེན་བྱེད་པ་འདི་ནི། བོད་མི་ས་ཡ་དྲུག་གི་རེ་འདུན་དང་མཐུན་ཞིང༌། ཐོབ་ཐང་དང༌། བབས་འོས་ཡོད་པ། དྲང་བདེན་ཅན་ཞིག་ལ་བརྟེན། དམིགས་དོན་འདི་དག་ཡོངས་སུ་སྒྲུབ་པའི་ཆེད་དུ་བོད་མི་རིགས་ཐམས་ཅད་བློ་སེམས་གཅིག་ཏུ་བསྒྲིལ་ནས་སྙིང་སྟོབས་ཞུམ་པ་མེད་པའི་འབད་བརྩོན་ཆེ་བསྐྱེད་བྱེད་དགོས། རང་ཅག་བོད་མི་རྣམས་ཀྱི་ཁྲོད་དུ་དྲང་བདེན་ལ་བརྩི་བཀུར་དང༌། རྒན་རབས་ལ་ཞེ་ས། དཀའ་སྡུག་ལ་བཟོད་བསྲན། གཞན་ལ་ཕན་སེམས། སྙོམ་ཆུང་དམན་ས་འཛིན་པ། ངོ་ཚ་ཁྲེལ་ཡོད་སོགས་རང་རེའི་ཕ་མེས་ཡ་རབས་སྤྱོད་བཟང་གི་མིག་ལྟོས་གོམས་གཤིས་བཟང་པོ་ཇི་སྙེད་ཡོད་པ་འདི་དག་བོད་མི་རྒན་གཞོན་བར་མ་མཐའ་དག་ནས་ཡུལ་དུས་གང་འདྲ་ཞིག་ལའང་ཉམས་བརླག་མ་བཏང་བར་གཅེས་སྐྱོང་ལག་ལེན་ཚུལ་བཞིན་དུ་བྱེད་དགོས། གལ་ཏེ་འཕྲལ་སྒང་ཁེ་གྲགས་ཕྲ་མོའི་སླད་གཡོ་ཁྲམ་མ་རབས་ཚུལ་མིན་གྱི་ལམ་དུ་ཞུགས་ན༑ རང་ཉིད་ཀུན་གྱིས་འཕྱ་དམོད་ཀྱི་ཡུལ་དུ་འགྱུར་བ་སྨོས་ཅི། སྨྲ་ཤེས་དོན་གོ་མི་ཡི་རིགས་སུ་སྐྱེས་པའི་དགོས་དོན་མ་ཚང་བ་ཡིན་པས། ཚང་མས་ཡ་རབས་བག་ཡོད་སྤྱོད་བཟང་ལ་དུས་རྟག་ཏུ་ཚུལ་བཞིན་གཞོལ་བ་གལ་ཆེ།། །།
༄། དངོས་གནས་ཡག་པོ་བྲིས་གནང་འདུག་ཐུགས་རྗེ་ཆེ།
མཁས་པ་མཁས་པའི་ན་དུ་མཛེས།
བླུན་པོ་མཁས་པ་ཇི་ལྟར་གོ།
ཙན་དན་བསིལ་བའི་དངོས་པོ་དེ།
བླུན་པོས་སོལ་བ་བྱེད་བལྟོས། ཞེས་པ་ལྟར་ཁྱེད་ནི་མཁས་པ་གཞན་དང་གཞན་དག་ལས་བོད་ཀྱི་བྱུང་བ་རིག་པ་བླང་པ་སོགས་ཁྱེད་ཆོས་ལྡན་པའི་གང་ཟག་ཞིག་གོ།
རྣམ་རྒྱལ་རྩེ་མོས་མུ་མཐུད་གསུངས་རོགས་ཞུ། ཁྱེད་ལ་བདེན་པ་འདུག ཁྱོད་ཀྱིས་བློ་སྐྱེད་སྤྲོད། ཁྱེད་ལ་གུས་བཀུར་ཞུ།
བོད་རང་བཙན་ནི་བོད་མི་ཡོངས་ཀྱི་སྙིང་ལ་བརྣག་པའི་དམིགས་ཡུལ་གཅིག་རེད། དེའི་ཆེད་རྩོམ་ཡིག་འདི་འདྲ་ཞིག་མཐོང་དཀོན་པོ་འདུག ངོ་མ་རྗེས་སུ་ཡི་རངས་ཞུ་དགོས་འདུག
རྒྱ་དམར་གུན་ཁྲན་བོད་ལ་བསླེབས་དུས།
དམར་ཡ་སྟག་གི་མཆེ་བ་ཅན།
རིག་གནས་གསར་བརྗེ་དུས་ངན་སྐབས་སུ།
བྲེལ་སེར་འབྲོང་གི་རྭ་ཅོ་ཅན།
ཆོས་ལུགས་དད་པའི་རང་མོས་བསླེབས་སྐབས།
སློབ་མ་སྟོང་གི་གསོ་སྐྱོང་ཅན།་་་་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་འདི་ལྟར་གསུངས་སོ།
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག
རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུག
རྣམ་རྒྱལ་རྩེ་མོ་ལགས།ང་ནིཆབ་སྲིད་ལ་ཞུགས་མ་མྱོང་ལ་གླེང་རྒྱུར་མོས་པའང་དེ་ཙམ་མེད། འོན་ཀྱང་རིག་གཞུང་དང་ལོ་རྒྱུས་ལ་སྤྲོ་བ་ཅུང་ཟད་ཡོད་པ་ཞིག་ལགས། ཉིད་ཀྱིས་བོད་ཀྱི་ལོ་རྒྱུས་དེ་ངོ་མ་མགོ་རྙོག་ཆེན་པོ་རེད། ཅེས་གསུངས་པ་བདེན་པ་རེད། དེ་ལྟ་ནའང་བོད་ཀྱི་སྔ་མོའི་ལོ་རྒྱུས་བདེན་པ་རེད། ཉིད་ཀྱིས། ༧གོང་ས་མཆོག་ཀྱང་བྷེལ་ཀོབ་འཚོགས་ཆེན་སྟེང་ང་དགེ་སློང་ཅིག་གིས་ལོ་རྒྱུས་སྟེང་བོད་རང་བཙན་རེད་ཅེས་ཞལ་རྫུན་གསུང་མི་ཐུབ་ཅེས་བཀའ་གནང་སོང་། ཞེས་པ་དེ་ལ་ཐེ་ཚོམ་ཡོད། གསུང་ཡོད་ན་ཞལ་རྩེད་ཡིན་སྲིད། སྔོན་གྱི་ཆབ་སྲིད་ལམ་སྟོན། ཤེས་བྱ། སུམ་ཅུའི་དུས་དྲན་སྐབས་་ལན་ཅིག་མིན་པར་གསུངས་པ་རྣམས་ཚིག་གཅིག་གིས་མཇུག་སྡུད་མི་སྲིད་ལ། མི་ལོ་ལྔ་བཅུའི་བར་ཏུ་ཞལ་རྫུན་གསུང་ནས་ད་ལྟ་གཞི་ནས་དགེ་སློང་ཡིན་པ་དྲན་ཅེས་བཤད་ན་ཅིར་འགྱུར་སྙམ། བློབ་མ་བླུན་པོས་བླ་ཟོག་པོ་བཙོ་བའི་སྐབས་ཀྱང་ཡོད་པས་འདི་ལྟ་བུའིུ་གསུང་བཤད་ཕྱི་ལོགས་རུ་སྒྲོག་པ་གཟབ་དགོས་པར་སྣང་། སྔོན་ཆད་གསར་འགོད་པ་ཞིག་གིས་རྒྱ་ནག་གི་ཆ་རྐྱེན་འགའ་ཞིག་༧གོང་ས་མཆོག་ལ་དྲིས་པའི་ལན་དུ། ཐེ་ཝན་རྒྱ་ནག་གི་ཁོངས་ཡིན་མིན་ང་ལ་འབྲེལ་བ་མེད། བོད་ལོ་རྒྱུས་སྟེང་ནས་རང་བཙན་མ་རེད་ཅེས་བཤད་ན་རང་ཉིད་བྱབ་ཆུང་ཡིན་པའི་ཟོལ་ལས་མི་འདུག ཅེས་གསུང་པ་དྲན། ཞལ་གྱི་རྣམ་འགྱུར་ལ་བལྟས་ན་བཀའ་ལན་ནན་ཏུར་གྱིས་གསུང་བ་ཞིག་རེད་སྙམ། ཕལ་ཆེར་ཐེ་ཝན་གྱི་གསར་འགོད་པ་ཞིག་ལ་བཀའ་གནང་བ་རེད། ཕྱིས་སུ་བརྙན་འཁོར་ཐོབ་ན་དྲ་སྟེང་དུ་བཀོད་ཆོག ༧གོང་ས་མཆོག་ནི་ཞལ་རྩེད་གསུང་རྒྱུ་ལ་ཐུགས་མཉེས། བོད་པ་རྣམས་ནི་ཕྲ་མ་སྔ་བཙན་ལ་དགའ། གཞུང་མི་རྣམས་ནི་ངོ་དགའ་སྤྲེལ་ལད་ལ་བྱང་ཆུབ། འཁོས་ཆུང་བདག་ལྟ་བུ་ནི་ཁ་ཕྱོགས་མེད་པར་བྱེ་མའི་ཆང་བུ་བཞིན་དུ་འཐོར་འགྲོ་ཉེན་འདུག ད་ལྟའི་ཆར་བོད་རང་བཙན་མི་རྩོད་པར། རྒྱ་བོད་མཉམ་གནས་དང་། གཉིས་ཕན་དབུ་མའི་ལམ་སོགས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་འབད་ན་དུས་དང་འཚམས་པ་་ཞིག་ཡིན་པ་བདེན་པ་རེད། དེ་ལ་རྒྱབ་སྐྱོར་ཡོད། བོད་ཀྱི་ལོ་རྒྱུས་རྒྱ་ནག་གི་གནའ་ཡིག་ཏུ་གང་འཁོད་པ་ཁས་བླང་ནའང་བོད་རང་བཙན་ཡིན་པ་གསལ་བོར་ངོ་འཕྲོད་ཐུབ། ཐང་ཡིག་གསར་རྙིང་དུ་བོད་རང་བཙན་ཡིན་པ་གསལ་པོ་ཡོད། རྒྱ་ནག་གཞུང་འགྲེལ་ལོ་རྒྱུས་ཁག་ཏུ་ཡོན་རྒྱལ་རབས་དང་། མཉྫུའི་རྒྱལ་རབས་གཉིས་ཀ་ཕྱི་ལོགས་ཀྱི་མིས་དབང་བསྒྱུར་པའི་དུས་རབས་ཞེས་གསལ་བོར་བཤད་ཡོད། ༡༽ ཡོན་རྒྱལ་རབས་དང་། མཉྫུའི་རྒྱལ་ཁབ་ཀྱིས་ཁྲིམས་མཐུན་བརྒྱུད་སྤྲོད་བྱས་པའི་རྒྱལ་ཁབ་གཏན་ནས་མེད། ༢༽རྒྱལ་རབས་གཉིས་ཀྱི་ཁྲིམས་ལུགས་དེང་དུས་ནུས་མེད་ཡིན། ༣༽རྒྱལ་རབས་དེ་གཉིས་ཀའི་ལོ་རྒྱུས་སུ་བོད་ནི་མི་རིགས་ཐ་དད་པ་ཞིག་མངའ་འོག་ཏུ་ཚུར་འདུས་པ་བཤད་ཡོད། ༤༽རྒྱལ་རབས་དེ་གཉིས་ཀས་རྒྱལ་ཁབ་དང་མི་རིགས་གཅིག་ཁོ་ནར་ངོས་ལེན་བྱས་པའི་ཡིག་ཆ་མེད། ༥༽རྒྱལ་རབས་གཉིས་སུ་་བོད་ཀྱི་ཕྱི་ནང་གང་གི་ལས་གནས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པ་ལས་བྱེད་པོ་དངོས་བོད་རང་ཉིད་ཡིན། ད་ལྟ་རྒྱལ་ཁབ་ཆེན་པོ་ཁག་གིས་འབྲེལ་ཡོད་ཀྱི་རྒྱལ་ཁབ་ཚོས་འོས་ཤོག་འཐེན་ཚེ་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་གྲོགས་བྱེད་པ་དང་གཅིག་རེད། མདོར་ན། དང་པོ་རྒྱ་ནག་དང་སོག་པོ། ཆིང་རྒྱལ་རབས་རྣམས་ཀྱིས་ལོ་རྒྱུས་ལ་ཞིབ་ཏུ་དཔྱད་དེ་ཕྱོགས་སྔ་ལེགས་པར་ཤེས་པའི་རྗེས་སུ་སྡོམ་བརྒྱབ་ན་ལེགས་པར་མཐོང་། ང་ནི་རྒྱ་ནག་ལ་ངོ་རྒོད་བྱེད་ཐུབ་མཁན་ཞིག་མིན་ལ། བོད་རང་བཙན་རྩོད་ཐུབ་མཁན་ཞིག་ཀྱང་མིན། དེ་བཞིན་ཆབ་སྲིད་ཀྱི་ཁ་སྟབས་གཏན་ནས་མེད། བོད་མིའི་ཁྲག་རྒྱུན་ཅུང་ཟད་ཡོད་མེད་ཀྱང་དོགས་པའི་གནས་ཞིག་ཡིན། དེ་བཞིན་བོད་ཀྱི་སྤྱི་སྐད་གཙང་མ་ཞིག་མི་ཤེས་པའི་བླུན་པོ་ཐ་ཆད་ཅིག་ཡིན། འོན་ཀྱང་དཀྲོག་གཏམ་གྱི་ཁ་ལ་ཉན་ནས་ཕྱོགས་སྔ་ཡང་འཛིན་མ་མྱོང་། རང་ཉིད་ནོར་བ་མཐོང་ཚེ་རང་སྐྱོན་ངོས་ལེན་དང་བསྒྱུར་བཅོས་ཀྱི་སྤོབས་པའང་ཅུང་ཟད་ཅིག་མངའ་བ་ལགས། འདི་ནས་སྐད་ཆ་ཁ་ཤས་འཕྲོས་དོན་དུ་ཤོར་བར་དགོངས་འགལ་མེད་པར་ཞུ། །
བཅོས། སློབ་མ་བླུན་པོས་བླ་མ་ཟོག་པོར་བཟོ་བའི་སྐབས་ཀྱང་ཡོད་པས་འདི་ལྟ་བུའི་གསུང་བཤད་ཕྱི་ལོགས་སུ་སྒྲོག་པར་གཟབ་དགོས་པར་སྣང་།
དྲི་མེད་ལགས།ཁེངས་སྐྱུང་བྱེད་དྲག་པ་དང་ང་རྒྱལ་ཆེ་དྲག་པ་གཉིས་ཀ་རྒྱུན་ལྡན་མ་རེད་བཅོས་མ་རེད།བོད་པ་ཚོས་སོག་པོ་དང་མན་ཇུ་རྒྱ་ནག་གི་རྒྱལ་རབས་མ་རེད་ཅེས་བཤད་དྲག་ནས་འགོ་ཡོམ་འཁོར་ཡོང་གི་འདུག
འོན་ཀྱང་།འཛམ་གླིང་གི་ཤེས་བྱ་ཀུན་ཁྱབ་སོགས་སུ་ལྟོས་དང་སོག་པོའི་ཡོན་རྒྱལ་རབས་དང་མན་ཇུ་རྒྱལ་རབས་གཉིས་རྒྱ་ནག་ཙམ་མིན་པར་འཛམ་གླིང་ལོ་རྒྱུས་སྨྲ་བ་ཀུན་གྱིས་རྒྱ་ནག་གི་རྒྱལ་རབས་སུ་བགྲེང་བཞིན་པ་རེད།
དེ་ལ་རྒྱུ་མཚན་ཡོད་དེ་ཡུལ་ལུང་ཅིག་ཏུ་རྒྱལ་བོ་སུས་དབང་བསྒྱུར་བྱས་ཀྱང་དེ་ལོ་རྒྱུས་ནང་རྒྱལ་རབས་སུ་བགྲེང་གི་ཡོད་པ་རེད།དཔེར་ན།དེང་གི་དབྱིན་ཇིའི་བཙན་པོའི་རྒྱལ་བརྒྱུད་དེའང་ཧྥ་རན་སིའི་མི་དབྱིན་ཡུལ་བཙན་འཛུལ་མཁན་དེ་འདྲའི་བརྒྱུད་པ་རེད་ལ།སྔ་མོ་རྒྱ་གར་ལོ་རྒྱུས་ནང་ཉི་ཟླ་ལྟ་བུའི་རྒྱ་གར་རྒྱལ་བོར་བརྩིས་བཞིན་པ་ཨ་བྷར་དང་ཤཛྷན།ཨ་རན་ཛེབ་སོགས་མོ་གལ་གྱི་རྒྱལ་བརྒྱུད་ཁག་ཀྱང་སོག་པོ་ཇིང་གར་གྱི་རྒྱལ་བརྒྱུད་ཁ་བྷོལ་ནས་ཚུར་རྒྱ་གར་བཙན་དབང་གིས་ལེན་མཁན་ཚོའི་བརྒྱུད་རེད་མོད།མོ་གལ་གྱི་རྒྱལ་རབས་རྒྱ་གར་རྒྱལ་རབས་སུ་མི་བརྩི་མཁན་སུ་གཅིག་ཀྱང་མེད་པར།ཐ་ན་མོ་གལ་སྐབས་ཀཤི་མེར་སོགས་རྒྱ་གར་མངའ་ཁོངས་ཡིན་པས་ད་ཆའང་དེའི་བདག་དབང་རྒྱ་གར་ལ་ཡོད་པར་སྨྲ།
གནའ་སྔ་མོ་བཙན་པོའི་སྐབས་ལྟ་བུར་བོད་ལ་རང་བཙན་ལོ་རྒྱུས་ཡོད་ཙམ་གྱིས་རང་བཙན་བྱས་ཆོག་ན།རྒྱ་ནག་ཁོ་རང་ཚོའི་ནང་དུའང་ཧན་རྒྱལ་ཁབ་དང་ཀྲོའོ་རྒྱལ་ཁབ།ཆིན་རྒྱལ་ཁབ་སོགས་མཉམ་དུ་རང་བཙན་རྒྱལ་ཁབ་མང་པོ་བྱུང་མྱོང་ཡོད་ཅིང་།ལེའོ་དང་སོང་དང་ཅིན་སོགས་ཀྱང་ནུབ་བྱང་ཁུལ་དུ་མང་པོ་བྱུང་ཡོད་པ་རེད།བོད་རང་གི་རོས་མཛོད་ཁག་ཏུ་གདོང་རིགས་ཡིན་པར་སྨྲ་བ་ཨ་མདོ་ཁུལ་དུ་འཕེལ་རྒྱས་བྱུང་བའི་མི་ཉག་གིས་ཀྱང་རང་བཙན་རྒྱལ་ཁབ་སྟོབས་འབྱོར་ལྡན་པ་བཙུགས་མྱོང་ལ།ཙོང་ཁ་རྒྱལ་པོས་ཀྱང་རང་བཙན་རྒྱལ་ཁབ་བཙུགས་མྱོང་ཡོད་པས།ཁྱེད་ལྟར་ན་ཨ་མདོ་ཚོའང་བོད་ལས་རང་བཙན་བྱེད་དགོས་པ་རེད་དམ།
ལོ་རྒྱུས་ཟེར་བ་དེ་ལྟར་བྱས་ཏེ་མགོ་རྙོག་ཆགས་ཀི་ཡོད་པ་རེད།ལོ་རྒྱུས་སྟེང་རང་བཙན་ཡོད་མེད་དེ་ཚོ་གལ་ཆེན་པོ་གང་ཡང་མ་རེད།སྟོབས་ཆེན་ཨ་མི་རི་ཁར་གནའ་བོ་དང་རང་བཙན་གྱི་ལོ་རྒྱུས་གང་མེད་པ་རེད་དེ།
རང་གི་སྟོབས་ཤུགས་དང་ཆིག་སྒྲིལ་ལ་བརྟེན་ཏེ་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་ཆགས་འདུག་ག
ང་ཚོས་ཀྱང་རང་བཙན་དགོས་ན་ཆིག་སྒྲིལ་གྱིས་འཐབ་རྩོད་གནང་དགོས་རེད་མ་གཏོགས།མང་གཙོ་དང་རང་དབང་སོགས་ཁ་ལ་ཁྱེར་ཏེ་སོ་སོའི་ཁེ་ཕན་ཆེད་མི་རེས་ཚོགས་པ་རེ་བཙུགས།མི་རེའི་ལྟ་བ་རེ་ཁུར་ནས་བསྡད་ན་འཐབ་རྩོད་ཀྱི་ནུས་པ་གང་ཡང་འདོན་མི་ཐུབ་ཅིང་།ལོ་རྒྱུས་བཤད་དེ་རང་བཙན་སྤྲོད་ཡོང་མཁན་ཅིག་མི་སྲིད་པ་རེད།
༧གོང་ས་མཆོག་གིས་ལོ་རྒྱུས་སྟེང་བོད་རང་བཙན་ཡིན་མིན་ལོ་རྒྱུས་སྨྲ་བ་ཚོས་བསྡོམས་བསྐྱོན་རྒྱུ་ཅིག་རེད།འོན་ཀྱང་།ངོས་ལྟ་བུས་རང་བཙན་ཡིན་ཞེས་ག་ཚོད་ཨུ་ཚུགས་བྱས་ཀྱང་ཉི་མ་གཅིག་རང་བཙན་མིན་པར་ཅིག་གིས་དངོས་ཡོད་ར་སྤྲོད་མང་པོ་བཏོན་ཡོང་ན་ངོས་དགེ་སློང་ཅིག་གི་ཆ་ནས་རྫུན་བཤད་རྒྱུ་མི་འོས་པ་རེད།དེ་ལས་དབུ་མའི་ལམ་དེ་ཕར་ཕྱོགས་ཀྱི་སེམས་ལ་འཇུག་པོ་དང་འགྲེལ་བཤད་ཀྱི་འདོམས་བདེ་བོ་འདུག་ཅེས་བྷེལ་ཀོབ་ཀྱི་གཞུང་མང་འཚོགས་ཆེན་སྟེང་གསུངས་སོང་།
ལར་༧གོང་ས་ནས་སྐུ་ཚེ་སྟོད་དུ་རང་བཙན་སྐོར་དེབ་མང་པོར་གསུང་འདུག་པས་སྐུ་ཚེ་སྨད་ལ་དེ་འདྲ་གསུང་མི་སྲིད་པ་མེད་དེ།སྐུ་ཚེ་སྟོད་དུ་རང་བཙན་གཙང་མའི་བཞེངས་ཕྱོགས་འཛིན་བཞིན་པ་གང་ཞིག་ལ།སྐུ་ཚེ་སྨད་དུ་དགོས་དབང་གིས་དབུ་མའི་ལམ་དུ་ཞུགས་ཡོད་པའི་ཕྱིར།
ཁྲི་རལ་པ་ལགས་་་ཁྱེད་རང་མགོ་ཡོམ་འཁོར་ཡོང་གི་འདུག་ན་༧གོང་ས་མཆོག་གིས་མགོ་སྨན་ཞིག་གནང་འདུག་པས་བཞེས་རོགས་གནང་།
ས་སྐྱ་པའི་དུས་སྐབས་བཅས་པར་བོད་ནང་སོག་རིགས་གོང་མའི་བཀའ་བཀོད་སླེབས། དེ་རྗེས་མན་ཇུ་གོང་མའི་དུས་བོད་ཀྱི་ལས་དོན་ལ་མན་ཇུས་ཐེ་བྱུས་བྱེད་པའི་དུས་སྐབས་བྱུང་ཡོད་ཀྱང༌། སྐབས་དེར་རྒྱ་ནག་ཧན་མི་རིགས་རང་ཉིད་སོག་པོ་དང་མན་ཇུའི་དབང་བསྒྱུར་འོག་གནསཤིང༌། སོག་པོའི་དབང་ཤུགས་མཇུག་རྫོགས། མན་ཇུའི་དབང་ཆར་རྒྱ་མིས་ངོ་རྒོལ་གྱེན་ལངས་བྱས་ནས་རྒྱ་ནག་དམངས་གཙོའི་སྲོལ་ལུགས་སུ་ཕྱོགས་པའི་སྐབས། མན་ཇུའི་བཙན་ཤུགས་མཐར་སྐྲོད་ཀྱིས་བོད་རང་བཙན་གཙང་མར་གནས་སྡོད་བྱས།ཅེས་མགོ་སྨན་གནང་འདུག་གོ
དཔོན་ཁ་བློན་གྱིས་བསྒྱུར་བའི་དེང་རབས་མང་།
ཕོ་ཁ་མོ་ཡིས་བསྒྱུར་པའི་ལོ་རྒྱུས་མང་།
རྒྱ་ནག་གོང་མའི་འོག་གི་བློན་ངན་ཚོས།
གོང་མར་མགོ་སྐོར་བཏང་བའི་ལོ་རྒྱུས་མང་།
ཁྲི་རལ་ལགས། ངས་ཆབ་སྲིད་མི་ཤེས་པ་བདེན་པ་ཡིན། མི་དགའ་བའང་བདེན་པ་ཡིན། དེ་ལ་ཁེངས་སྐྱུང་ཆེ་ཞེས་བཤད་ན་ཅི་དགའ་ཀྱིས། ཁྱོད་ཅག་གིས་རྒྱལ་བ་རིན་པོ་ཆེས་གསུང་སོང་ཞེས་བཤད་ན་རང་ཉིད་དཀར་འདོན་བྱེད་བདེ་བོ་དང་། ཁ་ལ་ཉན་མཁན་ཚོའི་་མགོ་བོ་གནོན་བདེ་བོ་ཡོད་པའང་བདེན་པ་རེད། ཁོང་གིས་ཞལ་རྩེད་ཚུན་ཆོད་ཐུགས་དགོངས་རྟོགས་མདོག་གིས་འགྲེལ་བཤད་བྱས་ན་ཕན་གནོད་ཅིར་འགྱུར་བཤད་དཀའ། རྒྱལ་བ་རིན་པོ་ཆེ་ཕྱག་སྟོང་སྤྱན་སྟོང་རེད། དེས་གང་ལ་གང་འདུལ་གྱི་གསུང་ཡོད་ཚད་རིལ་བུ་བཞིན་དུ་སྒྲིལ་ཐུབ་ན་ནད་བརྒྱ་སྨན་གཅིག་ཏུ་འགྱུར་སྲིད། མིན་ན་སྐུ་ཚེའི་སྟོད་སྨད་ཀྱི་གྲུབ་མཐའ་བཤད་ཅི་ཐུབ་ཀྱིས། ངའི་འདོད་པ་བོད་མི་རིགས་ལ་བདེ་སྐྱིད་ལྡན་ན་དེས་ཆོག ཁྱོད་ཅག་གིས་བཤད་པའི་རང་བཙན་ཐུག་མེད་དེ་གླེང་འདོད་མེད། ཁྱོད་ཚོས་རང་བཙན་མེད་པའི་སྒྲུབ་བྱེད་བཀོད་ནས་བོད་མི་རིགས་ལ་ཕན་ན་དེ་རང་ཀྱིས། རྒྱ་བོད་གཉིས་ཀ་མཐུན་ན་ཡག་ཤོས་རེད། ད་བར་རྩོད་པ་བྱས་པ་དོན་མེད་རེད། བོད་ཀྱི་ཆབ་སྲིད་གཡོ་སྒྱུའི་འཁོར་ལོ་རེད། བསྐོར་གྱིན་བསྐོར་གྱིན་རང་མགོ་འཁོར་རྒྱུ་རེད། ང་དེ་ལ་མོས་པ་མེད། དགོངས་པ་ཞུ། གང་བཤད་པ་ལ་དགོངས་འགལ་མེད་པར་ཞུ། །
མངོན་ལྐོག་རྟགས་ཀྱིས་ང་ཚོའི་རང་བཙན་ར་སྤྲད་ཀྱང་།
རྒྱ་གར་ཨ་རིས་ང་ཚོའི་རང་བཙན་ཁས་བླངས་རུང་།
རང་བཙན་མགྲིན་བཟང་སེང་གེའི་ང་རོའི་ལས་མཐོ་ཡང་།
དེ་ཡིས་ད་ལྟའི་ས་ཡ་དྲུག་གི་སྡུག་བསྔལ་སེལ་མ་ཡིན།
ཀྱེ་མའོ་ཨ་ཚོགས་ཀྱེ་མའོ་དེའི་རྗེས་འབྲངས།
རང་བཙན་རྩོད་ན་གཞུང་ལུགས་གོ་སྐབས་དགོས།
མེ་མདའ་རལ་གྲིར་གུས་ཕྱག་ཕུལ་བ་ཙམ།
དེ་ཡིས་ད་ལྟའི་རང་བཙན་འགྲུབ་མི་ནུས།
ནམ་མཁའི་ཉི་མ་གཅིག་གིས་ནི།
འཇིག་རྟེན་གསུམ་གྱི་མུན་པ་བསལ།
བཙན་པོའི་རྒྱལ་རབས་ཁོ་ན་འདིས།
བོད་འདི་རང་བཙན་ཡིན་པར་སྒྲུབས།
རྒྱ་གར་ཟོ་བ་འདྲ་བ་ནང་།
རང་བཙན་ལོ་ངོ་དྲུག་ཅུར་བསྲུབས།
བདེ་སྐྱིད་མར་ལོ་མ་བཏོན་པར།
ད་ར་སྐྱུར་དྲི་ཕྱི་ནང་བཀང་།
སྐུ་ཞབས་ཀླུ་མཁན་རིན་པོ་ཆེ།། དགུང་ལོ་བརྒྱ་ཐོབ་པར་ཤོག
སྤྱི་ལོ་༡༩༡༢ལོར་མན་ཇུ་སྲིད་དབང་མཇུག་རྫོགས་པར་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་སུས་ཀྱང་རྒྱ་ནག་རང་བཙན་ཐོབ་པར་བརྩིས་མྱོང་མི་འདུག་པར།བཀས་བཀོད་བརྒྱུད་འཛིན་གྱི་སྲིད་དབང་མཇུག་བསྡོམས་བྱས་པའི་ཆབ་སྲིད་ལམ་ལུགས་འགྱུར་བ་སོང་བར་བརྩིས་འདུག སྐབས་དེར་མན་ཇུ་ལ་མངའ་སྡེ་༢༢ཡོད་པའི་ནང་གི་མངའ་སྡེ་༡༧་ནས་རང་བཙན་གསལ་བསྒྲགས་བསྐྱངས་ཡོད་པ་རེད།
རྒྱ་མིས་མན་ཆིན་གཞུང་དེ་ཕྱི་རྒྱལ་ལ་བརྩི་ཡི་མེད་པའི་དཔེ་མཚོན་ཡག་ཤོས་ཤིག་ནི་ཕྱི་ལོ༡༨༩༩བར་ཤེད་རྒྱ་ནག་གི་རིག་གཞུང་རྙིང་པར་ཤ་ཞེན་གྱིས་མིང་རྒྱལ་རབས་བསྐྱར་གསོ་བྱེད་ཆེད།མན་ཇུར་ངོ་རྒོལ་བྱེད་མཁན་ཧྲན་ཏུང་དང་ཧོས་པེ་སོགས་སུ་རྟེན་གཞིར་ཡོད་པ་ཡཱིས་ཧོ་ཐཱན་ཟེར་བའི་ཚོགས་པ་ཆེན་པོ་ཅིག་ཡོད་པ་དེས་ཀྱང་།ཨིན་ཇིས་རྒྱ་ནག་ནང་ཉལ་ཐ་ཁྱོན་ཆེ་ཚོང་འགྲེམས་དང་དེ་བཞིན་ཧོ་ལན་ཏྲི་དང་ཕོལ་ཆི་གལ་སོགས་ནས་ཀྱང་མི་སེར་སྤེལ་ཡུལ་བྱས་ཏེ་ནུབ་ཕྱོགས་ཀྱི་རིག་གནས་ཤུགས་ཆེ་དར་སྤེལ་གཏོང་སྐབས།རྒྱ་མིའི་ཚོགས་པ་དེས་མན་ཆིན་གཞུང་ཐ་གཅིག་ཏུ་རྒྱབ་སྐྱོར་གྱིས་ཡེ་ཤུས་ཆོས་སྤེལ་བ་མང་པོ་དམར་གསོད་དང་ཆོས་ཁང་མེར་བསྲེགས།ཕྱི་རྒྱལ་གྱི་དངོས་པོ་དང་ལྟ་གྲུབ་ཡོངས་ལ་ངོ་རྒོལ་གྱིས་ཕྱི་རྒྱལ་གཞུང་ཚབ་ཁག་ལ་གཏོར་རྒོལ་བཅས་བྱས་སྟབས།
མཐའ་མར་ཉི་ཧོང་དང་ཨ་རི།རུ་སུ་དང་ཨིན་ཇི།ཕ་རན་སི་དང་འཇར་མན་སོགས་རྒྱལ་ཁབ་བརྒྱད་ཀྱིས་མན་ཇུར་དམག་འཁྲུག་བརྒྱབས་ཏེ་རྒྱ་ནག་ལ་ཕམ་ཉེས་ཆེན་པོ་བྱུང་།དེ་ཚོ་རྒྱ་ནག་གི་ལོ་རྒྱུས་གང་སར་ཕྱིས་བཙན་འཛུལ་ལ་ངོས་འཛིན་བྱེད་བཞིན་པ་ལས།མན་ཆིན་གཞུང་དེ་ལོ་རྒྱུས་སྟེང་སོ་སོའི་གཞུང་ལ་བརྩིས་ཀྱི་ཡོད་པ་རེད།
སྐབས་དེ་ཤེད་ཀྱི་སྔ་རྗེས་སུ་མན་ཇུ་ལ་ངོ་རྒོལ་གྱི་དྲག་ཟིང་སྣ་ཚོགས་བྱུང་ཡོད་པ་ནི་ནན་ཅིན་རྒྱལ་ས་བྱས་ཏེ་ཧོང་ཞིའི་ཆོན་ཟེར་བས་གྱེན་ལོག་གིས་ལྷོ་ཁུལ་དུ་ཞི་བདེ་གནམ་རྒྱལ་གྱི་རྒྱལ་ཁབ་བཙུགས་ཡོད་ལ།ཧྥུ་ཅན་སོགས་སུ་མིང་རྒྱལ་རབས་བསྐྱར་གསོའི་ངོ་ལོག ནུབ་བྱང་བརྒྱུད་དུ་ཁ་ཆེས་དྲག་པོའི་གྱེན་ལོག ཧྲང་ཧེ་ཁུལ་དུ་ཏཱ་མེན་གོ་སོགས་བཙུགས་པའི་དྲག་རྒོལ་བྱུང་བ།ཀོ་རི་ཡའི་གླིང་ཚོམ་ཆེད་ཉི་ཧོང་གིས་མན་ཇུ་ལ་དམག་འཁྲུག་བརྒྱབ་བཞིན་པ་སོགས་ཀྱི་སྐབས་བོད་དབུས་གཙང་དང་ཁམས་ཀྱི་ས་ཆ་ཁག་ཅིག་རང་བཙན་གྱི་ངོ་བོར་གནས་ཐུབ་ཡོད་པ་རེད།
འོན་ཀྱང་།ང་ཚོར་བློ་རྒྱ་དང་འཇོན་ཐང་ཆུང་དྲག་པ་དང་དོགས་པ་ཆེ་དྲག་པ།མགོ་བདེ་འཁྲབ་རྒྱུ་མང་དྲག་རྐྱེན་མཐའ་མ་གང་ཡང་མེད་པ་ཅིག་ཆགས་པ་རེད།ཕྱི་སོག་ལྟ་བུས་དགའ་ལྡན་དགོན་པའི་གྲ་བ་ཁག་ཅིག་ཨན་བན་གྱི་འཁོར་གཡོག་ཚོས་ཉེས་རྡུང་བཏང་བར་ཁག་བཏགས་ཏེ་ལྕགས་ཕག་གསར་བརྗེ་སོགས་དང་སྐབས་བསྟུན།རྒྱ་མི་ཨན་བན་དང་བཅས་པ་ཕྱིར་ཕུད་ཀྱིས་ཨུ་རུ་སུ་ལ་སྲུང་སྐྱོབས་དང་མཐུན་ཕྱོགས་མཐའ་གཅིག་ཏུ་བྱས་རྐྱེན།ཨུ་རུ་སུས་རྒྱབ་རོགས་སྲུང་སྐྱོབས་འོག་སྐབས་དེ་ནས་ད་ལྟ་བར་དུ་རང་བཙན་གཙང་མའི་ངོ་བོར་གནས་ཐུབ་ཡོད།
ང་ཚོས་ཨིན་ཇི་སོགས་ཀྱིས་ཇུས་འཁྲི་མང་ཙམ་བྱས་ཡོང་བསམ་དུས་རྒྱ་ནག་ལ་རེ་བཅོལ་ཁ་ཁྱེར་དང་སྤྲེལ་ལད་བྱས།རྒྱ་ནག་གིས་བཙན་འཛུལ་བྱས་དུས་ཨིན་ཇི་ལ་སྐྱབས་བཅོལ།སོག་པོས་ཐུབ་ཚོད་བཏང་དུས་མན་ཇུ་ལ་སྐྱབས་བཅོལ་བ་སོགས།བུད་མེད་འཕྱོན་མ་དང་རླུང་ཁའི་དར་ལྕོག་ནང་བཞིན་འཁྲབ།འཛམ་གླིང་དམག་ཆེན་གཉིས་པ་སོགས་བརྒྱབ་སྐབས་འབྲུག་ལྟ་བུ་རྒྱལ་ཕྲན་དེ་འདྲ་ཅིག་གིས་ཀྱང་ཨིན་ཇི་ཕྱོགས་འཛིན་བྱས་ཏེ་སྒོ་ཁྲལ་བསྡུས་ནས་རྒྱབ་སྐྱོར་བྱས་པས།ཕྱིས་རང་བཙན་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་བ་འབྲུག་གི་ལོ་རྒྱུས་སུ་གསལ།འོན་ཀྱང་།སྐབས་དེར་ང་ཚོས་མགོ་བདེ་ཤོས་འཁྲབ་ཁུལ་གྱིས་བར་གནས་ངང་སུ་ལའང་རྒྱབ་སྐྱོར་མ་བྱས་པར་བསྡད་དེ།དཀའ་ལས་མི་དགོས་པར་གྲུབ་འབྲས་ཟ་སེམས་བཅངས་བ་དེས།ཕྱིས་གཞན་གྱིས་ཚུར་བཙན་འཛུལ་བྱུང་སྐབས་མཐུན་ཕྱོགས་སྲུང་སྐྱོབས་མཁན་སུ་ཡང་མེད་པ་རེད།
རྒྱུ་མཚན་དེ་འདྲར་བརྟེན་ང་ཚོའི་ལོ་རྒྱུས་ནང་རང་བཙན་ཆེད་ངོམ་རིན་འོས་པ་ཅི་གང་མི་འདུག
༡༽ རྩོམ་འདི་ཁ་སྐད་ཤན་ཞུགས་ཆེ་བས་ཆ་ཚང་གོ་མ་ཐུབ་པ།
༢༽ལུང་འདྲེན་མང་པོ་བྱས་པ་དག་གནད་ལ་འཁེལ་མེད་པ།
༣༽དོན་དངོས་བཞག་སྟེ་རང་གི་ལྟ་བུའི་དགོས་མཁོར་ཞུགས་ཏེ་གླེང་བ།
༤༽ལྟ་རྒྱ་ཆེ་མདོག་གིས་རྒྱལ་ཁབ་འགའི་རང་བཙན་སྒྲོག་གཏམ་ཞེས་བཤད་ཀྱང་དོན་ལ་བོད་ཇི་ལྟར་རང་བཙན་ཡིན་པ་བཤད་ཡམས་ཙམ་ལས་དམིགས་བསལ་གང་ཡང་མེད་པ།
༥༽ཡིག་ནོར། དོན་ནོར། བརྡ་ནོར། གསུམ་གྱིས་མགོ་ལུས་ཡོངས་རྫོགས་ཧྲིལ་གྱིས་བཟུང་འདུག
དེ་འདྲ་མ་གསུངས་རོགས་བྱོས། ང་རང་ཚོ་ལ་ལོ་རྒྱུས་ནང་དུ་རང་བཙན་གྱི་ཆེད་དུ་ངོམ་རིན་འོས་པ་ཅི་གང་མེད་པ་དེ་འདྲ་ག་ལ་ཡིན། དངོས་པོའི་དཔང་རྟགས་དགོས་ན་དཔང་རྟགས་ཡོད། དཔེར་ན། བོད་ཀྱི་རྒྱལ་ཁང་ཕོ་བྲང་དམར་པོ་འདི་གཅིག་པོ་ལ་ཚན་རིག་པས་ཞིབ་འཇུག་བྱེད་ན་འགྲིག་པ་ཡོད་བསམས་ཀྱི་འདུག དེ་དང་དེ་བཞིན་བོད་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་གླུ སྐད་ཡིག་དང་རིག་གཞུང་། ཁྲིམས་ལུགས་དང་ཁྲལ་བསྡུ། ཤོག་སྒོར་དང་ཕྱི་སྐྱོད་ལག་ཁྱེར། བོད་དམག་དང་བདེ་སྲུང་དམག་མི། མདོ་ན་རང་བཙན་ཡོད་པའི་རྒྱལ་ཁབ་ཤིག་ལ་ཚང་དགོས་པ་ཆ་ཚང་ཡོད་བསམས་ཀྱི་འདུག་ལ་དངོས་ཡོད་རེད། དཔང་རྟགས་གསོན་པོ་ཡོད།
༡་་་ཁྱེད་ཀྱིས་་་་སྤྱི་ལོ་༡༩༡༢ལོར་མན་ཇུ་སྲིད་དབང་མཇུག་རྫོགས་པར་རྒྱ་ནག་གི་ལོ་རྒྱུས་སྨྲ་བ་སུས་ཀྱང་རྒྱ་ནག་རང་བཙན་ཐོབ་པར་བརྩིས་མྱོང་མི་འདུག་པར།བཀས་བཀོད་བརྒྱུད་འཛིན་གྱི་སྲིད་དབང་མཇུག་བསྡོམས་བྱས་པའི་ཆབ་སྲིད་ལམ་ལུགས་འགྱུར་བ་སོང་བར་བརྩིས་འདུག སྐབས་དེར་མན་ཇུ་ལ་མངའ་སྡེ་༢༢ཡོད་པའི་ནང་གི་མངའ་སྡེ་༡༧་ནས་རང་བཙན་གསལ་བསྒྲགས་བསྐྱངས་ཡོད་པ་རེད།ཅེས་གསུངས་འདུག
འོ་ན་ཅིའི་ཕྱིར་དུ་མངའ་སྡེ་༡༧་གྱིས་རང་བཙན་གསལ་བསྒྲགས་བྱས་པ་རེད་དམ། དྲི་བ་གཅིག་རེད། འདི་ལ་ལན་ཞིག་ཡོད་ན་ཉན་འདོད་ཆེན་པོ་འདུག་ལགས།
༢་་་གུན་ཁྲན་ཏང་གིས་ཁོ་རང་སོག་རྒྱལ་ཇར་གེར་རྒྱལ་པོའི་བུ་ཡིན་མདོག་མདོན་བྱེད་ཀྱི་ཡོད་པ་རེད། ཚ་བོ་རྐོང་ལེ་ཁར་ལགས་ཀྱིས་ས་སྐྱའི་འཕགས་པ་ཆོས་རྒྱལ་ལ་ས་ཆོལ་གསུམ་གྱི་བདག་དབང་ཕུལ་བས་རྒྱུ་མཚན་གྱིས་བོད་ཀྲུང་གོའི་ཆ་ཤས་རེད་ཟེར་གྱི་ཡོད་རེད།་་་རྒྱུ་མཚན་འདིས་ཡིན་ཟེར་ན།
སོག་རྒྱལ་ཇར་གེར་རྒྱལ་པོའི་བུ་རབས་ཚ་རྒྱུད་རྣམས་ཀྱིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཚང་མ་ཀྲུང་གོའི་ཆ་ཡིན་དགོས་པར་ཐལ་འགྲོ་གི་རེད། དེ་འདྲ་ཡིན་དུས་་་་ཨ་ཧྥི་རྒ་ནིས་སི་ཐ་དང་ཁ་ཟར་སི་ཐ་སོགས་ཀྱང་ཀྲུང་གོའི་ཆ་ཤས་ཡིན་དགོས་པ་མ་ཟད་ཡུང་རོབ་གླིང་ཕྲན་གྱི་ཕྱེད་ཙམ་མ་གཏོགས་ཚང་མ་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཡིན་དགོས་ངེས་རེད། རྒྱུ་མཚན་་་དེའི་ཕྱིར།
༣་་་ཁྱེད་ཀྱིས་་་་ང་ཚོས་ཨིན་ཇི་སོགས་ཀྱིས་ཇུས་འཁྲི་མང་ཙམ་བྱས་ཡོང་བསམ་དུས་རྒྱ་ནག་ལ་རེ་བཅོལ་ཁ་ཁྱེར་དང་སྤྲེལ་ལད་བྱས།རྒྱ་ནག་གིས་བཙན་འཛུལ་བྱས་དུས་ཨིན་ཇི་ལ་སྐྱབས་བཅོལ།སོག་པོས་ཐུབ་ཚོད་བཏང་དུས་མན་ཇུ་ལ་སྐྱབས་བཅོལ་བ་སོགས།བུད་མེད་འཕྱོན་མ་དང་རླུང་ཁའི་དར་ལྕོག་ནང་བཞིན་འཁྲབ།ཅེས་གསུངས་འདུག་པར་འདི་ནི་བདེན་པ་རེད་བསམས་ཀྱི་འདུག
མ་ཟད་དེང་སང་གི་དབུ་མའི་ལམ་འདི་ཡང་འཕྱོན་མོའི་སྤྱོད་པ་ལྟ་བུ་ཞིག་མཐོང་གི་འདུག ནུབ་ཕྱོགས་ཨ་མེ་རི་ཀ་གཙོ་བྱས་པའི་སྟོབས་ཆེན་དམངས་གཙོའི་རྒྱལ་ཁབ་ཁག་དང་ཐུག་དུས་དམངས་གཙོ་ཡིན་མདོག་མདོག་དང་དམངས་གཙོ་ལ་དགའ་མདོག་མདོག་བྱེད་ཀྱི་འདུག ཕར་རྒྱ་དམར་གུན་ཁྲན་ཏང་དང་ཐུག་དུས་དམར་ཕྱོགས་པའི་རྩ་ཁྲིམས་ཀྱི་སྒྲོལ་གཞིའི་འོག་ཏུ་སྡོད་ཀྱི་ཡིན་མདོག་མདོག་བྱེད་ཀྱི་འདུག དོན་དངོས་ཐོག་ང་རང་ཚོ་ག་རེ་རེད་དམ། དམངས་གཙོ་རེད་དམ་དམར་ཕྱོགས་རེད། གང་ལ་དགའ་འམ། སྤྱོད་པ་འདི་འདྲ་ཡོད་པའི་བུད་མེད་ལ་འཕྱོན་མོ་ཟེར་བ་མིན་འགྲོ་བསམས་ཀྱི་འདུག ངས་སྔོན་མ་ནས་འདིའི་སྐོར་དུ་བྲིས་མྱངས་ཡོད།
དེང་སང་བདེན་པ་དང་དྲང་པོ་བྱེད་མཁན་ལ་ངོ་སོ་མེད། ངོ་དགའ་སྤྲེལ་ཀླད་འཁྲབ་མཁན་ཚོ་ངོ་སོ་མཐོ་བ་ལ་ལྟོས་དང་། ཀླུ་མཁར་བྱམས་ཀྱིས་རང་བཙན་རྩོད་པས་བྱམས་གདོང་བླ་མའི་མིག་ནང་གི་གྲ་མ་དང་སྙིང་ནང་གི་ཚེར་མ་རུ་གྱུར། གླིང་ཚ་ཚེ་རྡོར་གྱིས་ཁྲག་མདོག་གི་དར་དམར་མཁའ་དབྱིངས་སུ་ཕྱར་བས་ཟམ་གདོང་བླ་མས་༧རྒྱལ་བའི་གཟིམ་ཆུང་དུ་མདུན་བཅར་ཞུ་རྒྱུའི་ལེགས་སྐྱེས་སྩལ། ཆུ་སྒང་དང་གཞོན་ལྷན་སོགས་ཀྱིས་རང་བཙན་འདོད་པས་དོལ་རྒྱལ་ཚོགས་པ་ལས་སྡུག་རབས་བཤད། ཟླ་ཚེས་སྤྱི་རྒྱུ་ཟོས་ཤིང་བཙན་བྱོལ་གཞུང་གི་རྩ་ཁྲིམས་རྩྭ་བཞིན་དོར་ཡང་བུ་བཞིན་བརྩེ་བས་བསྐྱངས། ཧཧཧཧཧཧཧཧ།
ཟམ་གདོང་ཟེར་ནས་བཅོས་་་་་་ཡང་ན་་་་་་བྱམས་སྡང་བླ་མ་ལབ་ན་ཡང་འགྲིག་པར་སེམས།
རིགས་ཞེན་བདེན་གི་་་་་་་དེང་སེང་བདེན་པ་བཤད་མཁན་ཚོ་ལས་དགྲ་བོའི་དར་དམར་འཁུན་མཁན་ཚོ་བྲིན།
རྩོམ་ཡིག་འདི་དང་འབྲེལ་ནས་འུར་མགོ་འཇགས་བསྡད་ཡོད་དུས་མ་གཏོགས་ང་བགྲོ་གླེང་ནང་ཞུགས་ཐུབ་མ་སོང་། ཁ་ཉིན་རྩོམ་སྐུར་སྐབས་བྲེལ་ཟིང་ཚ་བའི་སྒང་ཡིན་སྟབས་ཡག་པོ་ཞིག་ལྟ་ཐུབ་མ་སོང་། དེ་རང་གཞི་ནས་ལྟས་ཡོང་དུས་ཆད་རྐྱོན་འགའ་ཞིག་ཤོར་འདུག་ལ།
ས་བཅད་གསུམ་པའི་ནང་C. Goldstein གྱིས་བརྩམས་པའི་<> དང་ SIR CHARLES BELL ལགས་ཀྱིས་བརྩམས་པའི་<>ཞེས་དེབ་དེ་གཉིས་ཀྱི་མིང་ཆད་འདུག དེར་ཀློག་མཁན་རྣམས་པར་དགོངས་དག་ཞུ་རྒྱུ་དང་བཅས། བྱུང་ན་ཁ་རྡ་རྩོམ་སྒྲིག་པས་དེར་ཁ་གསབ་ཅིག་བརྒྱག་རོགས། སྐུ་མཁྱེན།
༣༩༽ ཀླུ་མཁར་བྱམས་ནས། ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༨ གི་ཆུ་ཚོད་ ༦ སྐར་མ་ ༢༧
རྩོམ་ཡིག་འདི་དང་འབྲེལ་ནས་འུར་མགོ་འཇགས་བསྡད་ཡོད་དུས་མ་གཏོགས་ང་བགྲོ་གླེང་ནང་ཞུགས་ཐུབ་མ་སོང་། ཁ་ཉིན་རྩོམ་སྐུར་སྐབས་བྲེལ་ཟིང་ཚ་བའི་སྒང་ཡིན་སྟབས་ཡག་པོ་ཞིག་ལྟ་ཐུབ་མ་སོང་། དེ་རང་གཞི་ནས་ལྟས་ཡོང་དུས་ཆད་རྐྱོན་འགའ་ཞིག་ཤོར་འདུག་ལ།
ས་བཅད་གསུམ་པའི་ནང་C. Goldstein གྱིས་བརྩམས་པའི་ དང་ SIR CHARLES BELL ལགས་ཀྱིས་བརྩམས་པའི་ཞེས་དེབ་དེ་གཉིས་ཀྱི་མིང་ཆད་འདུག དེར་ཀློག་མཁན་རྣམས་པར་དགོངས་དག་ཞུ་རྒྱུ་དང་བཅས། བྱུང་ན་ཁ་རྡ་རྩོམ་སྒྲིག་པའི་དེར་ཁ་གསབ་ཅིག་བརྒྱག་རོགས། སྐུ་མཁྱེན།
རྩོམ་ཡིག་འདི་དང་འབྲེལ་ནས་འུར་མགོ་འཇགས་བསྡད་ཡོད་དུས་མ་གཏོགས་ང་བགྲོ་གླེང་ནང་ཞུགས་ཐུབ་མ་སོང་། ཁ་ཉིན་རྩོམ་སྐུར་སྐབས་བྲེལ་ཟིང་ཚ་བའི་སྒང་ཡིན་སྟབས་ཡག་པོ་ཞིག་ལྟ་ཐུབ་མ་སོང་། དེ་རང་གཞི་ནས་ལྟས་ཡོང་དུས་ཆད་རྐྱོན་འགའ་ཞིག་ཤོར་འདུག་ལ།
ས་བཅད་གསུམ་པའི་ནང་C. Goldstein གྱིས་བརྩམས་པའི་ <>
དང་ SIR CHARLES BELL ལགས་ཀྱིས་བརྩམས་པའི་<>ཞེས་དེབ་དེ་གཉིས་ཀྱི་མིང་ཆད་འདུག དེར་ཀློག་མཁན་རྣམས་པར་དགོངས་དག་ཞུ་རྒྱུ་དང་བཅས། བྱུང་ན་ཁ་རྡ་རྩོམ་སྒྲིག་པའི་དེར་ཁ་གསབ་ཅིག་བརྒྱག་རོགས། སྐུ་མཁྱེན།
༣༩༽ ཀླུ་མཁར་བྱམས་ནས། ཁྱེད་རང་གི་མཆན་བུ་དག་མཆན་ཐོབ་རྒྱུ་ལ་སྒུག་ཡོད།
སྤྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༡༨ གི་ཆུ་ཚོད་ ༦ སྐར་མ་ ༢༧
རྩོམ་ཡིག་འདི་དང་འབྲེལ་ནས་འུར་མགོ་འཇགས་བསྡད་ཡོད་དུས་མ་གཏོགས་ང་བགྲོ་གླེང་ནང་ཞུགས་ཐུབ་མ་སོང་། ཁ་ཉིན་རྩོམ་སྐུར་སྐབས་བྲེལ་ཟིང་ཚ་བའི་སྒང་ཡིན་སྟབས་ཡག་པོ་ཞིག་ལྟ་ཐུབ་མ་སོང་། དེ་རང་གཞི་ནས་ལྟས་ཡོང་དུས་ཆད་རྐྱོན་འགའ་ཞིག་ཤོར་འདུག་ལ།
ས་བཅད་གསུམ་པའི་ནང་C. Goldstein གྱིས་བརྩམས་པའི་ A History of Modern tibetདང་ SIR CHARLES BELL ལགས་ཀྱིས་བརྩམས་པའི་ Portrait of a Dalai Lama ཞེས་དེབ་དེ་གཉིས་ཀྱི་མིང་ཆད་འདུག དེར་ཀློག་མཁན་རྣམས་པར་དགོངས་དག་ཞུ་རྒྱུ་དང་བཅས། བྱུང་ན་ཁ་རྡ་རྩོམ་སྒྲིག་པའི་དེར་ཁ་གསབ་ཅིག་བརྒྱག་རོགས། སྐུ་མཁྱེན།
ཁྱེད་ཀྱི་རྩོམ་ཡིག་འདི་ཤུགས་བརྒྱབ་ནས་ཐེངས་གཅིག་ ཀློག་ དགོས་བསམས་ཀྱང་།
དངོས་གནས་ཀློག་ཁག་པོ་འདུག
རྗེས་སུ་རྩོམ་ཡིག་ཁ་གསལ་གོ་བདེ་འབྲི་རྒྱུ་་ཐུགས་ལ་གཟུངས།