འཇམ་དབྱངས་ནོར་བུ།
————-
སྔ་ལོའི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ཙམ་ལ། སྲང་ལམ་གྱི་ཤིང་ཏོག་དང་ཚལ་རིགས་བཙོང་མཁན་གྱི་ཊུ་ནི་ཤེ་ཡའི་མི་ཉམ་ཆུང་ མོ་ཧ་མཱ་ཌི་ བྷོ་ཛི་ཛི་ཟེར་བ་ཞིག་གིས་ ས་གནས་ཀྱི་ཉེན་རྟོག་པ་དང་ལས་བྱེད་ཚོས་ཉིན་རྟག་པར་ཁོང་ལ་ཐུབ་ཚོད་དང་བརྙས་བཅོས་བྱས་པ་དང་། ཁོང་གི་ཐོན་རྫས་རྣམས་གཞུང་བཞེས་བྱས་པ་ལ་ངོ་རྒོལ་བྱེད་ཆེད་རང་ཉིད་མེར་སྲེག་བྱས་པ་རེད། ཁོང་གི་ལས་འགུལ་དེས་ཊུ་ནི་ཤེ་ཡའི་ས་ཆ་གང་སར་ངོ་རྒོལ་དང་འཕྲོག་བཅོམ་ཁྱབ་པར་གྱུར་པ་དེ་ཚོ་ ཟླ་དང་པོའི་ཚེས་ ༤ ཉིན་ བྷོ་ཛི་ཛི་ཤི་རྐྱེན་གྱིས་ཤུགས་ཇེ་ཆེར་སོང་ཞིང་། དེས་ མི་ལོ་ ༢༣ རིང་བཙན་དབང་བྱས་པའི་སྲིད་འཛིན་དང་དེའི་མགོ་འཁྲིད་རྣམས་ལུང་པ་བཞག་ནས་འབྲོ་དགོས་བཟོས་པ་རེད།
འདི་དང་དེའི་རྗེས་འབྲེལ་གྱི་ལས་འགུལ་རྣམས་ལ་ “མེ་ཏོག་ཨ་ཀར་གྱི་གསར་བརྗེ་”དང་ཡང་ན་ “ཨ་རབ་དཔྱིད་ཀ་”ཟེར་ཞིང་། དེའི་འབྲས་བུར་ཨི་ཇིབ་ནང་གི་ཞི་རྒོལ་གྱི་གསར་བརྗེ་དང་ལི་བྷི་ཡའི་ནང་གི་དྲག་པོའི་གྱེན་ལངས་༼དེའི་འབྲས་བུར་རང་གི་སྲིད་དབང་སྒེར་འཛིན་པ་འགྱེལ་བཅུག་པ་༽། བྷ་རཱེན་དང་སི་རི་ཡ། ཡེ་མན་བཅས་ཀྱི་ནང་དུ་མི་མང་གྱེན་ལངས་དང་། ཨི་སི་རེལ་དང་ཨེ་རག ཇོར་ལྡན། མོ་རོ་ཁོ། ཨོ་མན། ད་དུང་ས་ཆ་གཞན་བཅས་སུ་ངོ་རྒོལ་བྱུང་བ་དེ་དག་ནི་རང་རང་གི་ལས་འགུལ་སྒྲུབ་རྒྱུ་ལྷག་ཡོད་པ་རེད།
མོ་ཧ་མཱ་ཌི་ བྷོ་ཛི་ཛི་ཤི་བའི་རྗེས་ཀྱི་ཉིན་མ་བཅུ་གཉིས་པ་དེ་ནས་མགོ་བཙུགས་ཏེ། ལོ་འདིར་བོད་ནང་དུ་ད་བར་དུ་རང་ལུས་མེར་སྲེག་ཞུ་མཁན་བརྒྱད་བྱུང་ཡོད་ལ། ད་དུང་འདི་ལས་མང་ང་ཡོང་རྒྱུ་ཡིན་པའི་སྐད་ཆ་གོ་རྒྱུ་འདུག ངས་རྩོམ་ཡིག་འདི་བྲིས་ཟིན་པའི་རྗེས་ལ། མདང་ནུབ་སླར་ཡང་བསྐྱར་འབྲི་ཞིག་བྱས་ཏེ་དྲ་དེབ་དང་དྲ་བའི་དུས་དེབ་ཁག་ལ་གཏོང་གྲབས་བྱེད་དུས། མེར་སྲེག་གཏོང་བ་རྗེས་མ་དེ་བྱུང་འདུག དེར་བརྟེན་ངས་འདིར་དགོས་ངེས་ཀྱི་ཁ་སྐོང་བྲིས་པ་ཡིན། ཡིན་ནའང་། འཕྲལ་གྱི་གནས་ཚུལ་རྣམས་ཡོང་བཞིན་འདུག ཕྱི་ཟླ་༡༠ ཚེས་ ༡༥ ཉིན། ས་གནས་ཀྱི་ཆུ་ཚོད་ ༡༠ དང་སྐར་མ་ ༥༠ ཐོག་ཀིརྟི་དགོན་པའི་དགེ་འདུན་པ་ཟུར་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་ རྔ་བ་རྫོང་གི་དཀྱིལ་དུ་སྐུ་ལུས་མེར་སྲེག་བཏང་འདུག “མེ་ལྕེའི་ཁྲོད་ནས་ནོར་བུ་དགྲ་འདུལ་གྱིས་ “བོད་རང་བཙན་གཙང་མ་ཡིན།”ཞེས་དང་། “༧རྒྱལ་བ་རིན་པོ་ཆེ་སླར་ཡང་བོད་དུ་ཕེབས་ཤོག”ཅེས་སྐད་འབོད་བྱས་འདུག”
ཉེ་ཆར་གྱི་གནས་ཚུལ་གཉིས་ནི་བདུན་གཅིག་གི་གོང་ལ་ ཕྱི་ཟླ་ ༡༠ ཚེས་ ༧ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༡.༣༠ ཙམ་ལ་བྱུང་ཡོད་པ་དང་། ཀིརྟི་དགོན་པའི་གྲྭ་ ལོ་ ༡༩ ཅན་གྱི་ཆོས་འཕེལ་དང་། ལོ་ ༡༨ ཅན་གྱི་མཁའ་དབྱིངས་གཉིས་ཀྱིས་རྔ་བ་རྫོང་གི་གྲོང་ཁྱེར་དཀྱིལ་དུ་རང་གི་ལུས་མེ་ལྕེའི་ཁྲོད་ཕུལ་ཡོད། བཙན་བྱོལ་གྱི་མི་སྣ་ཁག་ལ་གནས་ཚུལ་དངོས་སུ་མཐོང་མཁན་རྣམས་ཀྱིས་བརྗོད་པ་ལྟར་ན། མེ་ལྕེའི་ནང་ཐིམ་ཡོད་པའི་སྐུ་ཞབས་གཉིས་ཀྱིས་ བོད་མི་རྣམས་ལ། རྒྱ་ནག་གི་བཙན་འཛུལ་ལ་ངོ་རྒོལ་བྱེད་ཆེད་ཆིག་སྒྲིལ་དང་ཡར་ལངས་བྱེད་དགོས་ཞེས་རེ་འབོད་བྱས་ཡོད་པ་དང་། བོད་རང་དབང་དང་༧རྒྱལ་བ་རིན་པོ་ཆེ་བཙན་བྱོལ་ནས་སླར་ཕེབས་དགོས་པའི་སྐད་འབོད་གནང་འདུག
དེའི་ཉིན་གསུམ་གྱི་སྔོན་ལ། སྤྱི་ཟླ་ ༡༠ ཚེས་ ༣ ཉིན་ཆུ་ཚོད་ ༢ པ་ཙམ་ལ། སྐུ་ན་གཞོན་པའི་རབ་བྱུང་སྐལ་བཟང་དབང་ཕྱུག་ཞུ་བ་ཞིག་གིས་ ༧རྒྱལ་བ་རིན་པོ་ཆེའི་སྐུ་པར་བསྣམས་ཏེ། རྔ་བ་རྫོང་གི་སྲང་ལམ་ལྟེ་བ་དེར་ཕེབས་ནས་ བོད་ལ་རྒྱ་ནག་གི་དབང་བསྒྱུར་བྱས་པ་ལ་ངོ་རྒོལ་གྱི་སྐད་འབོད་བསྒྲགས་པ་དང་། དེ་ནས་ཁོང་གིས་རང་ཉིད་མེར་སྲེག་བཏང་འདུག
ཟླ་སྔོན་མའི་ནང་། སྤྱི་ཟླ་ ༩ ཚེས་ ༢༦ ཉིན། ཀིརྟི་དགོན་པའི་དགེ་འདུན་པ་ན་ཆུང་བློ་བཟང་སྐལ་བཟང་ཞུ་བ་དང་། བློ་བཟང་དཀོན་མཆོག་ཞུ་བ་གཉིས་ཀྱང་རྔ་བའི་གྲོང་ཁྱེར་དཀྱིལ་དུ་རྒྱ་ནག་ལ་ངོ་རྒོལ་ཆེད་རང་ལུས་མེར་སྲེག་བྱས་ཤིང་ ཁོང་གཉིས་ཆ་དགུང་ལོ་ ༡༨ ཙམ་ཡིན་པ་རེད། ཁོང་གཉིས་ཀྱི་གནས་སྟངས་གང་འདྲ་ཡིན་པ་དང་། གང་དུ་ཡོད་པ་སོགས་ཀྱི་ཐད་གསལ་ཆ་མེད།
ཟླ་བ་གཅིག་གི་གོང་སྟེ། སྤྱི་ཟླ་ ༨ ཚེས་ ༡༨ ཉིན་ དགུང་ལོ་ ༢༧ ལ་ཕེབས་པའི་ཁམས་རྟའུ་ཡི་ཉི་མཚོ་དགོན་པའི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ “ཆོས་དད་རང་དབང་དང་། བོད་རང་དབང་རང་བཙན། དེ་བཞིན་༧རྒྱལ་བ་རིན་པོ་ཆེ་སླར་ཕེབས་དགོས་པའི་”སྐད་འབོད་གནང་ནས་ རང་ལུས་མེར་སྲེག་གནང་སྟེ་གྲོངས་ཡོད་པ་རེད།
ལོ་འདིའི་ལོ་མགོ་ལ། སྤྱི་ཟླ་ ༣ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་ ཀིརྟི་དགོན་པའི་དགེ་འདུན་པ་དགུང་ལོ་བཅུ་དྲུག་ལ་སོན་པ་ཞིག་གིས་རང་ལུས་མེར་སྲེག་གནང་ཡོད་པ་རེད།
གཟིགས་མཁན་རྣམ་པར་དྲན་གསོ་ཞུ་རྒྱུ་ཞིག་ལ། ལོ་གཉིས་ཀྱི་གོང་ལ། ༢༠༠༩ ལོའི་ཟླ་བ་ ༢ ཚེས་ ༢༧ ཉིན་ཀིརྟི་དགོན་པའི་དགེ་འདུན་པ་རྟ་བྷེ་ཞུ་བ་ཞིག་གིས་རང་ལུས་ལ་མེ་སྒྲོན་དུས་ཉེན་རྟོག་པས་མེ་མདའ་བརྒྱབ་ཡོད་པ་དང་། དེ་ནས་ཉེན་རྟོག་པས་ཁོང་འཁྲིད་ཡོད་པ་རེད། ཁོང་ སྐུ་གསོན་ཡོད་པར་བཤད་མོད་གང་དུ་བཞུགས་ཡོད་མེད་ཐད་གསལ་ཆ་མེད།
བཙན་བྱོལ་བོད་མིའི་འཇིག་རྟེན་གྱི་གསར་འགྱུར་དང་མཆན་འགྲེལ་རྣམས་སུ་ ལས་འགུལ་འདི་དག་གི་“གོད་ཆག་”དང་ “འཇིགས་རུང་།” “ཡིད་སྐྱོ་བ།” “འུ་ཐུག་པའི་”ཆ་རྣམས་ནན་བརྗོད་བྱས་ཡོད་ཅིང་། ཆབ་སྲིད་དང་ལས་འགུལ་གྱི་ཚོགས་པ་ཁག་དང་དེ་བཞིན་ཕྱི་རྒྱལ་གྱི་རོགས་ཚོགས་དག་གིས་ རྒྱལ་སྤྱིའི་ངོས་ནས་འདི་ལ་མཚམས་འཇོག་ཡོང་ཐབས་བྱེད་དགོས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་འདི་ལ་འགོག་སྡོམ་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད། མར་མེ་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ། ཁྲོམ་སྐོར་སོགས་སྣེ་མང་ཞིག་བྱེད་བཞིན་ཡོད། རང་ལུས་མེར་སྲེག་གི་གནས་ཚུལ་ཇེ་མང་ལ་འགྲོ་སྲིད་པ་དང་། འདི་འདྲའི་ལས་འགུལ་མཚམས་འཇོག་བྱེད་པ་དང་ཡང་ན་དེ་ལྟར་མི་བྱེད་པའི་སྐུལ་མ་བྱེད་དགོས་པའི་སེམས་འཚབ་ཀྱང་སླེབས་བཞིན་ཡོད།
བཀའ་མོལ་འདི་དག་དང་ དེ་བཞིན་བློ་འཚབ་ཡོང་བ་དང་རྒྱབ་སྐྱོར་བྱེད་པ་བཅས་ནི་ཧ་ལས་པ་ཞིག་རེད་ལ། ངོ་མ་བཤད་ན། བོད་ནང་དུ་འབྱུང་བཞིན་པའི་གནས་ཚུལ་ལ་འཛམ་གླིང་གིས་དོ་སྣང་བྱེད་པ་ཡོང་ཆེད་དུ་དེ་འདྲའི་རྒྱབ་སྐྱོར་ཞིག་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། གལ་སྲིད་རྒྱབ་སྐྱོར་བ་རྣམས་རང་གི་ཐོག་མའི་ཧང་སངས་པའི་རྣམ་འགྱུར་དང་འཇིགས་སྣང་བཅོས་མ་མ་ཡིན་པ་དེ་བརྒལ་ནས་འགྲོ་མ་ཐུབ་པའམ། ཡང་ན། དགེ་འདུན་པ་འདི་དག་གིས་རང་གི་བློས་གཏོང་དེ་དག་ཇི་བཞིན་མཐོང་བར་འདོད་པ་སྟེ། དཔེར་ན། བོད་རང་དབང་རང་བཙན་གྱི་ཆེད་དུ་ལས་འགུལ་སྤེལ་དགོས་པའི་སྐུལ་མ་བྱས་པ་ལྟ་བུར་གཟིགས་མ་ཐུབ་ཚེ། ཁོང་ཚོ་ནི་ཅུང་ཟད་ལམ་ལོག་ཏུ་འཁྲིད་པའམ་མཐའ་ན་ཤེས་བཞིན་མ་ཡིན་པའི་ཐོག་ནས་ཁྱད་གསོད་བྱས་པར་འགྱུར་སྲིད། ད་དུང་ན་གཞོན་འདི་དག་གི་ལས་འགུལ་རྣམས་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་དད་མོས་རང་དབང་ཙམ་ཞིག་གམ། མཐའ་ན་ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་ “རང་སྐྱོང་”ཞེས་རྩོད་ལེན་བྱེད་ཀྱི་ཡོད་པ་ཞེས་ དབྱིན་ཇིའི་ཚགས་པར་ དཱ་ ཨིན་ཌི་པེན་ཌན་ཊི་ ༼རང་བཙན་༽ཞེས་པའི་ནང་དུའང་ཆེས་ཐབས་སྡུག་ཅིག་གི་ངོས་ནས་བཀོད་ཡོད་པ་ལྟར་འགྲེལ་བརྗོད་ལོག་པར་བྱས་ནའང་ལྡོག་ཕྱོགས་ཀྱི་གྲུབ་འབྲས་འབྱིན་རྒྱུ་ཡིན་པ་རེད།
ཁོང་ཚོས་འུ་ཐུག་ཐབས་ཟད་དང་རང་གི་མི་ཚེ་མུ་མཐུད་བསྐྱལ་མི་ཐུབ་པའི་ཐོག་ནས་ལས་འགུལ་སྤེལ་བའམ། དེ་བཞིན་ཁོང་ཚོས་བོད་རང་དབང་བརྩོན་ལེན་གྱི་ལས་འགུལ་ནི་མཇུག་སྒྲིལ་ཟིན་པ་ཞིག་ལ་ངོས་འཛིན་གྱིས་ལས་འགུལ་སྤེལ་བ་ཞིག་མིན་པ་ནི་དྭོགས་པ་བྱེད་མི་དགོས་པ་ཞིག་རེད། མེར་སྲེག་གི་སྐོར་ལ་ཐོན་པའི་གསར་འགྱུར་རྣམས་ནི་རབ་རིབ་ཅིག་རེད། ཡིན་ན་ཡང་། ག་རེ་ཁ་གསལ་པོ་འདུག་ཅེ་ན། ཁོང་ཚོས་“བོད་རང་དབང་རང་བཙན་”ཞེས་སྐད་འབོད་དང་ལྷན་དུ་ བོད་ནང་དུ་རྒྱའི་དབང་བསྒྱུར་བྱས་པ་དེ་ལ་ཆབ་སྲིད་ཀྱི་ངོ་རྒོལ་ཅིག་བྱས་པ་དང་། ༧རྒྱལ་བ་རིན་པོ་ཆེ་བོད་དུ་སླར་ཕེབས་རྒྱུར་འབོད་པ་ནི་གསལ་པོ་རེད། ༧རྒྱལ་བ་རིན་པོ་ཆེ་སླར་བོད་དུ་ཕེབས་པའི་དགོས་འདུན་བཏོན་པ་འདི་ནི་ངེས་པར་དུ་དེའི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནས་བབས་དང་བསྟུན་ནས་ཤེས་པར་བྱེད་དགོས་པ་ཞིག་རེད། གང་ཡིན་ཟེར་ན། ཆེས་ཐོག་མར་ཤེས་དགོས་པ་ནི། ནམ་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་ནི་བོད་རང་བཙན་གྱི་དོན་གྱི་བདག་པོའི་དབུ་འཁྲིད་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་དང་། དེ་ཡང་། ཁོང་ཆོས་ཀྱི་དབུ་འཁྲིད་ཅིག་ཏུ་ངོས་འཛིན་ཞུ་མཁན་རིགས་ཙམ་མ་ཡིན་པར། རང་རང་ལ་ཐུན་མོང་མ་ཡིན་པའི་ཆོས་ཀྱི་དབུ་འཁྲིད་ཡོད་པའི་བོན་པོ། བོད་པ་ཁ་ཆེ་བ་དང་ཡེ་ཤུ་བ་སོགས་ཀྱིས་ཀྱང་དེ་ལྟར་ངོས་འཛིན་པ་རེད།
བྷང་ལ་ཌེ་ཤ་བཅིངས་འགྲོལ་གྱི་དམག་ཁོངས་སུ་ཞུགས་མྱོང་མཁན་དང་དེ་བཞིན་བོད་ཀྱི་དྭང་ཟུར་ཡིན་པའི་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་ ༡༩༩༨ ལོའི་ཟླ་ ༤ པའི་ནང་ རང་ལུས་མེར་སྲེག་གནང་བ་དེས་ སྐབས་དེའི་བོད་ཀྱི་འཇིག་རྟེན་གྱི་མི་ཕལ་མོ་ཆེ་ཞིག་ལ་སྐུལ་ལྕག་ཐེབས་པ་བྱས་ཡོད་པ་ནང་བཞིན། ན་གཞོན་འདི་དག་ལའང་ཧ་ལམ་སྐུལ་ལྕག་ཐེབས་ཡོད་པ་རེད། ཁོང་གིས་ཏན་ཏན་དེ་ལྟར་བྱས་ཡོད་པ་རེད། ཁོང་བདེ་ཐང་ཡིན་པ་མ་ཟད་བགད་མོ་འཚེར་འཚེར་ཡིན་ལ། ད་དུང་དངུལ་གྱི་དཀའ་ངལ་ཡང་མེད་ལ། རང་དབང་ལུང་པ་ཞིག་གི་ནང་དུ་མེ་ཏོག་གིས་མཐའ་བསྐོར་བའི་མཚམས་ཁང་ཆུང་ཆུང་ཞིག་ཏུ་བཞུགས་ཀྱི་ཡོད། ཡིན་ན་ཡང་། ཁོང་གིས་ བོད་རང་དབང་རང་བཙན་གྱི་ཆེད་དུ་དེ་ལྟར་གནང་བ་རེད།
ན་གཞོན་བརྒྱད་པོ་འདིས་ མོ་ཧ་མཱ་ཌི་ བྷོ་ཛི་ཛི་སྐོར་ལ་ཡང་ཏན་ཏན་ཉན་ཀློག་བྱས་ཡོད་པ་རེད། ལྷག་པར་དུ་ལོ་འདིའི་ལོ་མགོར་རྒྱ་ཡིག་དྲ་དེབ་འབྲི་མཁན་དང་ལས་འགུལ་བ་དག་གིས་ ཨ་རབ་ཀྱི་དཔྱིད་ཀའི་སྐོར་གྱི་གནས་ཚུལ་རྣམས་ རྒྱ་ནག་ཁྱོན་ཡོངས་སུ་བསྒྲགས་སྤེལ་བྱས་པ་མ་ཟད། རྒྱ་མི་རྣམས་ལ་ཡང་རང་གི་མེ་ཏོག་ཨ་དཀར་གྱི་གསར་བརྗེ་མགོ་འཛུགས་དགོས་པའི་སྐུལ་མ་བྱས་པའི་རྗེས་སུ་ཁོང་ཚོས་དེ་དག་གཟིགས་ཡོད་པ་རེད། སྤྱི་ཟླ་ ༥ པའི་ནང་ “རྒྱ་ནག་གི་དབང་འཛིན་པ་དང་ཕྱི་རྒྱལ་གསར་འགོད་པའི་བར་གྱི་མི་ལོ་ཉི་ཤུའི་རིང་གི་འགལ་ཟླ་ཆེ་ཤོས་དེའི་ཁྲོད་”དུ་ཕྱི་རྒྱལ་གྱི་གསར་འགོད་པ་བཅོ་ལྔ་འཛིན་བཟུང་བྱས་པ་རེད། གསར་བརྗེའི་འབོད་སྐུལ་འདི་དག་ནི་གྲོང་ཁྱེར་ཁག་བཅུ་གསུམ་༼དེ་བཞིན་ཧོང་ཀོང་དང་ཐའེ་ཝན་དུ་ཡང་༽དུ་ཁྱབ་ཅིང་ཏན་ཏན་རྒྱའི་དཔོན་པོ་ཚོ་ལ་ཉེན་བརྡ་ཕོག་ཡོད་པ་རེད། ཌཱ་ ཨེ་ཊི་ལན་ཊིག་ཅེས་པའི་ཚགས་པར་གྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧེ་ལེ་རེ་ ཁི་ལིན་ཊོན་ལུང་འདྲེན་བྱས་པ་ལྟར་ན། “ཁོང་ཚོ་སེམས་འཚབ་ལངས་འདུག ཁོང་ཚོས་ལོ་རྒྱུས་འགོག་ཐབས་བྱེད་ཀྱི་ཡོད་རེད་ལ། དེ་ནི་ལྐུགས་པའི་བྱེད་སྟངས་རེད། ཁོང་ཚོས་དེ་ལྟར་བྱེད་ཐུབ་ཀྱི་མ་རེད། ཡིན་ན་ཡང་ཁོང་ཚོས་གང་ཐུབ་ཐུབ་ཀྱི་བར་དུ་འགོག་གི་རེད།”ཅེས་བཤད་འདུག ནིའུ་ཡོག་ ཊེའམ་སི་ ༼དུས་བབ་༽ཡིས་གནས་ཚུལ་བཀོད་པ་ལྟར་ན། པེ་ཅིན་གྱི་ཉེན་རྟོག་པས་ མེ་ཏོག་ཁྲོམ་ས་ཁག་ཏུ་ཨ་དཀར་གྱི་མེ་ཏོག་བཙོང་མི་ཆོག་པའི་བཀག་རྒྱ་བྱས་པ་དེས་སྡེབ་ཚོང་གི་གོང་ཚད་ལྡིབ་ཏུ་བཅུག་ཡོད་པ་རེད། དེའི་རྗེས་འབྲེལ་དུ་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་བ་སུམ་ཅུ་སོ་ལྔ་འཛིན་བཟུང་བྱས་ཡོད་ཅིང་། འཛིན་བཟུང་གྲགས་ཆེ་ཤོས་དེ་ནི་སྙིང་སྟོབས་ཅན་གྱི་སྒྱུ་རྩལ་རི་མོ་བ་ཨེ་ཝེ་ཝེ་ཡིན་པ་རེད།
མོ་ཧ་མཱ་ཌི་ བྷོ་ཛི་ཛི་ཡིས་ རང་ལུས་མེར་སྲེག་དེས་ ལོ་བཅུ་ཕྲག་མང་པོའི་རིང་གི་འཇིགས་སྣང་དང་ཚོར་མེད། ཁྱད་གསོད། ངལ་དུབ་བཅས་ཀྱི་འོག་ཡོད་པའི་ཤར་དཀྱིལ་གྱི་མི་རྣམས་སད་བཅུག་ནས་ མི་ཚེ་གཅིག་ལྕོགས་ཀྱི་སྲིད་འཛིན་དང་ཆེས་མཐོའི་མགོ་འཁྲིད། བཙན་གནོན་མགོ་འཁྲིད་བཅས་ཀྱི་གོ་གནས་འབེབས་བཅུག་པ་ཇི་བཞིན། བོད་ཀྱི་དགེ་འདུན་པ་ན་གཞོན་བརྒྱད་ཀྱི་སྐུ་ལུས་མེར་སྲེག་གནང་བ་ནི། བོད་མི་རྣམས་གཉིད་སད་དེ་ལས་འགུལ་སྤེལ་ཆེད་ ཆེས་རྩ་ཆེའི་བློས་གཏོང་གི་གསར་བརྗེའི་ལས་འགུལ་ཞིག་ཡིན་པ་རེད།
དབུ་འཁྲིད་གསར་པ་ཞིག
༢༠༠༨ ཚུན་དང་ དེ་བཞིན་ལོ་འདིའི་ནང་བོད་ནང་དུ་སྤེལ་བཞིན་པའི་གསར་བརྗེའི་ལས་འགུལ་འདི་དག་གིས་ བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་དེ་ ད་ཆ་ཏན་ཏན་བོད་ནང་ལོགས་ནས་ཡོང་གི་ཡོད་པ་དེ་གསལ་པོར་མཚོན་གྱི་འདུག ངས་ རང་དབང་འཐབ་རྩོད་ཀྱི་ “ཁ་ཕྱོགས་”དེ་ལ་ཟེར་བ་ལས། བཙན་བྱོལ་བོད་མིའི་དབུ་འཁྲིད་ལ་ཟེར་གི་མེད། བཙན་བྱོལ་ནང་ལ། བཤད་སྟངས་གཅིག་བྱས་ན། གྲང་དམག་གི་དུས་རབས་འདིར་ཧ་ལམ་རྒྱུན་རིང་ཤོས་ལ་གནས་པར་གྱུར་པའི་བཙན་བྱོལ་གཞུང་སྟེ། སྔོན་མའི་བཙན་བྱོལ་བོད་གཞུང་དེ་ད་ཆ་གཞུང་འབྲེལ་མིན་པའི་འཛིན་སྐྱོང་ཞིག་གིས་ཚབ་བྱས་ཡོད་པ་རེད།
གྲང་དམག་དུས་རབས་ཀྱི་བཙན་བྱོལ་གཞུང་རྣམས་ལ་ སྔོན་མ་རང་ཉིད་བྲོས་ནས་འགྲོ་དགོས་བྱུང་བའི་ལུང་པར་ལོག་ནས་བཅིངས་འགྲོལ་བྱས་པའི་ལོ་རྒྱུས་ཅུང་སྐྱོ་པོ་ཡོད་རེད། མཐའ་ན་གཞུང་འདི་ཚོའི་གྲས་མང་ཆེ་བ་ལ་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་ཨིན་ཇི་ལྟ་བུའི་རྒྱབ་སྐྱོར་དང་ངོས་འཛིན་བྱས་ཡོད་ནའང་དེ་འདྲ་ཡིན་པ་རེད། པཱོ་ལེན་ཌཱི་ཡིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་དང་ཕྱིས་ཀྱི་ཨུ་རུ་སུའི་བཙན་འཛུལ་སྐབས་སུ་ ལོན་ཌཱོན་དུ་བཙན་བྱོལ་གཞུང་ཞིག་འཛུགས་གཉེར་བྱས་པ་རེད། ཡིན་ན་ཡང་པཱོ་ལེན་ཌཱི་ནང་ཁུལ་གྱི་རང་དབང་ཚོང་འབྲེལ་སྤྱི་མཐུན་སྟེ། ཡུན་རིང་བའི་མི་མང་གྱེན་ལངས་ཀྱི་ངོ་རྒོལ་དེ་ལ་བརྟེན་ནས་ གཞི་ནས་ ༡༩༩༠ ལོར་ཨུ་རུ་སུའི་བཙན་གནོན་ལས་ལུང་པ་རང་བཙན་ཐོབ་པ་རེད།
ཅེག་ལ་མཚོན་ལ་ཡང་དམག་ཆེན་གྱི་སྐབས་སུ་ལོན་ཌོན་དུ་བཙན་བྱོལ་གཞུང་ཞིག་ཡོད་པ་དེ་ ༡༩༤༥ ལོར་ཅེག་ཁོ་སི་ལོ་ཝི་ཡར་ལོག་པ་རེད། ཡིན་ན་ཡང་ལུང་པ་འདི་ཨུ་རུ་སུའི་ནང་ཤུགས་ཆེར་ཐིམ་ཟིན་པ་རེད་ལ། ལྷག་པར་དུ་ ༡༩༦༨ ལོར་རྒྱལ་ས་པཱི་རཱག་གི་ནང་རཱ་ཤི་ཡའི་ཐན་འཁོར་བསྐོར་བ་ནས་བཟུང་དེ་ལྟར་ཡིན་པ་རེད། དེ་ཡང་ཅེག་ཁོ་སི་ལོ་ཝི་ཡའི་ནང་གི་ཅེག་མི་དམངས་ཀྱིས་ “ཝེལ་ཝེ་ཊཱི་གསར་བརྗེ་”ཞེས་པ་བརྒྱུད་ནས་བློས་གཏོང་དང་འབད་བརྩོན་བྱས་པ་ཁོ་ན་ལ་བརྟེན་ནས་ ༡༩༨༩ ལོར་ལུང་པ་རང་དབང་ཐོབ་པ་རེད།
མཐའ་ན་ཨུ་རུ་སུའི་བཙན་འཛུལ་གྱི་འོག་ནས་ཀྱང་ བྷོད་ཊིག་གི་རྒྱལ་ཁབ་ཁ་ཤས་ཀྱིས་ཡུ་རོབ་ཀྱི་ནང་དུ་ཕྱི་འབྲེལ་སྐུ་ཚབ་སྒེར་བདག་ཅན་འཛིན་ཐུབ་པ་བྱུང་ཡོད་པ་རེད། ལི་ཐུ་ནི་ཡ་ལ་གྲོང་ཁྱེར་ཆི་ཀ་གོ་དང་རོམ་གྱི་ནང་དུ་སྐུ་ཚབ་དོན་གཅོད་ཁང་ཡོད་པ་རེད་ལ། ལེ་ཐི་ཝི་ཡའི་ཕྱི་འབྲེལ་ཞབས་ཞུ་ཁང་གིས་ ལོན་ཌོན་དང་ནིའུ་ཡོག་གི་རང་གི་ལས་ཁུངས་སུ་ལེ་ཐི་ཝི་ཡའི་རང་བཙན་ཆེད་སྐུ་ཚབ་ཉར་ཡོད་པ་རེད། ཨི་སི་ཊཱོ་ནི་ཡ་གཅིག་པུར་ ༡༩༥༣ ལོ་ནས་ ༡༩༩༢ བར་བཙན་བྱོལ་གཞུང་ཞིག་སི་ཝི་ཌེན་ནང་དུ་ཡོད་པ་༼ནིའུ་ཡོག་ཏུ་སྐུ་ཚབ་དོན་གཅོད་ཁང་ཡོད།༽རེད། ཡིན་ན་ཡང་བྷོད་ཊིག་གི་རྒྱལ་ཁབ་དེ་ཚོའི་ནང་རང་དབང་ནི་ ༡༩༨༠ སྨད་དུ་བྱུང་བའི་ལུང་པའི་ནང་གི་མི་དམངས་ཀྱི་ངོ་རྒོལ་སྐད་འབོད་ཁོ་ན་ལས་བྱུང་ཡོད་པ་རེད་ལ། དེའི་གྲས་ཀྱི་གཅིག་ནི་ “གླུ་ལེན་གྱི་གསར་བརྗེ་”ཞེས་པ་དེ་རེད། མིང་དེ་ཡོད་པའི་དངོས་བརྗོད་ཀྱི་གློག་བརྙན་ཞིག་ ༢༠༠༧ ལོར་བཀྲམས་ཡོད་ཅིང་དེ་ནི་བོད་དོན་ལས་འགུལ་བ་ཚང་མས་བལྟ་དགོས་པ་བཟོས་ཡོད། ཧ་ཅང་བློ་ཡུལ་ལས་འགོངས་པ་དང་གྲགས་ཆེ་བའི་སྐད་འབོད་དེ་ནི་ “བྷོད་ཊིག་གི་ལྕགས་ཐག་”༼ཡང་ན་རང་དབང་གི་ལྕགས་ཐག་༽ཅེས་པ་སྟེ། ༡༩༨༩ ལོའི་ཟླ་ ༨ ཚེས་ ༢༣ ཉིན་བྱུང་བའི་ཞི་བའི་ཆབ་སྲིད་ཁྲོམ་བསྐོར་དེ་ཡིན། ཧ་ལམ་མི་འབོར་ས་ཡ་གཉིས་ཙམ་གྱི་མི་དམངས་ཀྱིས་ལག་སྦྲེལ་བྱས་ཏེ་བྷོད་ཊིག་གི་རྒྱལ་ཁབ་གསུམ་གྱི་ཁྱོན་དུ་སྤྱི་ལེ་ ༦༠༠ ཡི་རིང་ཚད་ལ་ཁྱབ་པའི་མིའི་ལྕགས་ཐག་ཅིག་བསྐྲུན་པ་རེད། དེ་འདྲའི་མཚོན་དོན་ཡོད་ལ་ད་དུང་སྟོབས་ཆེ་བའི་ལས་འགུལ་གྱིས་གནའ་བོའི་རྒྱལ་ཁབ་འདི་དག་ལ་རང་དབང་འཁྱེར་ཡོང་བ་ཙམ་དུ་མ་ཟད། ཨུ་རུ་སུ་མཉམ་འབྲེལ་འཐོར་བཤིག་ཏུ་འགྲོ་བ་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་པ་རེད།
ལམ་ལྷོང་ཅན་གྱི་གསར་བརྗེ་འདི་དག་གི་ཁྲོད་ཀྱི་བློ་ཡུལ་ལས་འགོངས་པ་ཞིག་ནི། ལུང་པ་འདི་དག་མཐར་བཅིངས་གྲོལ་གཏོང་བར་བྱེད་པའི་མི་དམངས་གྱེན་ལངས་དེ་ལ་བཙན་བྱོལ་གཞུང་དེ་དག་གིས་གྲུབ་འབྲས་སྨིན་པར་བྱས་པའམ་ཡང་ན། དེ་ལ་ཤུགས་རྐྱེན་ཙམ་ཡང་ཐེབས་མེད་པ་འདྲ། བཙན་གནོན་འོག་ཚུད་པའི་རྒྱལ་ཁབ་འདི་རྣམས་ཀྱི་མི་དམངས་ལ་རང་དབང་ཐོབ་པ་ནི་ཁོང་ཚོ་རང་ཉིད་ཀྱི་འབད་བརྩོན་དང་སྙིང་སྟོབས། བློས་གཏོང་བཅས་བརྒྱུད་ནས་ཡིན་པ་རེད། ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་འཛམ་གླིང་ཁྱོན་དུ་བྱུང་བའི་ཡུལ་བབས་ཆབ་སྲིད་ཀྱི་འགྱུར་བ་ཆེན་པོ་དེ་དག་གིས་འཐབ་རྩོད་འདི་དག་ལ་ཕན་ཐོགས་བྱུང་ཡོད་པ་ནི་ཞུ་མ་དགོས་པ་ཞིག་རེད།
ང་ཚོ་རང་གི་བཙན་བྱོལ་བོད་གཞུང་གིས་ལོ་འདིའི་དབྱར་ཁར་ རང་མཇུག་རང་གིས་བསྒྲིལ་བའི་རྐྱེན་གྱིས། ངས་བཙན་བྱོལ་གཞུང་འདི་དག་དང་རང་དབང་འཐབ་རྩོད་འདི་དག་གི་ལོ་རྒྱུས་སྔོག་འདོན་བྱས་པ་ཡིན། ༧རྒྱལ་བ་རིན་པོ་ཆེས་བཙན་བྱོལ་གཞུང་མཇུག་སྒྲིལ་རྒྱུ་དང་ཚོགས་པ་ལྟ་བུ་ཞིག་གིས་དེ་ཚབ་བྱེད་རྒྱུའི་ཐག་གཅོད་བྱས་པ་དེས་ ངའི་ངོ་ཤེས་པ་མང་པོ་དང་དེ་བཞིན་གཞུང་ཞབས་ཟུར་པ། རང་བཙན་ལས་འགུལ་བ་བཅས་ནི་ཤིན་ཏུ་ཧ་ལས་པ་དང་དཀའ་ངལ་ཅན་དུ་གྱུར། དྷ་རམ་ས་ལའི་རྙོག་གླེང་ལ་བརྟེན་ནས་ བོད་དོན་དང་བོད་རང་དབང་འཐབ་རྩོད་འདི་ཡང་མཇུག་སྒྲིལ་རྒྱུའི་ཉེན་ཁ་བཟོས་ཡོད་པའི་ཉེན་བརྡ་དང་སེམས་འཚབ་ཀྱང་སླེབས་པར་གྱུར།
ང་ཚོའི་བཙན་བྱོལ་གཞུང་གི་ལོ་ངོ་བཅུ་ཕྲག་དང་པོ་དང་དེའི་ཡས་མས་ནི་ རང་དབང་འཐབ་རྩོད་དམ་ཡང་ན་བོད་ཀྱི་རིག་གཞུང་རྒྱུན་འཛིན་ཙམ་མ་ཡིན་པར། ང་ཚོའི་རང་གི་ངོ་བོ་དམར་རྗེན་མ་དེ་ལ་འཐམས་ནས་སྡོད་རྒྱུ་ལ་ཡང་དངོས་གནས་གལ་གནད་ཆེ་བ་ཞིག་ཡིན་པ་ནི་ཞུ་མ་དགོས་པ་རེད། ངས་སྔོན་ནས་བྲིས་མྱོང་བ་ལྟར། ནང་ཁུལ་གྱི་རྩོད་རྙོག་ཡོད་མེད་ལ་མ་ལྟོས་པར་ ༡༩༥༩ ལོའི་རྗེས་ཀྱི་ལོ་ངོ་བཅུ་ཕྲག་འགའ་ཞིག་གི་རིང་ལ་ བཙན་བྱོལ་གཞུང་གིས་ལས་ཀ་ཧ་ལས་པའི་ཡག་པོ་ཞིག་གནང་ཡོད་པ་ནི་དྭོགས་པ་མེད་པ་ཞིག་རེད། ༡༩༦༨ ལོ་ནས་བཟུང་བཙན་བྱོལ་གཞུང་ལ་ལས་ཀ་བྱེད་མགོ་བཙུགས་པ་ཡིན་མོད། དེའི་སྔོན་དུ་ རང་གི་སློབ་གྲྭའི་དགུན་ཁའི་གུང་གསེང་དང་བསྟུན་ནས་ལོ་ཤས་རིང་དྭང་བླངས་དགེ་རྒན་གྱི་ལས་ཀ་བྱས་པ་ཡིན། བཙན་བྱོལ་གཞུང་གི་སྒྲིག་འཛུགས་དང་དེའི་ལས་བྱེད་རྣམས་ཀྱི་ལྷག་བསམ་གྱིས་ང་ནི་ཡ་མཚན་པ་དང་སེམས་ཤུགས་འཕར་བཅུག་སོང་། ཉིན་མ་གཅིག་ལ། ངས་བཙན་བྱོལ་བོད་མིའི་མི་ཐོག་དང་པོ་རྣམས་ཀྱིས་དཀའ་ངལ་ཆེས་མང་པོ་ལ་གདོང་ལེན་གྱིས་བཙན་བྱོལ་གཞུང་ཇི་ལྟར་བཙུགས་པ་དང་། རིམ་གྱིས་གཞུང་འདིས་ཅིའི་ཕྱིར་རང་གི་རྩ་བའི་དམིགས་ཡུལ་དོར་ནས་སྒྲིག་འཛུགས་ཤིག་ཆགས་པ་དང་། ཕྱི་ཚུལ་དུ་སྒྲིག་འཛུགས་དེའི་དམིགས་ཡུལ་ངོ་མ་དེ་ཡང་མར་རྒྱས་ཀྱི་རྣམ་པས་ཧ་ཅང་དགོད་བྲོ་བ་དང་ཐབས་རྡུགས་ཀྱི་ངང་སྒྲིག་འཛུགས་དེ་རང་སྲ་བརྟན་དུ་བྱེད་རྒྱུ་དེ་རང་ཡིན་པ་འདྲ་བ་དེ་དག་གི་ལོ་རྒྱུས་ཆ་ཚང་བ་ཞིག་འབྲི་ཐུབ་པའི་རེ་བ་ཡོད།
དྲ་དེབ་འདིར་ངས་རྩོམ་སྔོན་མ་ མགོ་འཛུགས་ཆེད་ཀྱི་མཇུག་སྡོམ། ཞེས་བྲིས་པའི་ནང་དུ། ངས་༧རྒྱལ་བ་རིན་པོ་ཆེས་བོད་རྒྱལ་ཁབ་ཆེན་པོའི་དབུ་འཁྲིད་ཀྱི་མཚན་གནས་ཙམ་ཞིག་འཛིན་དགོས་པའི་རེ་སྐུལ་ཞུས་པ་མ་ཟད། བཙན་བྱོལ་གཞུང་དེ་སྒྲིག་འཛུགས་ཤིག་ཏུ་བསྒྱུར་རྒྱུར་འགོག་རྒོལ་བྱས་ཡོད། སྐབས་དེར་ངས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་མི་ཚེ་དེས་རང་གི་རང་བྱུང་གི་ལོ་དུས་རྫོགས་ཟིན་པ་ཙམ་དུ་མ་ཟད། གཅིག་བྱས་ན། ༧རྒྱལ་བ་རིན་པོ་ཆེས་དགོངས་ཞུ་གནང་བ་དང་བཙན་བྱོལ་བོད་གཞུང་མཇུག་སྒྲིལ་བ་དེ་དག་དུས་ལ་རན་པ་ཡིན་པའི་གནད་དོན་ཞིག་མ་མཐོང་བ་རེད།
གལ་སྲིད་ང་ཚོས་ ༢༠༠༨ ལོའི་གསར་བརྗེའི་ལས་འགུལ་སྟེ། ལྷ་ས་མེ་ལྕེའི་ཁྲོད་ཡོད་པའི་ལོ་དེ་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། བོད་ཀྱི་ས་ཆ་ཁྱོན་ཡོངས་སུ་བོད་མི་སྟོང་ཕྲག་མང་པོ་རང་རང་གི་དགོན་པ་དང་ཁྱིམ། སྦྲ་གུར་ནས་ཕྱིར་རྒྱུགས་ཏེ། རི་ངོགས་ནས་ཐུར་དུ་རང་གི་རྟ་ལ་ཞོན་ནས། བོད་ཀྱི་རྒྱལ་དར་འཕྱར་སྟེ། བོད་ཀྱི་རང་དབང་དང་རང་བཙན་གྱི་འབོད་སྒྲ་བསྒྲགས་པ་དེ་ང་ཚོས་ཏན་ཏན་དྲན་ངེས་ཡིན། ད་དུང་བཙན་བྱོལ་ནང་གི་ཚོགས་པ་ཆེ་ཁག་ལྔ་མཉམ་འབྲེལ་གྱིས་བོད་མིའི་གྱེན་ལངས་ལས་འགུལ་སྤེལ་ཏེ་བོད་དུ་ཞི་བའི་གོམ་བགྲོད་བྱས་པ་ཡང་ཏན་ཏན་དྲན་གྱི་རེད། བཙན་བྱོལ་བོད་མི་དང་༼གྲོགས་པོ་༽ཚོས་ པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་དང་དེའི་དཔལ་འབར་འཁྱེར་བ་ལ་ངོ་རྒོལ་དང་བོད་ཀྱི་གྱེན་ལངས་ལ་རྒྱབ་སྐྱོར་ཆེད་ “རིག་རྩལ་ཅན་གྱི་ལས་འགུལ་”གཞི་རྒྱ་ཆེ་ཞིང་ངར་ཤུགས་འཛོམས་པའི་ངོ་རྒོལ་འཛམ་གླིང་སྟེང་གི་ས་ཆ་གང་སར་སྤེལ་བ་ཡང་དྲན་གྱི་རེད།
ང་ཚོས་རང་གི་དྲན་པའི་ཡུལ་དུ་སྣང་མེད་ཀྱི་ཚུལ་དུ་བཀག་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེས་ བོད་མི་ཚོས་ལྷ་སར་འཕྲོག་བཅོམ་བྱས་པའི་རྒྱུ་རྐྱེན་གྱིས་ངོས་རང་དགོངས་པ་ཞུ་གི་ཡིན་ཞེས་གསུངས་ཡོད་པ་དེ་རེད། ༧རྒྱལ་བ་རིན་པོ་ཆེས་ད་དུང་ཚོགས་པ་ཁག་ལྔ་ལ་བཀོད་ཁྱབ་བཏང་ནས་བོད་དུ་ཞི་བའི་གོམ་བགྲོད་མཚམས་འཇོག་གནང་དགོས་པ་དང་། དེ་བཞིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་ “གཞུང་མང་ཛ་དྲག་ཚོགས་ཆུང་”བཙུགས་ཏེ་ངོ་རྒོལ་བྱེད་མཁན་གྱི་ཚོགས་པ་དག་གི་ནུས་པ་ཉམས་པར་བྱེད་པ་དང་། དེ་བཞིན་ངོ་རྒོལ་པ་དག་གིས་ རྒྱ་མིའི་རྒྱལ་དར་སྲེག་པའམ་ཡང་ “བོད་རང་བཙན་”དང་ “རྒྱ་མི་བོད་ནས་ཕར་རྒྱུགས་ཤིག་”ལྟ་བུའི་སྐད་འབོད་བྱེད་པ་རྣམས་འགོག་ཐབས་བྱས་པའང་ང་ཚོས་བརྗེད་ཡོད་སྲིད་པ་རེད། དེའི་ལོ་ཤས་ཀྱི་སྔོན་ལ་ཟམ་གདོང་རིན་པོ་ཆེས་རྒྱ་ནག་གི་དཔོན་རིགས་རྣམས་ཨ་རིར་ལྟ་སྐོར་སྐབས་བོད་མི་རྣམས་ཀྱིས་ངོ་རྒོལ་བྱེད་པ་བཀག་ཡོད་པ་རེད། ༢༠༠༨ ལོའི་ལས་འགུལ་ཚང་མ་དེ་ལས་ཀྱང་གལ་གནད་ཆེ་བ་ཞིག་ཏུ་འདྲེན་ཐུབ་བམ། ལས་འགུལ་དེ་དག་གི་ནུས་སྟོབས་དང་ཁྱབ་ཤུགས་དེ་ཧ་ལས་པ་ཞིག་ཡིན་པ་དེ་ངས་གསལ་པོར་དྲན་གྱི་འདུག དེ་ནི་གསར་བཏོད་ཀྱི་མགོ་འཛུགས་དང་གང་ཡང་ཡོང་སྲིད་པ་ཞིག་ཡིན་པའི་ཚོར་སྣང་ཏན་ཏན་བྱུང་། ཡིན་ན་ཡང་ད་ཆ་ང་ཚོས་ཅི་ཡང་ཤེས་མི་ཐུབ། ཤེས་ཐུབ་བམ། དྷ་རམ་ས་ལ་ཡིས་རྒྱུན་ལྡན་གྱི་ཚོར་བ་དང་ཆོས་ལུགས་ཀྱི་སྡིགས་སྐུལ་བྱེད་ཀྱིན་ཡོད་ལ། རིམ་གྱིས་མི་ཚང་མའི་རེ་བ་དང་ཆོད་སེམས་ཀྱི་རླུང་བུ་ཤོར་བཅུག་ནས། ལོ་དེའི་ལོ་མཇུག་དེ་སྤྲེལ་ལད་དང་ཟོག་རྫུ་མཉམ་འབྲེལ་གྱི་རྣམ་པ་ཞིག་གི་ཁྲོད་བསྡུས་ཡོད་པ་དེ་ལ་ཟླ་བཅུ་གཅིག་པའི་དམིགས་བསལ་ཚོགས་ཆེན་ཞེས་ཀྱང་འབོད།
ངའི་འཇིགས་སྣང་ཆེ་ཤོས་དང་ངའི་གསང་བའི་གཉིད་ལམ་འཚུབ་པོ་དེ་ཡང་ངའི་མི་ཚེའི་རྨི་ལམ་གྱི་ནང་དུ་གནས་བཅས་ཡོད་པ་རེད། ངའི་རྨི་ལམ་ནི། མ་འོངས་པའི་ལོ་དུས་ཧ་ཅང་མི་རིང་བ་ཞིག་ལ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བའི་སྐབས་ཤིག་ཏུ ། ནང་ཁུལ་གྱི་འགལ་ཟླ་ཆེན་པོ་འགའ་༼མཐའ་ན་གསར་བརྗེ་ཡང་༽དང་ལྷན་གཅིག་ཏུ། རང་བཙན་གྱེན་ལངས་དེ་བོད་ཀྱི་ས་ཆ་གང་སར་༼ཤིན་ཅང་དང་སོག་པོ་ལ་ཡང་ཡོང་སྲིད་པ་༽ཁྱབ་འགྲོ་གི་རེད་ལ། མཐའ་མཇུག་བོད་རང་བཙན་དེ་ལེན་པའི་གོ་སྐབས་ཤིག་ང་ཚོའི་ལག་པར་ཡོང་གི་རེད། གནས་སྟངས་འདི་འཆར་སྣང་ལྟར་སྣང་མོད་འཆར་སྣང་ཞིག་མ་རེད། ༡༩༡༢ ལོར་ཡང་རྒྱ་ནག་གི་ཁྱོན་ཡོངས་ལ་དེ་བྱུང་མྱོང་ཡོད་པ་རེད།
དེ་ནས་ངའི་རྨི་ལམ་འཚུབ་པོ་ཡོང་གི་རེད། མ་འོངས་པའི་དུས་ཤིན་ཏུ་མི་རིང་བ་ཞིག་ན། གསར་བརྗེ་སླེབས་པའི་དུས་དེར། རང་གི་མ་རྩའི་སྒམ་ཆུང་ལ་ཕོག་ཐུག་མི་འགྲོ་སླད་རྒྱ་ནག་གི་དཔལ་འབྱོར་གྱི་ལྒང་བུ་མ་བརྡོལ་བར་སྡོད་འདོད་ཡོད་པའི་ནུབ་ཕྱོགས་ཀྱི་སྦྱིན་བདག་རྣམས་ཀྱིས་ བོད་ཀྱི་མགོ་འཁྲིད་ཚོ་ “བཀུག་”སྟེ། བོད་ནི་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཡིན་པ་དང་། བོད་མི་རྣམས་ལ་རྒྱ་ནག་གི་རྒྱལ་གཅེས་ཅན་གྱི་མི་སེར་བྱེད་རྒྱུ་ལས་གཞན་པའི་འདོད་པ་མེད་ཚུལ་བསྒྲག་རྒྱུ་དེ་རེད། དེ་ནི་ཁོང་ཚོས་ད་ལྟ་གསུངས་བཞིན་པ་དེ་དང་ཧ་ལམ་གཅིག་པ་རེད། འུ་ཐུག་པའི་རྒྱ་ནག་གིས་ད་དུང་དྷ་རམ་ས་ལ་ལ་རུས་པ་གཅིག་ཀྱང་གཡུགས་ནས་སླར་ཡང་སྐུ་ཚབ་ཚོགས་པ་ཞིག་༼ཐེངས་ཉེར་གསུམ་པ་ཡིན་ནམ༽པེ་ཅིན་དུ་ཡོང་དུ་འཇུག་སྲིད་ལ། མཐའ་ན་༧རྒྱལ་བ་རིན་པོ་ཆེ་ཡང་རི་བོ་རྩེ་ལྔར་ཕེབས་འཇུག་སྲིད་པ་རེད། འོན་ཀྱང་། དེས་ཏན་ཏན་གསར་བརྗེ་འདི་རྩ་མེད་དུ་གཏོང་གི་རེད།
ད་ལྟའི་ཆ་ལ་༧རྒྱལ་བ་རིན་པོ་ཆེས་རང་ལུས་མེར་སྲེག་གཏོང་བ་དེའི་ཐད་ལ་ཐད་ཀར་བཀའ་སློབ་གནང་མ་སོང་ལ། བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྱང་དེ་དག་མཚམས་འཇོག་ཡོང་བའི་འབོད་སྐུལ་བྱས་མ་སོང་། ངས་གུ་བཤངས་འདིའི་དྲིན་ཤེས་མོད། ཡིན་ན་ཡང་ངས་དེ་ལ་ཡིད་ཆེས་བློ་འགེལ་བྱེད་ཀྱི་མེད། ཡིན་ན་ཡང་། གཅིག་བྱས་ན་མཐའ་མ་འདིར་འཐབ་རྩོད་ཀྱི་དབུ་འཁྲིད་ནི་རང་སྲོག་གཏོང་འདོད་ཡོད་མཁན་ཚོར་དངོས་གནས་སྤྲད་ཟིན་པ་རེད།
མདུན་བསྐྱོད་ཀྱི་ལམ།
མདུན་བསྐྱོད་ཀྱི་ལམ་ནི། རང་བཙན་ནི་བོད་དུ་བཞུགས་པའི་སྤུན་ཟླ་ཕོ་མོ་ལ་འབྲེལ་བ་ཡོད་པའི་ཡིད་ཆེས་བྱེད་མཁན་བཙན་བྱོལ་བ་ང་ཚོ་ལ་མཚོན་ན། ཡོང་རྒྱུ་བསྡད་པའི་གསར་བརྗེ་འདི་དག་ལ་ཕན་ཐོགས་སྒྲུབ་པའི་ལམ་ཞིག་འཚོལ་རྒྱུ་དེ་རེད། ང་ཚོ་ལ་སྒྲུབ་དགོས་རྒྱུའི་ལས་འགན་ཏན་ཏན་ཡོད་པ་རེད། དེ་ནི་ཨ་རི་དང་ཡུ་རོབ་ཁུལ་དུ་སྡོད་པའམ་ཡང་ན་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཨ་རཱབ་ཀྱི་ལོ་གཞོན་ཚོས་ ལི་བྷི་ཡ་དང་ཨི་ཇིབ། ཊུ་ནི་ཤེ་ཡ་བཅས་ཀྱི་གྱེན་ལངས་ཁྲོད་ཞུགས་ཏེ། འབྲེལ་མཐུད་དང་སྨན་བཅོས། གསར་འགོད་དང་དེ་མིན་གྱི་ལག་རྩལ་དག་སྤྱད་ནས་ཨ་རཱབ་ཀྱི་དཔྱིད་ཀ་ལམ་ལྷོང་ཡོང་བཅུག་པ་དེ་དང་གཅིག་པ་རེད།
ད་ཆ་ང་ཚོས་དེ་དག་ཚང་མ་ཞིབ་ཕྲ་དབྱེ་ཞིབ་བྱེད་མི་ཐུབ། དེ་ནི་རང་བཙན་ལ་སེམས་ཤུགས་ཡོད་མཁན་རྣམས་ཀྱི་འདུ་འཛོམས་ཤིག་བརྒྱུད་དེ་བསམ་ཞིབ་གོ་བསྡུར་བྱེད་རྒྱུ་ཞིག་རེད། འདི་ནི་མི་རིང་བར་ཡོང་རྒྱུ་ཡིན་པ་དེ་ལ་ང་རང་གདེང་ཚོད་ཡོད། དེ་བཤད་ཟིན་པའི་རྗེས་ལ། དྲ་དེབ་འདིའི་ཐོག་ན་ད་ལྟ་རང་ང་ཚོས་བྱེད་དགོས་པའི་ལས་ཀ་ཁག་ཅིག་ཡོད། ང་ཚོའི་ལས་འགན་དང་པོ་ནི་བོད་ནང་གི་བོད་མི་ཚོར་བརྡ་ལན་ཞིག་སྤྲོད་རྒྱུ་དེ་རེད། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེས་དགོངས་ཞུ་གནང་བ་དང་བཙན་བྱོལ་གཞུང་སྒོ་བརྒྱབ་པ་དེ་ཏན་ཏན་གསན་ཡོད་པ་རེད། མི་མང་པོ་ཞིག་ཏན་ཏན་མགོ་འཐོམས་ཡོད་ཀྱི་རེད་ལ། ཁ་ཤས་ཤིག་གིས་བཙན་བྱོལ་བ་ཚོས་རྩ་དོན་ཡལ་བར་དོར་ཟིན་པའི་ཐག་གཅོད་བྱས་ཡོད་པ་ལ་ཐེ་ཚོམ་ཡོད་པ་མ་རེད། བྱས་ཙང་། ང་ཚོས་ཁོང་ཚོ་ལ་བརྡ་ལན་ཞིག་ ཁ་གསལ་པོ་དང་སྐད་མཐོན་པོའི་ཐོག་ནས བསྐྱལ་དགོས་པ་རེད། དེ་ཡང་ དྷ་རམ་ས་ལ་ནས་གནས་ཚུལ་རྣམ་པ་སྣ་ཚོགས་གང་འདྲ་ཞིག་ཐོན་ན་ཡང་། རང་བཙན་བརྩོན་ལེན་གྱི་ལས་འགུལ་ནི་འཛམ་གླིང་སྟེང་མུ་མཐུད་ནས་འགྲོ་གི་རེད་ལ། བོད་ནང་གི་བོད་མི་ཆེས་མང་པོའི་བློས་གཏོང་དང་སེམས་ཤུགས། སྙིང་སྟོབས་བཅས་ཀྱིས་རང་བཙན་ལས་འགུལ་འདི་ལ་ངར་ཤུགས་བསླངས་པ་མ་ཟད་ཡིད་འགུལ་ཐེབས་པའི་སྐུལ་ལྕག་ཐེབས་ཡོད་ཅེས་པ་དེ་རེད། བརྡ་ལན་འདི་བསྐྱལ་བའི་དུས་ཚོད་དང་གོ་སྐབས་ཧ་ཅང་རན་ཤོས་དེ་ནི་ ༢༠༡༢ ལོའི་སུམ་བཅུའི་དུས་དྲན་སྲུང་བརྩིའི་སྐབས་རེད། ད་ལོའི་སུམ་ཅུའི་དུས་དྲན་ནི་དམིགས་བསལ་གྱིས་མི་འདྲ་བ་ཞིག་རེད། འདི་ནི་ང་ཚོས་རྒྱ་ནག་གི་གོང་མ་ལ་གྱེན་རྒོལ་བྱས་ཏེ་རང་བཙན་དང་རང་དབང་གི་བོད་ཅིག་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བའི་སྐབས་ཡིན་པ་རེད།
༡༩༡༡ ལོའི་ཟླ་ ༡༠ པའི་ནང་རྒྱ་ནག་ཏུ་གསར་བརྗེ་ལངས་པ་རེད། བོད་སྡོད་རྒྱ་དམག་རྣམས་ཡུལ་མི་འཕྲོག་བཅོམ་གྱི་ལས་ཀར་ཞུགས་ཤིང་ལྷ་ས་གྲོང་ཁྱེར་གྱི་མི་རྣམས་སྐྱི་གཡའ་བ་བཟོས་པ་རེད། རྒྱལ་རབས་པ་ཆེན་པོ་ཞྭ་སྒབ་པ་ལགས་ཀྱིས་ང་ཚོར་བཤད་པ་ལྟར་ན། རྡོ་རྗེ་གླིང་དུ་བཙན་བྱོལ་དུ་བཞུགས་པའི་༧རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་ཁོང་གི་ལས་བྱ་བྱམས་པ་བསྟན་དར་དང་ཁྲི་སྨོན་ནོར་བུ་དབང་རྒྱལ་གཉིས་ གྱེན་རྒོལ་གྱི་སྣེ་འཁྲིད་བྱེད་ཆེད་ ལྷ་སར་བཏང་བ་རེད། ༡༩༡༢ ལོའི་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་ཁོང་ཚོས་བོད་སྡོད་རྒྱ་དང་མན་ཇུའི་དམག་མིའི་ཐོག་དམག་འདྲེན་པའི་གསལ་བརྡ་བཏང་བ་དང་། གྲོང་ཁྱེར་གང་སར་དམག་འཐབ་དྲག་མ་བྱུང་བ་རེད། དཀའ་སྡུག་དང་གདུག་རྩུབ་ཀྱི་དམག་འཐབ་ལོ་གཅིག་བྱས་ནས་ལོ་ངོ་གཅིག་མ་ཟིན་ཙམ་གྱི་རྗེས་སུ། རྒྱ་མི་ཚོས་མགོ་སྒུར་པ་དང་རྒྱ་གར་བརྒྱུད་ནས་རྒྱ་ནག་ཏུ་མཐའ་སྐྲོད་བྱས་པ་རེད། དེའི་ལོ་རྗེས་མ་དེར་༧རྒྱལ་བ་རིན་པོ་ཆེ་རང་བཙན་ཅན་གྱི་བོད་ལ་ལོག་ཕེབས་པ་རེད།
འཆར་ལོའི་ སུམ་ཅུའི་དུས་དྲན་ཉིན་བོད་མི་དང་བོད་ཀྱི་གྲོགས་པོ་ཚོ་ལྷན་ཅིག་ཏུ་འཛོམས་ནས་ དེ་སྔ་བྱུང་མ་མྱོང་བའི་ཁྲོམ་སྐོར་དང་དུས་དྲན་སྲུང་བརྩི་རྒྱ་ཆེན་པོ་ཞིག་བྱེད་དགོས་པ་རེད། ལྷན་འཛོམས་འདི་ཧ་ཅང་གི་རྒྱ་ཆེ་བ་དང་སྐད་གཟེངས་མཐོན་པོ། གསར་བཏོད་ཆེ་བ། དོ་སྣང་འདྲེན་པ་ཞིག་ཡིན་དགོས་ལ། དེས་འཛམ་གླིང་དང་། ལྷག་པར་དུ་གལ་ཆེ་བ་ཞིག་ལ། བོད་ནང་གི་ང་ཚོའི་སྤུན་ཟླ་ཕོ་མོ་རྣམས་ཀྱིས་ ཁོང་ཚོས་བོད་ཀྱི་རྩྭ་ཐང་དང་རི་མཐོན་པོའི་ངོས་ནས་ང་ཚོར་བཏང་བའི་རང་བཙན་དང་རང་དབང་། གསར་བརྗེའི་བརྡ་ལན་དེ་ལ་ང་ཚོས་མཉམ་འབྲེལ་གྱི་རམ་སྐྱོར་འབུལ་བ་དེ་གོ་གི་རེད། ཁོང་ཚོས་ ལོ་ངོ་དེ་དག་ཐམས་ཅད་ཀྱི་རིང་ལ་བརྡ་ལན་ནི་ཁོང་ཚོའི་གླུ་གཞས་དང་སྙན་ངག རྩོམ་ཡིག ཁྲོམ་བསྐོར། རྒྱལ་བསྒྲེངས་པ་བཅས་དང་། ད་དུང་ཁོང་ཚོའི་མིག་ཆུ་དང་། ཁོང་ཚོའི་ན་ཟུག ཁོང་ཚོའི་དཀའ་སྡུག་ཆེ་བའི་མི་ཚེ། མེ་ལྕེའི་ཁྲོད་ཀྱི་བློས་གཏོང་བཅས་བརྒྱུད་ནས་ ང་ཚོ་ལ་བཏང་ཡོད་པ་རེད། ལྡི་ལི་དང་ཀིརྟི། དཀར་མཛེས་བཅས་སུ་མཆེད་པའི་མེ་ལྕེ་དེ་ད་ཆ་ཤི་ཡོད་ན་ཡང་། ༧རྒྱལ་བ་རིན་པོ་ཆེའི་གསུང་ཚིག་ཅིག་དྲངས་ན། “་་་བདེན་པའི་མེ་ལྕེ་ནི་རྩ་བ་ཉིད་ནས་གསོད་ཐུབ་ཀྱི་མ་རེད།” དུས་ལ་མ་བབ་ཀྱི་བར་དུ་ཧ་ཅང་རྩ་ཆེ་བའི་རང་དབང་དང་རང་བཙན། བདེན་པ་བཅས་ཀྱི་མེ་རོ་འབར་བཞིན་པ་འདི་དག་སྲུང་ཞིང་གསོ་བ་ནི་ང་ཚོའི་ལས་འགན་རེད་ལ། མི་རིང་བར་དུས་ལ་བབ་པའི་སྐབས་ཤིག་ལ། ང་ཚོས་མཐོ་སྒང་བོད་ཀྱི་ས་ཁྱོན་ཡོངས་སུ་མི་རྣམས་ཀྱི་སྙིང་ཁོངས་ལ་སླར་ཡང་མེ་རོ་འོད་འཚེར་འཚེར་དུ་སྦར་ཆོག
__________________________________________________________
དགེ་འདུན་གྱིས་བསྒྱུར། འགྱུར་ཡིག་ལ་དྲི་བ་དང་དྭོགས་པ་སླེབས་ཚེ། མ་ཡིག་www.jamyangnorbu.com འདི་ལ་གཟིགས་རོགས།
བཀླགས་ཟིན། དེ་རིང་གི་ཉིན་ཐོ་འབྲི་བར་བརྗོད་བྱ་ཁྱད་པར་བ་ཞིག་རྙེད་སོང་།
སྐད་ཆ་དུས་ཐོག་དུས་ཐོག་ལ་བཤད་པ་དེ་ཡག་པོ་མཐོང་སོང་། ཞོར་ནས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛིགས་ལ་འཁང་ར་ཞིག་བྱས་འདུག་འདིས་ཀྱང་རང་ཉིད་ལ་དམིགས་རྒྱང་རིང་བའི་བརྡ་གསལ་བོ་ཞིག་བརྒྱབས་འདུག་པས་དེའང་མི་ཆོག་པ་ཅི་ལ་ཡོད།
མཁས་དབང་འཇམ་དབྱངས་ནོར་བུ་ལགས་ནས་ཧ་ཅང་ཡགས་པོ་གསུང་འདུག་ཐུག་རྗེ་ཆེ་
ང་ཚོས་སྐྱིད་པའི་རྟ་ཕོ་མཉམ་ཞོན་དང་ སྡུག་གི་ཁུར་པོ་མཉམ་ཁུར་བྱས་ཏེ་དཀའ་སྡུག་ཅི་བྱུང་གི་གཡུ་ས་ལས་རྣམས་པར་རྒྱལ་རྒྱུ་ནི་ང་ཚོའི་བཟློག་མེད་ཀྱི་འགན་ཁྲི་ཡིན།
རྒྱ་དམར་བཙན་རྒྱལ་རིང་ལུགས་གི་བཙན་གནོན་གྱིས་རྐྱེན་ངན་ནག་པོ་དེ་ཁྱེད་ཅག་གི་ཚེ་སྲོག་ཁྲོག་པས་ན་ཁྱེད་ཚོའི་སྡུག་བསྔལ་དེ་ང་ཚོ་ཀུན་གྱི་ན་ཟུག་ཡིན་ཞིང་རྐྱེན་ལམ་དུ་ཤོར་པའི་སྤུན་ཟླ་དེ་དག་ང་ཚོ་ཚངས་མའི་སྙིང་གི་ཚེ་ལུ་ཡིན་ཞིང་དྲག་བརྡུངས་གི་གཅོང་ནད་དུ་རྒྱུར་པའི་སྤུན་ཟླ་དེ་དག་ང་ཚོ་ཚངས་མའི་སྙིང་གི་རུས་པ་ཡིན་པས་སྐབས་འདིར་ང་ཚོ་ཚངས་མའི་སྙིང་གི་འཕར་རྩ་ཅིག་ཡིན་ ང་ཚོ་ཚངས་མའི་ཕྲག་གི་རྡོག་ཁྲི་ཅིག་ཡིན་ཁྱེད་རྣམས་པས་འཆི་བའི་སྡུགས་བསྔལ་རང་ལ་ཞག་གསོན་པའི་རེ་བ་གཞན་ལ་སྦྱིན་ནས་ང་ཚོ་དང་གྱེར་སོངས་ཁྱེད་རྣམས་ནས་མཐོ་སྒང་གི་གཞི་རུ་དཔའ་བོའི་ཙེ་སྲོག་གི་གྱེར་བའི་བསྟོས་གླུ་ཞིག་བཞག་ཡོད་ལ་སེམས་དང་བསམ་པས་བསྒྲེངས་པའི་མི་རིགས་ཀྱི་དར་ཆ་ཞིགས་ནམ་ཡངས་ཡལ་དུ་མེད་ལ་མདུན་དུ་སྐྱོད་བཞིན་པར་མངོན།
ཀྱི་ཧུད། ང་ཡི་ཤ་ཁྲག་ཅིག་པའི་སྤུན་ཟླ་ལགས་དུས་རབས་ཞིག་གི་ཉམ་ཉེས་ཁྱེད་ཀྱི་སྐུ་ལུས་ཡོངས་རྫོགས་ཐོར་ཡང་ཁྱེད་རྣམས་པའི་གཏོང་ཕོད་དང་རླབས་ཆེན་ཕུགས་བསམ་དེ་དག་ང་ཚོས་ཇི་སྲིད་སྐལ་་བའི་བར་དུ་བཀའ་དྲིན་དང་བཀའ་དྲིན་ཞུས་ངེས་ ང་ཚོས་མཆོད་མེ་གྲངས་མེད་ཀྱི་འོད་སྣང་གཅིག་ཏུ་བསྒྲོན་ནས་བསྔོན་སྨོན་ཁྲི་ཁྲག་གི་སྨོན་བསམ་ཅིག་ཏུ་གྱེར་ནས་སྐྱབས་འཇུག་དང་མྱ་ངན་ཞུ་བཞིན་ཡོད་ལ་གསོན་དུ་གནས་པ་རྣམས་མགོན་སྐྱབས་ཀྱི་རེ་ལྟོས་འཆང་བ་རྣམས་ཀྱི་རྐྱེན་ལས་བྱུང་བའི་ལུས་ཀྱི་ན་ཚ་། སེམས་ཀྱི་སྡུག་བསྡལ་ཐམས་ཅད་ཉེ་བར་ཞི་ཞིང་བསམ་པའི་དོན་རྣམས་ཡིད་ལ་རེ་བ་ལྟར་འགྲུབ་པར་གྱུར་ཅིག་
ཕུན་ཚོགས་ནས་
ཐོག་མར་ལོ་ཙཱ་གནང་མཁན་རྒན་དགེ་འདུན་རབ་གསལ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཁོང་གིས་དུས་ཐོག་བོད་བསྒྱུར་མ་གནང་བ་ཡིན་ན་ཚང་མས་དོན་དག་འདྲ་ཞིག་ཡིན་པར་ཧ་གོ་ཐུབ་རྒྱུ་མ་རེད། དེ་ནས་རྩོམ་པ་པོས་དུས་ནམ་རྒྱུན་ཁ་དགོས་ཐུག་གི་དོན་དངོས་བརྗོད་ཀྱིན་པའི་ཁར། བོད་དོན་འཛམ་གླིང་གི་འགྱུར་འགྲོས་ཁྲོད་དུ་བཞག་ནས་དཔྱད་བརྗོད་སྤེལ་བཞིན་པ་འདིས་བོད་མི་མང་བོ་ཞིག་ལ་བློ་སྒོ་འབྱེད་ཐུབ་པའང་བཤད་མ་དགོས་པ་ཞིག་རེད།
ཁྱེད་ནི་བོད་ཀྱི་དབུ་ཁྲིད་ཡིན་ཚེ་གཉིས་སྟོང་བརྒྱད་ཀྱི་བོད་མི་སྟོང་ཕྲག་མང་པོ་མནར་གཅོད་དང་བརྒྱ་ཕྲག་དུ་མའི་ཚེ་སྲོག་སྐུ་ཚབ་ཚོགས་པ་ཐེངས་གཅིག་གཉིས་ཞིག་ལ་མི་བརྗེ་ཐག་གཅོད་རེད། མུ་མཐུད་དུ་བོད་ཡིག་སྒང་རྩོམ་ཡིག་བྲིས་ཏེ་གཞོན་སྐྱེས་རྣམས་ལ་ཁ་ཕྱོགས་སྟོན་པའི་རེ་བ་ཡོད། ཁྱེད་ནི་དོན་དངོས་ཀྱི་དཔྱོད་ལྡན་པ་དང་མི་རིགས་ཀྱི་བདེ་དོན་ཕུགས་རྒྱང་རིང་བའི་རྟོགས་མཁན་གྱི་ཤེས་ཡོན་པ་རེད། ཁྱེད་ནི་ཆབ་སྲིད་དང་འཇིག་རྟེན་གྱི་སྒང་ལ་བོད་མི་སྤྱི་ཚོགས་འགྲན་ཟླ་བྲལ་བ་ཕྲན་ཡིད་ཆེས་ཡོད། ཅི་ལྟར་རྒྱུན་སྲིང་ཐུབ་མིན་མི་ཤེས་ཀྱང་བློ་སེང་གིས་ཀྱང་བཀའ་ཤག་རྙིང་པ་དང་མི་འདྲ་བ་ལས་འགུལ་ཞིག་འགོ་བརྩམ་བཞིན་ཡོད་པ་ནི་དགའ་བའི་གནས་སུ་འཁུམས།
གོང་གསལ་མཁས་དབང་འཇམ་ནོར་གྱི་རྩོམ་ཡིག་སྐོར་ལ་ཐུགས་རྗེའི་ལེགས་གསོལ་ཙམ་ཞིག་ཁ་སང་ཁོང་སྒེར་གྱི་དབྱིན་ཡིག་ཟིན་བྲིས་སུ་བྲིས་ཡོད། དེའང་ཐུགས་རྗེའི་ལེགས་གསོལ་ཙམ་མིན་པར་མཁས་དབང་འདི་འདྲ་ཞིག་ཡོད་པ་བོད་མི་ཀུན་གྱི་རྒྱན་ཆ་ལྟ་བུར་གྱུར་བས་བསྔགས་པ་ཡིན། རྡ་སའི་བོད་ཀྱི་སྤྱི་ཚོགས་ནང་འཇམ་དབྱངས་ནོར་བུས་བོད་གཞུང་ལ་སྨད་རབས་དང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་ཞུས་རབས་སོགས་ཁོང་ལ་ཕྱོགས་ལ་ལྟ་ཚུལ་སྣ་ཚོགས་ཞིག་ཡོད་ཀྱང་། དོན་ལ་མཐོ་དམན་སུ་ལ་ཐུག་ཀྱང་བོད་ཀྱི་རྩ་དོན་གཅེར་བུར་བརྗོད་མཁན་ནི་མཁས་དབང་ཁོང་ལས་ལྷག་ཅིག་ཉིན་མོའི་སྐར་མ་ལྟར་སྣང་བས་ཁོང་གི་རྣམ་དཔྱོད་དང་སྤོབས་སེམས་ལ་ཁོ་བོས་གུས་འདུད་ཡོད། ཉེ་སྔོན་ནེའུ་ཡོག་ཏུ་འཚོགས་པའི་ཁོང་གི་རང་བཙན་སྐོར་གྱི་བགྲོ་གླེང་དེར་བཅར་བ་ཡིན། ས་སྒོང་འདིའི་ཐོག་གི་དུས་རབས་ཀྱི་འགྱུར་འགྲོས་དང་། རྒྱལ་སྤྱིའི་གནས་སྟངས་སོགས་ཆགས་ཐོགས་མེད་པར་བང་བསྒྲིགས་ཏེ་གསུངས་པ་འདིས་ངའི་ཟུར་གྱི་མགོ་སེར་བ་རྣམས་ཧང་སང་བར་བྱས་སོང་། ཁོང་ཚོས་བཤད་ན་འཇམ་ནོར་གྱིས་སྤྱོད་བཞིན་པའི་དབྱིན་ཚིག་དང་། རྒྱལ་སྤྱིའི་འགྱུར་འགྲོས་དང་བསྡུར་ཏེ་གནད་ལ་འཁེལ་བའི་ཆབ་སྲིད་ཀྱི་གཏན་ཚིགས་དག་ལ་ཨ་རིའི་ཆབ་སྲིད་མཁས་དབང་དག་གིས་ཀྱང་འགྲན་མི་བཟོད་པའི་ཚད་དུ་ཡོད་རེད་ཟེར། གང་ལྟར་མཁས་དབང་འདི་ལྟ་བུ་ཡོད་སྐབས་བོད་མི་ཆབ་སྲིད་པ་རྣམས་ཀྱིས་འབུར་དུ་ཐོན་པའི་མཁས་པའི་དབུ་འཕང་གཟུགས་མེད་ཀྱི་ཐོ་བས་བཅོམས་ཐབས་མི་བྱེད་པར་དེ་དག་ལས་བློ་བསྐྱེད་གསར་བ་རེ་ལེན་རྒྱུ་དུས་ལ་བབ་པ་དང་། ཁོང་གི་བསམ་བློའི་ཉིང་བཅུད་ལས་སྦྲེལ་བའི་ཆབ་སྲིད་ཀྱི་གནད་དོན་རྣམས་ཆེས་དཀའ་སྡུག་གིས་མནར་བའི་གཞིས་ལུས་བོད་མི་རྣམས་ལ་དབུགས་འབྱུང་ཐོབ་པའི་རྒྱུ་རུ་འགྱུར་བར་སྨོན། །
དགེ་འདུན་རབ་གསལ་ལགས་ལ་ཐུགས་རྗེ་ཆེ་ཞུ། གང་ལ་ཟེར་ན། འཇམ་དབྱངས་ནོར་བུའི་རྩོམ་ཡིག་འདི་བོད་ཡིག་ནང་བསྒྱུར་བ་བརྒྱུད་ནས་ཡིག་རིགས་གཞན་པ་མི་ཤེས་མཁན་ང་དང་ང་ལྟ་བུ་ཚོར་བློ་སྐྱེད་དང་གནས་ཚུལ་ཞིག་ཐད་ཀར་མཁོ་འདོན་གནང་བས་ཡིན།
དེ་ནས་འཇམ་དབྱངས་ནོར་བུ་ལགས་ཀྱིས་དཔྱད་བསྡུར་མང་པོ་ཞིག་གནང་འདུག་པ་འདིས། ཆེད་དུ་དུས་ཚོད་བཏང་ནས་ཉམས་ཞིབ་དང་གནས་ཚུལ་འཚོལ་བསྡུ་མི་ཐུབ་མཁན་ཚོར་ཤེས་བྱ་གསར་པ་མང་པོ་ཞིག་མཁོ་འདོན་བྱས་པ་འདི་འདྲའི་རིགས། དགེ་འདུན་རབ་གསལ་ལགས་ཀྱིས་སྔར་ནས་ང་ཚོར་མཁོ་སྒྲུབ་གནངས་དང་གནང་མུས་ལ་སེམས་དང་བསམ་པའི་གཏིང་ནས་ཐུགས་རྗེ་ཆེ་བསྐྱར་དུ་ཞུ་བ་དང་། མུ་མཐུད་ནས་འདི་འདྲའི་གནད་འགག་ཅན་གྱི་རྩོམ་ཡིག་རེ་ང་ཚོར་མཁོ་འདོན་གནང་བའི་རེ་བ་ཆེན་པོ་ཡོད།
དྲང་པོ་བཤད་ན་མི་དགའ། དབྱུག་པ་ཁུར་ན་ཀྱི་མི་དགའ།
འཇམ་ནོར་ལགས་དང་དགེ་རབ་ལགས་གཉིས་ཀར་སྙིང་དབུས་ནས་ཐུགས་རྗེ་ཆེ་་ཞུ། རྒྱུ་མཚན་ནི་བདེན་པའི་རྩོམ་སྤེལ་ཞིང་དེ་བསྒྱུར་བས་ང་ཚོ་མང་པོར་བློ་བསྐྱེད་ཐུབ་པས་སོ།།
ལོང་ཤོག་ཆོལ་གསུམ་བོད་མི།།
དམ་བཅའ་གཅིག་ལ་སྒྲིལ་ནས།།
རང་ཡུལ་རང་བཙན་ཆེད་དུ།།
ང་ཚོ་ཚང་མ་ལོང་ཤོག།།
བོད་ཡུལ་རང་བཙན་མེད་ན།།
དམར་པོའི་ཁྲིམས་ཀྱིས་འོག་ཏུ།།
བོད་མིའི་ཆོས་དང་རིག་གཞུང།།
མི་ཉམས་རྒྱུན་འཛིན་མི་ཐུབ།།
བོད་ལ་རང་བཙན་མེད་པར།།
གཞིས་བཞུགས་རྒྱལ་གཅེས་རྣམ་པའི།།
གཅེས་སྲོག་སྐྱོབས་དགོས་བསམ་ཡང།།
སྐྱོབས་པའི་ནུས་པ་བྲལ་སོང།།
ལོང་ཤོས་བྱེས་བཞུགས་བོད་མི།།
དམ་བཅའ་གཅིག་ལ་སྒྲི་ནས།།
འཛམ་གླིང་མི་མང་མདུན་དུ།།
རྒྱ་དམར་རྫུན་རྐུབ་གདོན་དགོས།།
ལོང་ཤོག་འཛམ་གླིང་མི་མང།།
བདེན་པའི་རྒྱབ་ལ་ལོང་ཤོག།།
བོད་མིའི་ཆོས་དང་རིག་གཞུང།།
སྐྱོབས་པའི་ཆེད་དུ་ལོང་ཤོག།། བོད་རྒྱལ་ལོ།། བོད་རང་བཙན་རྒྱལ་ལོ།། །།
༧གོང་ས་མཆོག་གིས་བོད་མི་ཚོས་མང་གཙོ་ཚད་ལྡན་ཡོང་བར་རྟག་ཏུ་བསྐུལ་མ་གཏོང་བ་བཞིན་རྩོམ་པ་པོ་རྒན་འཇམ་དབྱངས་ནོར་བུ་ལགས་ཀྱིས་རྒྱུན་དུ་དངོས་ཐོག་བདེན་འཚོལ་གྱི་རྩོམ་ཡིག་ལུག་གུ་བརྒྱུད་ནས་སྤེལ་བར་རྗེས་སུ་ཡི་རང་ཞུ། ལྷག་པར་ང་ཚོའི་སྤྱི་ཚོགས་ཁྲོད་རང་གི་བསམ་བློར་རིན་ཐང་མེད་པར་མཛུབ་མོ་གར་བསྟན་ཤར་དུ་མཐོང་བའི་སྐྱོན་ཆ་ཤུགས་ཆེར་ཡོད་པའི་སྐབས་དེར་ཁྱེད་ལྟ་བུའི་བསམ་བློའི་བཅིངས་འགྲོལ་ཐོབ་འཛིན་པ་དག་ལ་སྐུ་ལས་ལོས་ཡོད། འོན་ཀྱང་། སེམས་ཤུགས་ནམ་ཡང་ཆག་མི་སྲིད་ལ་ད་དུང་གོམ་པ་མདུན་དུ་སྤོས་ནས་ང་ཚོས་རང་བཙན་གྱི་རླུང་བུ་བོད་དུ་འདྲེན་པའི་ཕྱོགས་སུ་རེམས་ཨང་། ཨ་རོགས།
བོད་ནང་གི་མིས་སྲོག་བློས་བཏང་བའི་ཚེ་ན། རང་སེམས་ན་བོད་མེད་པའི་བཙན་བྱོལ་བ་ཁ་ཕོ་ཅན་དག་གིས་གཤེགས་ཟིན་པའི་དཔའ་བོ་དཔའ་མོ་ཚོའི་བྱ་སྤྱོད་དེ་རང་བཙན་ཕྱོགས་སུ་གཏོགས་མིན་རྩོད་གླེང་བྱེད་པའམ། རང་སྲོག་བློས་གཏོང་འོས་པར་འུར་སྒྲོག་དང་། རྒྱབ་སྐྱོར་ཡོད་མདོག་གི་རྣམ་འགྱུར་ཅི་རིགས་སྟོན་པ་ཙམ་མ་གཏོགས། རང་ཉིད་ཀྱིས་ཀྱང་ལ་རྒྱ་སེམས་ལ་བཅངས་ནས་དཔའ་བོ་དཔའ་མོའི་ཕྱག་རྗེས་སུ་འབྲངས་མི་ནུས་པ་ཕྱི་གསལ་ནང་གསལ་ཡིན། འཇམ་དབྱངས་ནོར་བུའང་དེ་ལས་མ་འདས་སོ།།
ཁ་བཤད་ལག་ལེན་བྱ་འདོད་ན། བོད་ནང་དུ་གསང་སྟབས་ཀྱིས་འགྲོ་བའི་ཐབས་ལམ་མེད་པ་ག་ལ་ཡིན།
རྩོམ་ཡིག་འདི་ནི་ད་ལྟའི་སྐབས་སུ་ཁ་ཚ་དགོས་གཏུག་ཆགས་འདུག་སྙམ་ནས་བསྒྱུར་ཀྱང་ཚར་སོང་ཡང་། ད་ནང་ཞོགས་པར་ཁ་བརྡ་དྲ་ཐོག་ལ་བལྟ་དུས་རྒན་རབ་གསལ་ལགས་ཀྱིས་བསྒྱུར་ནས་བཀོད་འདུག་པར་དགའ་བྱུང་།
རྒྱུ་མཚན། གཅིག་ནས་ཁོང་གི་འགྱུར་ང་ལས་ཡག་པོ་ཡོད་ཁར། དུས་ཐོག་ཆར་འབབ་ཀྱི་དཔེ་བཞིན་བསྒྱུར་དེ་ལམ་སང་འདོན་པ་དེའང་ཕྱོགས་གཅིག་རེད། ཁ་སང་དེ་རིང་རྒྱ་གར་ནང་བོད་མི་ཚང་མ་ལས་འགུལ་དང་། ཟས་བཅད་ངོ་རྒོལ་སོགས་ལ་བྲེལ་ནས་བསྡད་ཡོད་མོད། རང་ཉིད་ལས་འགུལ་དེ་དག་ནང་མ་ཞུགས་པར་ནང་ལ་འཛུལ་ནས་རྩོམ་ཡིག་འདི་བསྒྱུར་བ་ཡིན་ལ། དེ་ནི་བོད་མི་རེ་རེར་མཚོན་ན་སོ་སོའི་ཚོད་ཀྱི་འཇོན་ཚོད་དང་། བབ་ཚོད་ཀྱི་ལས་ཀ་རེ་བྱེད་རྒྱུ་གལ་ཆེ་བར་མཐོང་བས་ཡིན། མདོར་ན་སྐུ་ཞབས་འཇམ་ནོར་གྱིས་རྩོམ་བྲིས་ན་རེད། དགེ་འདུན་རབ་གསལ་ལགས་སོགས་ཀྱིས་བསྒྱུར་ན་རེད། འདི་ཡང་རང་རང་ཚོད་ཀྱི་ལེགས་སྐྱེས་ཤིག་རེད་འདོད།
གཞན་ཡང་། ངའི་འགྱུར་དང་རྒན་རབས་གསལ་གྱི་ཚིག་སྤྱོར་སྤེལ་སྟངས་སོགས་བསྡུར་ཡོང་དུས་ང་ཡིན་ན་འདི་ལྟར་བསྒྱུར་ས་རེད་བསམ་བསམ་ཀྱི་ཚིག་འགའ་ར་ཡོད་མོད། དེ་དག་རྗེས་ནས་ཞུ་ཆོག་། དཔེར་ན། ངས་༼བོད་རང་བཙན་གྱི་མེ་རོ་མེ་ཡིས་གསོས་༽ཞེས་ཁ་བྱང་འདི་ཉིད་རྩོམ་པ་པའི་ཁ་བྱང་གི་མཆན་འགྲེལ་བྱས་དོན་དང་མཐུན་པར་འདོད་པས་ཡིན།གཞན་ཡང་༼ཆིོག་སྒྲིལ་ཚོགས་ཆུང་༽ཞེས་པར་སྐབས་དེར་༼གཞུང་མང་ཛ་དྲག་ཚོགས་ཆུང་༽སྤེལ་ཡོད་པ་སོགས།གང་ལྟར་རྒན་གྱི་འགྱུར་ལ་གོང་བཀུར་ཡོད།
རྩོམ་པ་པོ་འཇམ་དབྱངས་ནོར་བུ་དང་སྒྱུར་མཁན་དགེ་འདུན་རབ་གསལ་གཉིས་ཀར་སེམས་ནས་ཐུགས་རྗེ་ཆེ་ཞུ།
འཇམ་དབྱངས་ནོར་བུ་ལགས་ཀྱིས་བྲིས་པ་འདི་ལ་སྔ་ཕྱི་འགལ་བའི་ཆ་འདུག་སྟེ།
ཧྥེ་གླིང་བྱང་མའི་ཨ་རབ་ཀྱི་གསར་བརྗེ་ཟེར་བ་དང་སྲིད་དབང་སྒེར་གཅོད་པ་མགོ་སྟིང་སློག་པ་ནི་བོད་ཀྱི་གནས་སྟངས་ལ་འབྲེལ་བ་ཅི་ཡོད་དམ། དཔྱད་པ་ཕྲན་ཙམ་བཏང་ན། བོད་ནི་བཙན་འཛུལ་འོག་ཡོད་པ་དང་བོད་མི་མང་ལ་བདག་དབང་བྲལ་ཡོད་པས། བོད་ཀྱི་འཐབ་རྩོད་ནི་བདག་དབང་གི་གནད་དོན་ཡིན། དེ་ནི་རྒྱ་ནག་མི་མང་གི་དམངས་གཙོ་བརྩོན་ལེན་གྱི་འཐབ་རྩོད་དང་། ཧྥེ་གླིང་བྱང་མའི་གསར་བརྗེ་དང་ག་ལ་འདྲ། ཐབས་ལམ་དང་དམིགས་འབེན། གནས་བབ་སོགས་ཕྱོགས་མང་པོའི་ཆ་ནས་མི་འདྲའོ།། ཁྱོད་ལྟར་ན། བོད་མི་ཚོས་ཀྱང་རྒྱ་ནག་རྒྱལ་ཁབ་ཀྱི་ཆེད་དུ་གསར་བརྗེ་དང་འཐབ་རྩོད་བྱེད་པ་ལྟ་བུར་བརྗོད་འདུག
ཡང་བཙན་བྱོལ་གཞུང་དེ་དག་གིས་གཞིས་པའི་མི་མང་གི་ལས་འགུལ་ལ་ཤུགས་རྐྱེན་ཐེབས་ཟེར་འདི་ལ་དཔྱད་པར་བྱ་བ་ཡོད་དེ། རང་བཙན་ཡིན་པའི་ཧྥེ་གླིང་བྱང་མའི་རྒྱལ་ཁབ་དེ་དག་ལ་ད་དུང་བཙན་བྱོལ་གཞུང་ཟེར་བ་ཞིག་ཡོད་ན། ཁོ་ཚོས་ཁས་ལེན་པའི་གཞུང་ངོ་མ་དེ་གང་ཡིན་ནམ། ག་ད་ཧྥེ་ནི་སྲིད་དབང་སྒེར་གཅོད་པ་ཞིག་ཡིན་པ་ལས། བོད་བཙན་བཟུང་བྱས་པའི་རྒྱ་དམར་གྱི་སྲིད་འཛིན་ལྟ་བུ་གང་ན་ཡིན།
ཁྱོད་ཀྱིས་ལུང་འདྲེན་དུ། ༧རྒྱལ་བ་རིན་པོ་ཆེས་ བོད་མི་ཚོས་ལྷ་སར་འཕྲོག་བཅོམ་བྱས་པའི་རྒྱུ་རྐྱེན་གྱིས་ངོས་རང་དགོངས་པ་ཞུ་གི་ཡིན་ཞེས་གསུངས་ཡོད་པ་དེ་རེད། ཅེས་བཀོད་པ་འདི་ནི་ལོག་བཤད་འབའ་ཞིག་ཏུ་ཟད་དོ།། རྒྱལ་བ་རིན་པོ་ཆེས་དེ་ལྟར་མ་གསུངས་པ་སུས་ཀྱང་ཤེས། བོད་མི་དང་རྒྱ་གཞུང་གཉིས་ཕན་ཚུན་སེམས་ཐག་བཅད་ནས་གདོང་ཐུག་རྒྱག་ལ་ཉེ་བར་དགོངས་ནས་ཁོང་གིས་བོད་མི་ཚོད་མི་གསོད་དྲག་སྤྱོད་མི་སྤེལ་བའི་ཆེད་དུ། མི་སྲོག་ལ་འཚེ་བའི་བྱ་འགུལ་སྤེལ་ན་དགོངས་ཞུ་གི་ཡིན་གསུངས། དོན་ངོ་མར་རྒྱལ་བ་རིན་པོ་ཆེས་བོད་མི་མང་པོའི་ཚེ་སྲོག་ཤོར་བ་སྔོན་འགོག་གནང་བ་འདི་ཇི་འདྲའི་དྲིན་ཆེ་ཨང་། དེ་མིན་ན་རྒྱ་ནག་གཞུང་གིས་དམར་གསོད་དང་དྲག་སྤྱོད་བསམ་ཡུལ་ལས་འགོངས་པ་བྱས་ཟིན་པ་ལོས་མཁྱེན། སྐབས་དེར་རྒྱ་ནག་དམར་གཞུང་གིས་རྒྱ་མི་མང་པོར་ངན་སྐུལ་བྱས་ཏེ་རྒྱ་བོད་མི་མང་བར་ལ་སྔར་མེད་འཁོན་འཛིན་བསླངས་ཏེ། བོད་མིའི་ལས་འགུལ་ལ་དྲག་གནོན་བྱ་བར་རྒྱ་ནག་མི་མང་གིས་ངོས་ལེན་ཡོད་པར་བརྗོད་པ་དེ་མི་དྲན་ནམ། དེའི་རྗེས་ནས་ས་འགུལ་དང་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་བྱུང་ནས། རྒྱལ་སྤྱིའི་སྲིད་གཞུང་དག་གིས་བོད་དོན་ལ་རྣམ་འགྱུར་གང་བསྟན་པ་ལ་བསམ་གཞིགས་བྱ་དགོས་གནས་མིན་ནམ།
མཁས་དབང་དུ་འཆེ་བའི་འཇམ་དབྱངས་ནོར་བུ་ལགས། ད་ནི་ཁྱོད་ཀྱིས་ཁ་བཤད་ཆུ་ཡི་ཝུ་བ་དེ་ལག་ལེན་གསེར་གྱི་ཐིགས་པར་བསྒྱུར་བའི་དུས་ལ་བབ་འདུག ཁྱོད་སྔོན་ལ་ཐབས་མཁས་ཀྱིས་བོད་ནང་དུ་འཛུལ་ནས། པོ་ཏ་ལ་ཐང་ཆེན་དུ་སྐད་འབོད་ཐེངས་ཤིག་གམ། བྱུང་ན་རང་ལུས་མེ་ལ་སྤར་ཚེ། བོད་མི་མང་པོར་སེམས་འགུལ་དང་སྤོབས་པ་བླ་ལྷག་སྟེར་ཐུབ་པ་གདོན་མི་ཟ། ང་ཡང་ཁྱོད་ཀྱི་ཕྱི་རྗེས་འབྲངས་ངེས་ཡིན།
བོད་མི་ཕལ་ཆེར་གྱིས་ཁྱོད་ལ་ལྟོས་ཡོད་པ་ཨེ་ཤེས་སམ།
ཧ་ཧ། ཀུ་རེ་ཡིན། འཇམ་དབྱངས་ནོར་བུ་མཁས་པ་ཡིན་པས། བོད་མི་མང་པོས་སྲོག་བློས་བཏང་ཚར་ནས་རྒྱལ་ཁ་ལེན་ལ་ཉེ་དུས། ཁོང་གིས་བོད་ཀྱི་དར་ཆ་ཞིག་འཕྱར་སྟེ། རྒྱལ་ཁ་ལེན་པའི་བྱས་རྗེས་དེ་རང་གི་རྣམ་ཐར་དུ་འབྲི་རྒྱུར་སྒུག་ཡོད་པ་ངས་ཀྱང་ལོས་ཤེས།
མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས། ཕན་ཐོགས་ཅན་གྱི་ལོ་རྒྱུས་མང་པོ་མདོར་བསྡུས་སུ་གསུངས་འདུག་པ་ནི། བོད་རང་བཙན་རེ་མཁན་གྱི་བོད་རིགས་འགའ་ཡི་སེམས་ལ་ཕན་ངེས་འདུག་ལགས།
ང་ནི་འཇམ་དབྱངས་ལགས་དང་མཉམ་དུ་རྡ་སའི་བོད་ཀྱི་ཟ་ཁང་ནང་ལ་ཆང་འཐུང་བརྒྱབ་ཡ་ལ་ཁ་འཆམ་ཡང་ཁོང་གི་མི་རིགས་ལ་རྒྱ་དང་རང་བཙན་དང་དོད་ཆེ་བ་དང་།
ང་ནི་བོད་ཀྱི་ནང་ཆོས་ལ་རྨོངས་དད་ཆེ་ལ་རྒྱ་མི་ཙམ་མ་ཟད། རྒྱ་གཞུང་གི་མི་སེམས་ཀྱང་བཀུག་ཐུབ་པའི་རེ་བའི་ཧམ་སེམས་ཡོད་མཁན་ཅིག་ཡིན་པས། ང་གཉིས་ཀྱི་མི་གཤིས་དང་བསམ་ཚུལ་མ་མཐུན་ཙང་ཅུང་ཟད་མ་བཤད་ཀ་མེད་ཆགས་སོང་ན་ཐུག་ཕོག་ཡོང་ས་ཁག་ལ། དང་ཐོག་ནས་དགོངས་དག་ཞུ་བཞིན་དང་བཅས་ཞུ་རྒྱུར།
ནང་ཁུལ་བསམ་འཆར་བརྗེ་རེས་ཡིན་པས་གང་བསྡུས་ཞུ་ཁུལ་བྱས་ན།
༸གོང་ས་མཆོག་ལ་བོད་མིའི་དབུ་འཁྲིད་དུ་ཨུ་ཚུགས་བརྒྱབ་པ་འོས་ཀྱང་། དབུ་འཁྲིད་དུས་གཉིས་སྨན་དབུ་མའི་ལམ་དུ་ཤར་བསྐྱོད་མི་ཐུབ་པ་འདི་ནོར་བ་མིན་ནམ།
༸གོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་བཞག་དགོས་པའི་རྒྱུ་མཚན་ལ། ལྷ་སའི་ཞི་བའི་ངོ་རྒོལ་སྐབས་འཕྲོག་བཅོམ་བྱུང་བ་ཙམ་གྱིས་རྒྱུ་མཚན་དུ་གསུངས་པ་ང་ཐོས་པ་ཉུང་བས་མ་གོ་བ་ཡིན་སྲིད་ཀྱང་། ཡོངས་བསྒྲགས་སུ་གོ་མ་མྱོང་བས་མི་ཐད་སྙམ།
སྤྱི་དོན་དུ་རང་ལུས་མེར་བསྲེག་མཁན་འགས་འབོད་སྒྲ་རང་བཙན་དང་། ༸གོང་ས་མཆོག་བོད་ལ་ཕེབས་བཅུག་སྐོར་ཡིན་བཞིན་དུ། བོད་རྒྱ་གྲོས་མོལ་བྱ་སྐབས་༸གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་བཅུག་་པའི་རུས་པ་གཡུགས་ནས་ངའི་རང་བཙན་གྱི་རྨི་ལམ་མེད་པར་བཟོ་སྲིད་གསུངས་པ་འདི་དག་ལ་སྙིང་པོ་ཅང་ཨ་ཡོད་སྙམ་སོང་ལགས། ངའི་འབདོ་སྒྲ་ནི་ཚར་འགའ་བཀོད་ཟིན་པས་འདིར་མི་བཟློས་ལགས།
ད་ལྟའི་ཛ་དྲག་གི་གནས་བབ་དང་བསྟུན་ནས་མི་བུ་སྒེར་སོ་སོའི་རང་གི་ལས་གནས་ལ་འབབ་པའི་གང་ས་ཅི་ཐད་ནས་འབད་བརྩོན་དགོས་པ་གཞིར་བྱས། གུས་མོས་ཀྱང་སྐུ་ཞབས་འཇམ་ནོར་གྱི་རྩོམ་ཡིག་འདི་ཉིད་ཁ་ཚ་དགོས་གཏུག་ཅིག་ལ་མཐོང་ཞིང་བསྒྱུར་ནས་ཚར་ཡོད་ལ། ད་ནངས་མཐའ་མའི་ཞུ་དག་གཏོང་ཞོར་ཁ་བརྡའི་ནང་ཅིག་ལྟ་སྐབས། སྐུ་ཞབས་རབ་གསལ་ལགས་ཀྱིས་བསྒྱུར་ནས་འཁོད་འདུག་ན། ང་རང་ངོ་མ་དགའ་བོ་བྱུང་། རྒྱུ་མཚན་ངས་གལ་ཆེན་དུ་མཐོང་བ་གང་ཞིག་རྒན་རབ་གསལ་ལགས་ལའང་དེ་ལྟར་སྤྲོ་བ་ཡོད་པས་ཡིན་ལ། གཉིས་ཐད་ནས་ཁོང་གི་འགྱུར་རྩལ་ང་ལས་ལྡབ་འགྱུར་གྱིས་ཡག་པ་བཤད་མ་དགོས་པ་ཞིག་རེད། དེ་བས་འགྱུར་འདི་ཞིབ་ཀློག་བྱ་རྒྱུ་མ་བྱུང་ཡང་། ངས་བསམ་ན་ཁ་བྱང་ལ་ ༼བོད་རང་བཙན་གྱི་མེ་རོ་མེ་ཡིས་གསོས་༽ཞེས་བཏགས་ཚེ་ལན་པར་མཐོང་།
༡༽ རྩོམ་པ་པོས་ཁ་བྱང་ལ་འགྲེལ་དུ་༼བསྟན་པའི་མེ་རོ་སྨད་ནས་གསོས༽ཞེས་པར་སྦྱར་བ་གསལ་ན། དེར་ཚིག་འགྲོས་ཀྱིས་ཐག་ཉེ་བ་དང་།
༢༽ ཡང་དེང་སྐབས་བོད་རང་བཙན་གྱི་མེ་རོ་མེ་ཡིས་གསོ་བཞིན་པ་དོན་རྒྱན་རང་ཆགས་འདུག་ལ། ༌༌༌༌༌དེ་ནི་ཞོར་འཕྲོས་ཙམ་ཡིན།
ཁ་བརྡ་ཚང་མཁྱེན། ངས་ད་ནངས་མཆན་ཅིག་བཀོད་ནས་ཕྱིན་པ་ཡིན། ཉིན་གུང་རྒྱབ་ནས་ལྟ་དུས་ད་དུང་བཀོད་མི་འདུག དེ་བས་ཡང་བསྐྱར་མཆན་གཅིག་འོར་འབྲི་བྱས་ནས་བཏང་ཡོད། ད་ཅིག་ལྟ་དུས་ཉིས་ཆ་བཀོད་འདུག ང་དྲ་ཐོག་ལ་མཆན་གཅིག་ཡང་དང་བསྐྱར་གྱིས་བཀོད་རྒྱུར་དགའ་བོ་མེད་ལ། དེ་ལྟར་བཀོད་ན་དྲ་ངོས་ཀྱི་མཛེས་ཉམས་ཀྱང་ཤོར་འགྲོ་གི་འདུག ཁ་བརྡ་ཁ་བྲོ་རྒྱུ་ཚང་རྗེས་མ་དེར་ཅིག་གཟབ་རོགས།
རྒྱ་གཞུང་མ་རབས་བཙན་ཤེད་གཉའ་གནོན་གྱི་མེ་ཡིས། །
བོད་མིའི་བཟོད་བསྲན་ལྗང་མྱུག་མང་དག་ཅིག་བསྲེགས་སོང། །
བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་མི་ཚེ་འབུལ་དགོས་ཀྱང་། རང་སྲོག་འབུལ་མི་དགོས་པའི་དགོངས་བཞེས་གནོངས་རོགས་བཅས་འབོད་བསྐུལ་ཞུ་རྒྱུ་ལས་མ་འདས་སོ། །
མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་ལོ་རྒྱུས་ཕྱོགས་བསྡུས་སྟབས་བདེ་འདི་འདྲ་ཞིག་དུས་ཐོག་སྤེལ་བར་ཐུགས་རྗེ་ཞུ། ཡིན་ནའང་མཁྲིས་ནད་ཅན་ལ་དུང་དཀར་སེར་པོར་གནང་ཡང་བྱ་ཐབས་བྲལ།
པད་མ་ཆོས་སྒྲོན་ལགས་སུ།
ཉིད་ཀྱིས་བསྒྱུར་ཟིན་པའི་གོང་རྩོམ་དེ་ཡང་ཁ་བརྡ་ལ་འགོད་རོགས་གནང་། ངའི་འགྱུར་ལ་ནོར་བ་ཡོད་ནའང་དེས་ཡོ་བསྲང་བྱེད་ཐུབ་ཀྱི་རེད། “གཞུང་མང་ཛ་དྲག་ཚོགས་ཆུང་”ཞེས་པ་དེ་ངེད་ཀྱི་འགྱུར་འདི་ལ་ཡང་བཅོས་ཡོད། ད་ནི་ང་ཚོ་སུའི་འགྱུར་ཡག་ཉེས་བཤད་པའི་སྐབས་ཤིག་ཀྱང་མིན་པ་འདྲ། སྐུ་ལུས་མེར་སྲེག་བྱེད་པའི་གནས་ཚུལ་རེ་གོ་སྐབས་གློ་སྙིང་ས་ལ་ལྷུང་འགྲོ་གི་འདུག ཐུགས་རྗེ་ཆེ།
སྐུ་མཁྱེན་ད་ལྟའི་དུས་ཚོད་འདིར་ཕན་ཚུན་ཕྱོགས་རེས་ཀྱི་གླེང་མོལ་འདི་འདྲ་མི་གནང་བར་མཁྱེན། གྲོས་གཞི་ཡོད་མཁན་དང་འཆར་སྒོ་ཡག་པོ་ཡོད་མཁན་ཁྱེད་རྣམས་པས་ཐབས་ཤེས་གསར་པ་གང་འདྲ་ཞིག་གནང་གི་ཡོད་མེད་ལ་གློག་མཁན་མཁས་བླུན་ཚང་མས་རེ་བཞིན་ཡོད་ལགས་ན་ཐོས་ན་མི་འདོད་པའི་རང་རེའི་བྱ་གཞག་འགྲུབ་པའི་འགལ་རྐྱེན་དང་དགྲ་བོ་ཚང་གི་རེ་འདོད་འགྲུབ་བྱེད་དེ་རིགས་མི་གནང་བར་མཁྱེན།
རྒན་རབ་གསལ་ལགས་སུ།
དེ་ག་རང་རེད། སྐུ་ལུས་མེར་སྲེག་གཏོང་མཁན་ཚོ་གོ་ཡོང་དུས་ད་ཅིག་བྱེད་དགོས་བསམ་ཀྱང་བྱེད་ཤེས་ཀྱི་མི་འདུག དེ་བས་རྩོམ་ཡིག་འདི་འདྲ་རེ་མཐོང་སྐབས་ཚོར་བའི་དབང་གིས་བསྒྱུར་བཞག་པ་ཡིན། དེ་ནི་ཁྱོས་བསྒྱུར་དང་ངས་བསྒྱུར་གྱི་སྐད་ཆ་མ་ཡིན་ཁར། ཁྱོད་ཡག་དང་ང་བཟང་གི་དུས་ཚོད་ཀྱང་ག་ལ་ཡིན། གཙོ་བོ་ཚང་མའི་འདི་ལྟར་ཚོར་བ་རེ་ཕྱི་ལ་བཏོན་ཐུབ་ན་དེ་གའི་འགྲིག་འདུག
གཞན་ངས་བསྒྱུར་བའི་རྩོམ་ཡིག་དེ་ཁ་བརྡར་བཀོད་དགོས་པ་ཞིག་མཐོང་མ་སོང་། རྒྱུ་མཚན། གཅིག་ནས་ཁ་བརྡར་ཡིག་ཚོགས་རེད་ལ། གཉིས་སུ་ངའི་འགྱུར་གྱི་ནང་དོན་ཆ་ནས་ཀྱང་ཉིད་ཀྱི་འགྱུར་ལས་རྦད་དེ་མ་འདྲ་ས་ཞིག་མེད་ཚོད་རེད། འོན་ཀྱང་། རྗེས་ཕྱོགས་ང་ཚོས་ལས་ཀ་འདི་དག་བྱེད་སྐབས་ཕན་ཚུན་ཡིག་འབྲེལ་རེ་བྱ་རྒྱུ་གལ་ཆེན་པོ་རེད་སྙམ། དེ་ལྟར་བྱས་ན་ང་ཚོའི་ངལ་རྩོལ་གྱི་ནུས་པ་འཕྲོ་བརླག་ལ་མི་འགྲོ་བ་དང་། ཕྱོགས་གང་ཐད་ཀྱི་མཉམ་འབྲེལ་ལ་ཕན་པར་སྣང་།
འཇམ་དབྱངས་ནོར་བུ་ལགས་ཀྱིས་འཚམས་ལན་རེར་རྩོམ་ཡིག་རེ་སྤེལ་བཞིན་པ་འདི་བོད་དོན་ཆེད་ཡིན་སྲིད། ཡིན་ན་ཡང་བསམ་བློ་དང་སྙུག་རྩེའི་ཁ་གཏོད་ས་གཙོ་བོ་ཞིག་ནམ་ཡང་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་གཉིས་འཛིན་དགོས་དོན་ཅི། ༧གོང་ས་མཆོག་གིས་རང་གི་ཉམས་མྱོང་དང་རྒྱལ་སྤྱིའི་འགྱུར་འགྲོས་ཁག་ལ་ཁྱོན་ཡོངས་ནས་ཞིབ་འཇུག་མཐིལ་ཕྱིན་བྱས་མཐར་”བཙན་བྱོལ་བོད་གཞུང་”ཞེས་པའི་ཡིག་འབྲུ་བཞི་པོ་དེ་ཕྱིར་བསྡུ་བྱས་པ་རེད། དེ་ནི་གལ་སྲིད་ང་ཚོ་མུ་མཐུད་བཙན་བྱོལ་ནང་རྒྱུན་རིང་ལྷག་ན་ཞེས་བརྟག་པ་མཐའ་བཟུང་གིས་མ་འོངས་ཕུག་རྒྱང་རིང་པོར་གཟིགས་པ་ཞིག་རེད། འཇམ་ནོར་ཁྱོད་ཀྱིས་ད་བར་བོད་རང་བཙན་གྱི་ཆེད་དུ་ནུས་པ་ཐོན་པའི་ལས་ཀ་ཅི་ཞིག་བྱས་ཡོད། བོད་རང་བཙན་འཐབ་རྩོད་ཀྱི་ཐབས་ལམ་ཅི་ཞིག་ཡོད། ལས་འགུལ་ཅི་ཞིག་ཚུལ་ཇི་ལྟར་དུ་སྤེལ་ན་བོད་རང་བཙན་ཐོབ་པར་འདོད། ཁྱོད་ལ་དོན་ངོ་མའི་དེ་ལྟར་བློས་གཏོང་གི་བློ་ཁོག་ཡོད་ན། མདུན་དུ་ཐོན་ནས་སྣེ་ཁྲིད་དང་རང་སྲོག་བློས་གཏོང་ཐུབ་པའི་དཔའ་བོ་ད་དུང་མང་པོ་འདུག དེ་མིན་ཁ་སྟོང་ནང་གི་ཚིག་སྟོང་བཤད་དེ་བོད་མི་ནང་མི་མཐུན་པ་དང་། དད་མོས་ཀྱི་ཐོབ་ཐང་ལ་ཕོག་ཐུག་མ་བཏང་ན་ལེགས་སོ།།
འཇམ་དབྱངས་ལགས།
སྐུ་མདུན་ལ་དད་པ་ཡོད་པ་བཟང་མོད་དེ་ནི་ཁྱེད་ཉིད་སྒེར་གྱི་གནད་དོན་རེད། སྒེར་གྱི་གནད་དོན་དང་དམ་ཚིག་གི་འབྲེལ་བ་བོད་ཀྱི་སྤྱི་དོན་མ་སྦྱར་ན་ལེགས་པ་སེམས། འཇམ་ནོར་བོད་མིས་བོད་ཀྱི་དབུ་ཁྲིད་དུ་མ་གདམས་པས་ཁོང་ཅི་ལྟར་མདུན་དུ་ཐོན་དགོས་རེད། འཇོན་ཐང་ངོམས་ནས་དབང་ཡོད་ཀྱིས་ཐོན་དགོས་པ་རེད་དམ། སྤྲེལ་ལེ་མ་འཁྲབ་ན་ལེགས། བོད་ཀྱི་གནད་དོན་སྤྲེལ་ལེ་དང་དད་པ་ལ་བརྗེ་ག་ལ་རུང་། རྒྱུ་མཚན་ནི། བོད་སྤྱིའི་གནད་དོན་ནི་དད་པ་དང་དག་སྣང་གི་རྒྱ་ལས་རྒལ་ཞིང་བཀའ་དྲིན་བསམ་ཤེས་ཀྱི་རྙི་ལས་གྲོལ་བའི་རིན་ཐང་ཅན་ཡིན་པས་རེད། དེ་ལྟར་མིན་ན། རྒྱ་ནག་གི་བཀའ་དྲིན་ཐོབ་མཁན་གྱི་བོད་མི་རྣམས་ཀྱིས་བཀའ་དྲིན་བསམ་ཤེས་ཆེད་བོད་དོན་གཡུག་ནས་རྒྱ་གཞུང་ལ་ཞབས་ཞུ་ཞུ་དགོས་ལ། སྐུ་མདུན་གྱི་བཀའ་དྲིན་ཐོབ་མཁན་ཚོས་སྐུ་མདུན་གྱི་བཀའ་གསུངས་ཁོ་ན་སྒྲུབ་བ་འགྱུར་བས་བོད་ཀྱི་གནད་དོན་སེལ་ཐབས་དཀའ། ངའི་རེ་བ་བཀའ་དྲིན་དང་བོད་ཀྱི་གནད་དོན་ཁ་ཁ་འབྱེད་པའི་བློ་གྲོས་ཁྱེད་དང་འདྲ་བའི་བོད་་མི་མང་པོ་ཞིག་ལ་སྐྱེས་ཤིང་མ་འོངས་བ་འབྱེད་ཐུབ་པ་སྨོན། སྐུ་མདུན་གྱིས་ད་ལོ་དབྱར་ཁར་དབུ་མ་མང་ཚོགས་ཀྱི་མདུན་དུ་ཕམ་ཚར་ཞེས་CNN གསར་འགོད་པ་གསུངས་ཟིན།
མཁས་དབང་མཆོག་གི་རྣམ་དཔྱོད་དེ་འཛམ་གླིང་གི་ཁྱད་འཕགས་ཀྱི་སྐྱེ་བོ་རྣམས་དང་འགྲན་ཐུབ་པ་ཡིན།
རིག་འབྱུང་རྒྱ་མཚོས་གསུངས་པ་ལ་མངོན་པར་བསྟོད་དོ།
མཆན་ཨང་ ༢༥ འཇམ་དབྱངས་ལགས་ཀྱི་གསུངས་པ་དེ་ངོ་མ་་བདེན་ལེ་རེད་ བརྒྱ་ཆ་བརྒྱ་རྒྱབས་སྐྱོར་ཞུ་ལེ་ཡིན་།
རིག་འབྱུང་རྒྱ་མཚོ་དང་འཇང་གཡུ་ལྷ་རྣམ་པ་གཉིས་ནས་དགོངས་པ་བཞེས་རོགས་གནང་།ང་ཚོ་བོད་མིའི་ཆབ་སྲིད་ཀི་གནད་འགག་ཡོད་ན་མེད་ན་དེ་ནང་ཆོས་དང་འབྲེལ་བ་གཏིང་ཟབ་ཡོད་པ་རེད།དཔེར་ན་༢༠༠༨ལོ་ནས་ད་ཆ་བར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་ནས་ཞོགས་དུང་དང་ཐེའུ་རིང་ལྟ་བུ་ཆོས་མེད་སྨྲ་བ་རེ་ཟུང་མ་གཏོགས་མང་ཆེ་ཤོས་༧རྒྱལ་དབང་རིན་པོ་ཆེར་དད་པ་རྩེ་གཅིག་ཡོད་མཁན་གྲྭ་བཙུན་དང་མང་ཚོགས་ཡིན་པ་རེད།
དེ་ཚོ་རྒྱ་ནག་རང་གི་སྙན་ཐོ་ཁག་ནང་ཡང་འཁོད་ཡོད་པ་དང་གསལ་བོ་ཤེས་ཀི་ཡོད་སྟབས་ཁོང་ཚོས་ཏཱ་ལའི་བླ་མའི་སྐུ་ཚབ་མ་གཏོགས་སུ་ལ་འབྲེལ་མོལ་མི་བྱེད་རྩའང་དེ་འདྲ་རེད།བོད་ནང་གི་མི་མང་ཚོར་༧གོང་ས་ཆེན་པོར་རི་བཙུགས་པ་ལྟ་བུའི་དད་པ་བརྟན་པོ་ཅིག་ཡོད་ཙང་།རྒྱུས་ཡོད་རྒྱ་ནག་གཞུང་གིས་ངོ་དགའ་བསླུ་བྲིད་དང་འཇམ་རྩུབ་སྲིད་ཇུས་གང་འདྲ་བཏང་བར་ངོས་ལེན་མི་བྱེད་པར་རྒྱུས་མེད་ཐག་རིང་བཙན་བྱོལ་གཞུང་གི་སྲིད་ཇུས་སྐོར་ཟུར་ཙམ་གོ་ན།ལམ་སེང་དད་པ་དང་ཡིད་ཆེས་ཀི་ཐོག་ནས་ངོས་ལེན་ལག་བསྟར་གནང་གི་ཡོད།
དེ་འདྲ་ཀི་གནས་སྟངས་རྒྱ་ནག་གཞུང་གིས་ཧ་ཉིད་གསལ་བོ་གོ་ནས་ཁོང་ཚོས་ད་ཆ་གང་ཐུབ་ཅི་ཐུབ་ཀིས་
བཙན་བྱོལ་ནང་ཏཱ་ལའི་བླ་མ་དང་ལྟ་བ་ཐ་དད་འཛིན་མཁན་ཚོ་བེད་སྤྱོད་བྱས་ཏེ་རང་བཙན་དང་མི་རིགས་ཀི་ལ་རྒྱ་སོགས་དར་ཆ་འཕྱར་བཅུག་ནས།༧རྒྱལ་དབང་ལ་སྐྱོན་བརྗོད་དམའ་འབེབས་སྣ་ཚོགས་འོག།བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ནུས་པ་ཆེ་ཤོས་མེད་པར་བཟོ་རྒྱུ་དེ་རེད།མང་པོ་བཤད་མི་དགོས་༧རྒྱལ་བ་རིན་པོ་ཆེ་མེད་ན་ད་ཆ་རྔ་པ་ཁུལ་ནས་མེར་བསྲེགས་དོན་རྐྱེན་མང་པོ་བྱུང་བཞིན་པ་དེ་འདྲ་ཡོང་སྲིད་ཀི་ཁོ་རང་མ་རེད།ང་རང་གིས་གསལ་པོ་རྒྱུས་མྱོང་ཡོད།ས་གནས་དེ་ཚོའི་མི་རྒྱལ་དབང་མཆོག་མ་གཏོགས་འཐབ་རྩོད་ཀི་ཆ་ནས་གཞན་སུ་ལ་ཡིད་ཆེས་ཁོ་རང་བཅའ་ཀི་མ་རེད།
ལྷག་བསམ་ཅན་ཡིན་ན་གནས་ཚུལ་དེ་ཚོ་མཁྱེན་ན་ཡག་པོ་ཡོད།ཡང་བསམ་བཞིན་དུ་མ་གྲུབ་པ་གནང་གི་ཡོད་ན་དོན་དག་ལོག་ཀ་རེད།
དབུ་མའི་ལམ་མང་ཚོགས་ནང་ཕམ་རེད་དེ་འདྲ་༧ཁོང་གིས་བཀའ་གནང་སྲིད་ཀི་མ་རེད།རྒྱུ་མཚན་ལྔ་མཆོད་གསུང་ཆོས་སྐབས་༧ཁོང་གི་ཞལ་རང་ནས་སྲིད་དབང་རྩིས་སྤྲོད་གནང་རུང་དབུ་མའི་ལམ་དེ་བོད་རྒྱ་གཉིས་ཕན་ཡིན་པ་དང་།རྒྱ་མི་ཤེས་ཡོན་པ་མང་པོ་དང་ཕྱི་རྒྱལ་ཁག་ནང་རྒྱབ་སྐྱོར་ཆེན་པོ་ཡོད་པ།ལྷག་པར་བོད་ནས་ཡོང་བ་དང་བོད་ནང་ཡོད་མཁན་ཤེས་ཡོན་ཅན་མང་པོས་མོས་མཐུན་ཆེན་པོ་གནང་གི་ཡོད་པ་བཅས་ལ་བརྟེན།སྲིད་ཇུས་དེར་འགྱུར་བ་མེད་པ་མང་པོ་གསུང་སོང་ང་།
དེ་ལ་བརྟེན་ཟམ་གདོང་གིས་བཀའ་དེ་ལུང་འདྲེན་གྱིས་གསར་ལམ་ཁག་ནང་གཞུང་གི་ལངས་ཕྱོགས་འགྱུར་བ་མེད་པ་མང་པོ་གསུང་སོང་ང་།ཡང་བློ་སེང་གིས་ཀྱང་དེ་དེ་བཞིན་གསུང་གི་འདུག་ག།
གནས་ཚུལ་དེ་འདྲ་རེད།
ཁྲི་རལ་པ་ཅན་ལགས།
བོད་མི་བརྒྱ་ཆ་དགུ་བཅུ་ལྷག་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པར་འབྲེལ་ཡོད་པ་ནི་སྨྲོས་མེད་རེད།
དེ་ནི་ཆབ་སྲིད་ཀྱི་སྐད་ཆ་མ་རེད་ལ་ལྟ་གྲུབ་ཀྱི་སྐད་ཆ་དེ་བས་མིན། དེ་ནི་གནའ་ནས་ད་བར་ཁོང་གི་དབུ་འཁྲིད་འོག་འཚོ་བསྡད་པའི་མི་རིགས་ཤིག་དང་བླ་སློབ་ཀྱི་འབྲེལ་བ་ཞིག་ལགས་ན་སུས་ཀྱང་བསྒྱུར་ཆོག་ཆོག་ཞིག་ག་ལ་ཡིན།
འོན་ཀྱང་ཁྱོད་ཀྱིས་《བཙན་བྱོལ་ནང་ཏཱ་ལའི་བླ་མ་དང་ལྟ་བ་ཐ་དད་འཛིན་མཁན་ཚོ་བེད་སྤྱོད་བྱས་ཏེ་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སོགས་དར་ཆ་འཕྱར་བཅུག་ནས། ༧རྒྱལ་དབང་ལ་སྐྱོན་བརྗོད་དང་དམའ་འབེབས་སྣ་ཚོགས་འོག། བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ནུས་པ་ཆེ་ཤོས་དེ་མེད་པར་བཟོ་རྒྱུ་དེ་རེད་》ཞེས་པ་ནི་ཁྱོད་རང་གི་རྟོགས་བཟོ་ཁོ་ནར་ཟད། འོ་ན་རང་བཙན་དང་མི་རིགས་ཀྱི་ལ་རྒྱའི་དར་ཆ་རལ་པོ་དེས་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་དམའ་འབེབས་ལ་འགྲོ་གི་ཡོད་ན། བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱུན་དུ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་ལ་རྒྱ་མཚོན་བྱེད་བོད་ཀྱི་རྒྱལ་དར་དེ་སྒྲེངས་བཙུགས་བྱེད་དགོས་དོན་གང་ཡིན་ནམ། སྐར་ལྔའི་དར་དམར་འཕྱར་དགོས་ཨེ་རེད། ཁུངས་ལུང་མེད་པའི་སྐད་ཆ་མ་བཤད་རོགས། ཆིག་སྒྲིལ་གྱི་ནུས་པ་མེད་པ་བཟོ་མཁན་འདི་རེད།
རྒྱུ་མཚན་ལྷ་འདྲེ་གདོན་བགེགས་ཚོགས་པ་ཡིན་ན་མ་གཏོགས། རང་བཙན་དང་མི་རིགས་ཀྱི་ལ་རྒྱ་དེས་༧གོང་ས་མཆོག་ལ་མཚན་སྨོད་ལ་འགྲོ་གི་མ་རེད་ལ་ཀྲུང་ནན་ཧེའེ་ལ་སྙིང་ནད་གཅིག་ཡོད་པ་ཡང་འདི་རེད། རྒྱུན་དུ་ཀྲུང་ནན་ཧེའེ་ནས་ཏཱ་ལའི་ཁ་བྲལ་རིང་ལུགས་ཞེས་སྐད་ངན་ཤོར་ནས་མང་མང་སྨོད་དགོས་པ་ཡང་དེ་རེད།
མ་གཞི་ཁྱོད་ཀྱིས་བོད་ནང་གི་སྐུ་ལུས་སྒྲོན་མེར་བཏེགས་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་སུ་འབུལ་མཁན་གྱི་དཔའ་བོ་དཔའ་མོ་ཚོའི་འབོད་ཚིག་དེ་གོ་ཨེ་མྱོང། གོ་མེད་ན་རྣ་བ་ཡག་པོ་ཉོན།
ཅི་ཞིག་བརྗོད་ཀྱིན་འདུག། དེ་ནས་ཤེས་མདོག་ཁ་པོ་རེད།
དོན་ངོ་མར་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ནི་ཀྲུང་ནན་ཧེའེ་དང་ལྷ་འདྲེ་གདོན་བགེགས་ཚོགས་པ་དང་བཙན་བྱོལ་ནང་གི་མགོ་གཏད་རིང་ལུགས་པའི་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མགོ་གཉིས་མ་དེ་ཚོ་རེད་མ་གཏོགས། རང་བཙན་པ་དང་མི་རིགས་ཀྱི་ལ་རྒྱ་ཅན་པ་དེ་བས་མ་རེད། ཆབ་སྲིད་ཀྱི་ལྟ་གྲུབ་མི་མཐུན་པ་རྒྱུ་མཚན་དུ་བྱས་ཏེ་མཚན་སྨོད་ཞུས་པ་རེད་ལབ་ན་གནད་ལུགས་དང་རྒྱུ་མཚན་མི་ལྡན་པའི་གཏམ་རང་རེད།