སྐལ་བཟང་དོན་གྲུབ།
ད་ལྟའི་དུས་སྐབས་འདིར་རང་བཙན་གྱི་མངོན་འདོད་ལ་བོད་མིའི་སྒྲིག་འཛུགས་དང་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ཅིག་གིས་རྒྱབ་སྐྱོར་མེད་པའི་རྣམ་པ་སྟོན་བཞིན་ཡོད་ནའང་། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མི་ཉུང་བའི་ཁྲོད་རང་བཙན་གྱི་མེ་རོ་མུ་མཐུད་འབར་བཞིན་པ་དེ་ནི་གཟི་བརྗིད་རེད་ལ་མ་འོངས་པའི་རེ་བ་
ཡང་རེད། མ་འོངས་པའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག་དང་རྒྱ་ནག་གི་འགྱུར་ལྡོག དེ་དག་དང་བསྟུན་ནས་བོད་ལ་ཐོབ་སྲིད་པའི་གོ་སྐབས་དང་རེ་བ་སོགས་ལ་མནོ་བསམ་བཏང་ཚེ་རང་བཙན་གྱི་འཐབ་རྩོད་དུ་མུ་མཐུད་གནས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན།
སྤྱིར་བཙན་བྱོལ་ནང་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་དང་དམག་འཐབ་བྱས་ཏེ་རང་བཙན་ལེན་རྒྱུ་ནི་ཡོང་མི་སྲིད་པ་ཡིན་སྐོར་བཤད་མཁན་ནི་མི་ཉུང་བ་ཡོད་པ་རེད་དེ། རང་བཙན་འཐབ་རྩོད་དེ་དྲག་པོའི་ལམ་ནས་བྱེད་དགོས་པ་ཞིག་ཆགས་ཀྱི་མེད་ལ། དེ་ལྟར་བྱས་ནའང་མི་འགྲིག་པ་ཞིག་མ་རེད། དེང་གི་ཆར་མི་མང་པོའི་སྲོག་བློས་གཏོང་མི་དགོས་པར། ཕར་རོལ་དགྲ་བོ་ལ་ཕམ་ཉེས་ཆེན་པོ་གཏོང་ཐུབ་པའི་ནུས་པ་ལྡན་པའི་ཡར་ཐོན་གྱི་མཚོན་ཆ་མང་པོ་ཡོད་པའི་དུས་འདིར། གལ་ཏེ་དྲག་པོའི་འཐབ་རྩོད་བྱས་ནའང་མི་འགྲིག་པ་ཞིག་དང་གྲུབ་འབྲས་ཐོན་རྒྱུ་མིན་པ་ཐག་གཅོད་བྱེད་དཀའ་བ་རེད་དེ། ཕྲན་གྱིས་རང་བཙན་ཞི་དྲག་གང་གི་ཐོག་ནས་བརྩད་དགོས་མིན་ཐད་བསམ་ཚུལ་བརྗོད་མི་འདོད་པར། རང་བཙན་གྱི་འཐབ་རྩོད་དེ་མུ་མཐུད་བྱེད་དགོས་པའི་གལ་འགངས་ཐོག་བསམ་ཚུལ་བརྗོད་འདོད། དེ་ཡང་གོང་ཞུས་ལྟར་ད་ལྟའི་ཆར་རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་ཁར། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ནང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཀྱིས་ཤུགས་རྐྱེན་དང་སྡིགས་ར་ཡང་བསྐུལ་ཐུབ་ཀྱི་ཡོད་པ་རེད། འོན་ཀྱང་སྟོབས་ཤུགས་དེ་གསོན་པོ་གནས་པའི་སྙིང་རྩ་གཙོ་བོ་ནི་དཔལ་འབྱོར་གྱི་སྟོབས་ཤུགས་ཡིན་པས། ནམ་ཞིག་དཔལ་འབྱོར་ཉམས་རྒུད་སོང་ཚེ། རྒྱལ་ནང་དུ་ལྷིངས་འཇགས་མེད་པ་ཆགས་རྒྱུ་མ་ཚད། རྒྱལ་སྤྱིའི་ནང་དུ་ཡང་རྒྱ་ནག་གཅིག་འགྱུར་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཉུང་དུ་འགྲོ་སྲིད་པ་དང་། རྒྱ་ནག་དེ་དུམ་བུར་འགྲོ་སྲིད་པའང་རེད། དུས་སྐབས་དེ་འདྲ་ཞིག་སྔ་ཕྱི་མ་གཏོགས་ཤར་རྒྱུ་ཡིན་པ་ཐེ་ཚོམས་མེད་པ་རེད་དེ། སྐབས་དེར་བོད་མི་ཚོས་རང་བཙན་གྱི་མངོན་འདོད་བསྐྱུར་ཚར་ཚེ། གོ་སྐབས་དམ་འཛིན་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པས། ད་ལྟའི་དུས་ནས་སྤྱི་ཚོགས་ཀྱི་གནོན་ཤུགས་དང་དཀའ་ངལ་གང་འཕྲད་མིན་ལ་མ་ལྟོས་པར། མ་འོངས་པའི་མི་རབས་རྣམས་ཀྱི་ཆེད་དུ་རང་བཙན་གྱི་མེ་རོ་དེ་ཤི་བཅུག་མི་རུང་བ་ཡིན།
དེ་བཞིན་ད་ལྟའི་ཆར་རྒྱལ་སྤྱིའི་ནང་གི་སྟོབས་ཆེན་རྒྱལ་ཁབ་ཨ་རི་དང་རྒྱ་གར། ཡུ་རོབ་མཐུན་ཚོགས། དེ་བཞིན་ཕྱི་རྒྱལ་དང་རྒྱ་ནག་ཏུ་གནས་སྡོད་རྒྱ་རིགས་མང་པོ་ཞིག་གིས་བོད་མིའི་རང་སྲིད་རང་སྐྱོང་གི་འཐབ་རྩོད་དེར་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་གྱི་ཡོད་རེད་ལ། དེ་བེད་སྤྱད་ནས་རང་བཙན་ལ་རྒྱབ་སྐྱོར་མེད་པ་ཡིན་སྐོར་ས་བསྒྲགས་གནམ་བསྒྲགས་བྱེད་མཁན་བོད་མིའི་སྤྱི་ཚོགས་ཁྲོད་དུ་མི་ཉུང་བ་ཞིག་ཡོད་པ་རེད་དེ། ད་ལྟའི་ཆར་རང་བཙན་ལ་མངོན་གསལ་དོད་པོའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཉུང་བ་ཡོད་པ་ཙམ་གྱིས། མ་འོངས་པར་རང་བཙན་ལ་རྒྱལ་ཁ་ཐོབ་རྒྱུ་མིན་པ་དང་ད་ལྟའི་ཆར་ཡང་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མེད་པ་ཡིན་པ་ཁྱབ་ཀྱི་མེད་པ་རེད། རྒྱ་གར་ལྟ་བུ་ཆ་བཞག་ན་ད་ལྟའི་ཆར་རྒྱ་ནག་དང་ས་མཚམས་ཀྱི་རྩོད་རྙོག་འགྲོ་བཞིན་ཡོད་པ་དང་། ཕྱོགས་གཉིས་བར་ཚོང་འབྲེལ་ཡང་ཆེན་པོ་བྱེད་བཞིན་ཡོད་པ་རེད་དེ། སེམས་གཏིང་ནས་བོད་ཀྱི་གནད་དོན་དེ་དབུ་མའི་ལམ་བརྒྱུད་ནས་རང་སྲིད་རང་སྐྱོང་ཐོབ་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཤད་མི་ཐུབ། གང་ཡིན་ཟེར་ན་གལ་ཏེ་བོད་ལ་རང་སྲིད་རང་སྐྱོང་ཐོབ་ནས་རྒྱ་ནག་གི་ཆ་ཤས་སུ་གནས་ཚེ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་དེ་མུ་མཐུད་གནས་རྒྱུ་ཡིན་ཁར། རྒྱ་གར་གྱིས་རྒྱ་ནག་གི་སེམས་ཚོར་གནོད་བྱེད་ཀྱི་ལག་ཆ་དེ་ཡང་མེད་པ་ཆགས་རྒྱུ་ཡིན་པས། རྒྱ་གར་གྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་མདོག་བྱེད་པར་དེ་ཡང་དུས་ཀྱི་དགོས་མཁོ་ཞིག་ལས། མ་འོངས་པར་རྒྱ་ནག་དེ་དུམ་བུར་སོང་བའམ་ཉམས་རྒུད་དུ་སོང་ཚེ། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མི་སྲིད་པ་ཞིག་མ་རེད། དེ་བཞིན་ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་གཞན་རྣམས་ཀྱིས་ཀྱང་རྒྱ་ནག་དེ་སྟོབས་ཆེན་རྒྱལ་ཁབ་དང་བརྟན་བརླིང་ཅན་གྱི་རྒྱལ་ཁབ་ཅིག་ཏུ་ཆགས་རྒྱུར་མངོན་གསུམ་དུ་རྒྱབ་སྐྱོར་མེད་པ་ནི་གསལ་པོ་རེད་ལ། དེ་ལ་རྒྱ་ནག་གིས་ཀྱང་ཤེས་རྟོགས་ཡོད་ཤག་རེད། ཡིན་ནའང་དགོས་མཁོའི་དབང་གིས་ཨ་རི་སོགས་ཀྱིས་རྒྱ་ནག་གཅིག་འགྱུར་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་ཡོད་མདོག་དང་བོད་དོན་དེ་དབུ་མའི་ལམ་ཐོག་ནས་སེལ་དགོས་པའི་བསྒྲགས་གཏམ་སྤེལ་བཞིན་དུས་འདའ་བར་བྱེད་ཀྱི་ཡོད་པ་དང་། ནམ་ཞིག་གོ་སྐབས་ཐོབ་ཚེ་རྒྱ་ནག་དེ་འཐོར་ཞིག་གཏོང་ཐབས་བྱ་རྒྱུར་ཐེ་ཚོམས་མེད་པ་རེད་པས། མདོར་བསྡུས་ན་ད་ལྟའི་ཆར་རྒྱ་ནག་དེ་ཉམས་རྒུད་འགྲོ་རྒྱུ་དང་གཏོང་རྒྱུ། དུམ་བུར་འགྲོ་རྒྱུ་དང་གཏོང་རྒྱུའི་གོ་སྐབས་མི་བསྒུག་ནས་སྡོད་མཁན་ཕལ་ཆེར་བཙན་བྱོལ་ནང་གི་བོད་མི་མང་པོ་ཞིག་ཡོད་པ་དེ་དག་ལས་མེད་པ་ཡིན་པས། རང་བཙན་གྱི་མངོན་འདོད་ནམ་ཡང་བློས་གཏོང་བྱེད་མི་རུང་བ་ཞིག་རེད་ལ། མངོན་འདོད་དེ་མི་རབས་རྗེས་མ་ཚོར་ཡང་རྩིས་སྤྲོད་བྱེད་ཐུབ་པ་ཞིག་དགོས་རྒྱུ་གལ་ཤིན་ཏུ་ཆེན་པོར་མཐོང་།
དེ་བཞིན་རང་བཙན་གྱི་མངོན་འདོད་དོར་མི་རུང་བའི་རྒྱུ་མཚན་ཉག་ཅིག་ནི། མ་འོངས་པར་རྒྱ་ནག་ཉམས་རྒུད་དུ་ཕྱིན་ནས་དུམ་བུར་སོང་སྐབས། གོ་སྐབས་དམ་འཛིན་གྱིས་རང་བཙན་ལེན་ཆེད་གཅིག་པུ་མ་ཡིན་པར། ད་ལྟའི་དུས་ནས་བོད་ཀྱི་མི་རབས་གསར་པ་ཚོར་རང་བཙན་མངོན་འདོད་ལ་དུང་བ་སླེབས་ཐུབ་པ་བཟོ་རྒྱུ་དང་། མ་འོངས་པར་ཁོ་ཚོས་རང་བཙན་གྱི་མེ་རོ་དེ་གསོན་པ་ཉར་རྒྱུ། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ཀྱི་རང་བཙན་མངོན་འདོད་དེ་དོར་མེད་པའི་རྣམ་པ་སྟོན་ནས་མངོན་གསལ་དོད་པོ་དང་གསང་བའི་ཐོག་ནས་རྒྱབ་སྐྱོར་བཙལ་ཆེད་ཀྱང་ཡིན་ལ། དུས་དང་བསྟུན་ནས་བཙན་བྱོལ་སྤྱི་ཚོགས་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་ཡང་འགྱུར་བ་མི་འགྲོ་བའི་ངེས་པ་མེད་པས། འགྱུར་བ་འགྲོ་རྒྱུར་བསྒུག་ནས་མི་སྡོད་པར་དེ་ལ་མཐུན་སྦྱོར་དང་ཆ་ཤས་བླངས་རྒྱུའི་ཆེད་དུ་ཡང་རང་བཙན་འཐབ་རྩོད་མུ་མཐུད་བྱ་རྒྱུ་གལ་ཆེན་ཡིན།
བཙན་བྱོལ་ནང་མ་འོངས་པར་རྒྱ་ནག་དེ་མང་གཙོའི་ལམ་ལུགས་སུ་འགྱུར་རྒྱུ་ཡིན་པ་དང་། དུས་སྐབས་དེར་བོད་ལ་རང་སྲིད་རང་སྐྱོང་ཐོབ་པའི་ངེས་པ་ཡོད་སྐོར་བརྗོད་མཁན་མང་ཡང་། གལ་ཏེ་རྒྱ་ནག་དེ་དུམ་བུར་མ་སོང་བར་མང་གཙོའི་ལམ་ལུགས་སུ་ཕྱིན་ཚེ། བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་པའི་ངེས་པ་མེད་པ་ཡིན། རྒྱ་ནག་གི་ལམ་ལུགས་དེ་མང་གཙོ་ཆགས་ཀྱང་རྒྱ་རིགས་རྣམས་ཀྱི་རྒྱལ་ཞེན་དེ་འགྱུར་བ་འགྲོ་དཀའ་བ་ཡིན་པས། ད་ལྟའི་ཆར་རང་སྲིད་རང་སྐྱོང་དེ་དཀྱོག་ནས་བཤད་ནའང་རེད། ཁ་ཐུག་བཤད་ནའང་རེད། གང་ལྟར་དམར་ཤོག་ཚོགས་པས་འཛིན་སྐྱོང་བྱེད་བཞིན་པའི་རྒྱ་ནག་གི་ཆ་ཤས་སུ་དམིགས་བསལ་གྱི་གནས་བབ་འོག་སྡོད་རྒྱུ་ཡིན་པ་བཤད་ཀྱི་ཡོད་པས། རྗེས་སུ་རྒྱ་ནག་གི་ལམ་ལུགས་འགྱུར་བ་འགྲོ་བའི་དུས་ཤིག་ཤར་བ་དང་། སྐབས་དེར་བོད་མིའི་རང་བཙན་གྱི་མངོན་འདོད་ནུས་མེད་ཆགས་ཡོད་ཚེ། སྐབས་དེའི་རྒྱ་ནག་གི་མང་གཙོའི་སྲིད་གཞུང་གིས་རང་སྲིད་རང་སྐྱོང་གནས་བབ་མི་དགོས་པར། མི་རིགས་གཞན་ལྟར་འདྲ་མཉམ་དུ་རྒྱ་ནག་འོག་གནས་དགོས་པ་དང་དེའི་ཕན་ཡོན་བསྒྲགས་སྲིད་པ་དང་། སྐབས་དེར་བོད་མིའི་འགོ་ཁྲིད་དང་མི་མང་ཚོས་ཀྱང་བཤད་ལུགས་དེར་བདེན་པ་མཐོང་ནས་དེ་ལྟར་བྱེད་པའང་སྲིད་པ་རེད། གལ་ཏེ་དེ་ལྟར་བྱས་ཚེ་མི་ལོ་མང་པོ་བཙན་བྱོལ་དུ་གྱར་ནས་དཀའ་སྡུག་མྱངས་བའི་གྲུབ་འབྲས་ཡང་མེད་པ་འགྱུར་རྒྱུ་རེད། གལ་ཏེ་ད་ལྟའི་དུས་ནས་རང་བཙན་འཐབ་རྩོད་ཀྱི་ནུས་པ་དེ་ཆེན་པོ་བཟོ་ཐུབ་ཚེ། མ་འོངས་པར་རྒྱ་ནག་མང་གཙོ་ཆགས་དུས་བོད་མིའི་རང་བཙན་འཐབ་རྩོད་དེར་བོད་གཞིས་བྱེས་གཉིས་ནས་རྒྱབ་སྐྱོར་ཡོད་པའི་་ཐོག སྔར་ཨི་ཛེ་རིལ་རྒྱལ་ཁབ་ལོགས་སུ་དགོས་པའི་མངོན་འདོད་ལ་རྒྱལ་སྤྱིའི་ཐོག་ནས་རྒྱབ་སྐྱོར་ཐོབ་པ་ལྟར་བོད་ལ་ཡང་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་པ་དང་། གལ་ཏེ་སྐབས་དེར་བོད་མིའི་རང་བཙན་མངོན་འདོད་དེ་ནུས་མེད་ཆགས་ཟིན་ཚེ། བོད་གཞིས་བྱེས་གཉིས་ནས་རྒྱབ་སྐྱོར་ཕར་ཞོག རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྱང་རྒྱབ་སྐྱོར་བྱེད་ཐབས་མེད་པ་ཆགས་རྒྱུ་ཡིན་པའི་ཉེན་ཁ་ཆེན་པོ་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་དུ་གཏན་འབེབས་བྱས་ནས་བཟུང་། རང་བཙན་ལངས་ཕྱོགས་ཀྱི་ཤུགས་རྐྱེན་དང་བོད་རྒྱལ་ཁབ་སླར་གསོ་བྱ་ཐུབ་རྒྱུའི་རེ་བ་ལ་ཡང་དོ་ཕོག་ཕྱིན་ཡོད་པ་མངོན་གསལ་རེད། ད་ལྟའི་ཆར་བཙན་བྱོལ་ནང་མི་མང་པོ་ཞིག་གིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་བྲལ་བ་ཡིན་བསམ་ནས། རང་ཉིད་ཀྱི་ནུས་པ་ལ་ཡང་ཡིད་ཆེས་མེད་མཁན་མང་པོ་ཡོད་ཁར། མ་འོངས་པར་བོད་ཀྱི་བདེན་མཐའ་དེ་རང་སྲིང་རང་སྐྱོང་དང་རང་བཙན་གང་གི་ཐོག་ནས་སེལ་ཡང་། རང་ཉིད་གནས་སྡོད་རྒྱལ་ཁབ་དེ་ལ་མུ་མཐུད་སྡོད་རྒྱུ་ལས། བོད་ལ་འགྲོ་རྒྱུའི་འདོད་པ་མེད་སྐོར་བརྗོད་མཁན་ཡང་ཡོད་པས། ངས་བལྟས་ན་དེ་དག་ནི་རེ་བ་ཟད་པའི་མི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དམིགས་ཡུལ་ཞིག་སྒྲུབ་པར་རེ་བ་དང་ཡིད་ཆེས་གཉིས་པོ་དེ་གལ་ཆེན་གྱི་ནུས་པ་ཞིག་ཆགས་ཀྱི་ཡོད་པས། བོད་མི་རྣམས་ལ་བོད་རྒྱལ་ཁབ་སླར་གསོ་བྱེད་ཐུབ་པའི་རེ་བ་རྒྱུན་གནས་ཐོབ་ཆེད། རང་བཙན་འཐབ་རྩོད་མུ་མཐུད་གནས་དགོས་པ་གལ་ཆེན་ཡིན།
འཛམ་གླིང་ནང་ཡུ་རོབ་སེ་པན་རྒྱལ་ཁབ་འོག་ཀཱ་ཊ་ལོ་ནི་ཡ་དང་། ཨི་རག་འོག་ཏུ་ཀཱེར་ཌེ་སེ་ཐན། དབྱིན་ཡུལ་འོག་ཏུ་སཱེ་ཁོ་ཌེ་ལན་སོགས་དབང་སྒྱུར་རྒྱལ་ཁབ་འོག་ཏུ་རང་སྐྱོང་གི་གནས་བབ་དང་གནས་ཚད་འདྲ་མིན་འོག་འཚོ་གནས་བྱེད་མཁན་རྒྱལ་ཁབ་ཁག་ཅིག་ཡོད་པ་རེད་དེ། རྒྱལ་ཁབ་དེ་དག་གིས་དབང་སྒྱུར་རྒྱལ་ཁབ་བམ་དབུས་རྒྱལ་ཁབ་ནས་ཁ་བྲལ་གྱིས་རང་བཙན་རྒྱལ་ཁབ་ཀྱི་གནས་བབ་ཡོང་ཆེད། མི་མང་ཐག་གཅོད་ཀྱི་འོས་བསྡུ་རིམ་པ་བྱས་ཡོད་ལ། དབུས་རྒྱལ་ཁབ་ཀྱིས་མང་མོས་ཐག་གཅོད་དེ་རིགས་ཀྱི་གྲུབ་དོན་ལ་རྩིས་མེད་དམ་འགོག་ཐབས་ཀྱང་བྱས་པའི་གནས་ཚུལ་མང་པོ་བྱུང་ཡོད་པ་རེད། བསམ་ཞིབ་ཅིག་བྱས་ཚེ། དེང་གི་ཆར་དབང་སྒྱུར་རྒྱལ་ཁབ་གཅིག་གི་འོག་ནས་ཁ་བྲལ་ཏེ་རང་བཙན་རྒྱལ་ཁབ་ཅིག་ཆགས་ཐབས་འབད་མཁན་ཤ་སྟག་ལས། ཨུ་ཚུགས་མཐའ་སྐྱེལ་གྱིས་དབང་སྒྱུར་རྒྱལ་ཁབ་འོག་ཏུ་གནས་ཐབས་བྱེད་མཁན་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལས་མ་མཆིས་པ་འདྲ། དེ་ཡང་རང་སྐྱོང་གི་གནས་བབ་ཀྱི་སྒྲོམ་གཞི་དེ་གནས་སྐབས་རིང་ལམ་ལྷོངས་ཡོང་སྲིད་ཀྱང་། རྗེས་སུ་མི་མང་རྣམས་ལ་དབང་སྒྱུར་བྱེད་པོ་དང་ཁ་བྲལ་བའི་བསམ་བློ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་ནི་མངོན་གསལ་རེད་འདུག་པས། ང་ཚོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བསམ་བློའི་འཁྱེར་སོ་ཡག་པོ་དང་རེ་བ་བཟང་པོའི་ཐོག་ནས། གལ་ཏེ་བོད་ལ་རང་སྐྱོང་གི་གནས་བབ་ཐོབ་ཚེ། རྒྱ་ནག་འོག་ཏུ་རྒྱུན་གནས་ཐོབ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་སྲིད་པ་རེད་དེ། རྒྱ་ནག་འོག་ཏུ་ཡོད་པའི་ཧོང་ཀོང་ནང་གི་དཀའ་སྡུག་ལ་དཔེ་བླངས་ཚེ། མ་འོངས་པར་རྒྱ་ནག་འོག་ཏུ་ཞི་བདེའི་ངང་སྡོད་ཐབས་བྲལ་བ་ཡིན་པ་ཤེས་ཐུབ་པས། ད་ལྟ་ནས་རང་བཙན་གྱི་གསོན་ཤུགས་དེ་ཉར་དགོས་པ་ཡིན་ལ། ཐབས་བྱུས་དང་ལྡན་པའི་ཐོག་ནས་རང་བཙན་བསྐྱར་གསོ་བྱེད་ཐབས་ལ་འབད་དགོས་པ་ཡིན།
རང་བཙན་གྱི་འཐབ་རྩོད་མུ་མཐུད་གནས་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་གཞིས་ཞུགས་བོད་མི་རྣམས། རྒྱ་ནག་གི་བཙན་གནོན་འོག་ཏུ་དཀའ་སྡུག་བསྟུད་མར་མྱངས་དང་མྱོང་བཞིན་ཡོད་པས། ད་བར་ཁོང་རྣམས་པས་རྒྱ་ནག་འོག་ཏུ་རང་སྐྱོང་གི་གནས་བབ་འོག་ཏུ་སྡོད་འདོད་ཡོད་པའི་བརྡ་ལན་ནམ་བསམ་འཆར་བསྡུ་ལེན་གྱི་གྲུབ་དོན་ཞིག་མེད་པ་རེད་ལ། ངས་ཀྱང་དེ་ལྟར་ཡོང་མི་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད། མི་སུ་གང་ཞིག་རང་ཉིད་ལ་བརྙས་བཅོས་བྱེད་མཁན་འོག་སྡོད་འདོད་ཡོད་པ་རེད་དམ། གལ་ཏེ་ང་ཚོས་བཙན་བྱོལ་ནས་རང་བཙན་གྱི་འཐབ་རྩོད་དེ་མཚམས་བཞག་ཚེ། བོད་ནང་གི་བོད་མི་ཚོའི་སེམས་ཤུགས་སམ་རེ་བ་ལ་ཡང་དོ་ཕོག་འགྲོ་སྲིད་པ་རེད་པས། རང་བཙན་འཐབ་རྩོད་དེ་མུ་མཐུད་ནས་གནས་དགོས་པ་དང་། རང་བཙན་ཐོབ་པའི་རེ་བ་དེ་ནམ་ཡང་བརླག་མི་རུང་བ་ཡིན།
མཆན། རྩོམ་ཡིག་འདི་ཕྱི་ལོ་༢༠༡༨ ལོར་རྡ་སར་འཚོགས་པའི་རྒྱལ་སྤྱིའི་རང་བཙན་ཚོགས་ཆེན་སྐབས་ཀྱི་རྩོམ་ཡིག་འགྲན་སྡུར་ཁྲོད་ཨང་རིམ་གསུམ་པ་ཐོབ་ཡོད་པ་དང་། རང་བཙན་ཆེད་དེབ་ནང་དུ་པར་སྐྲུན་བྱས་ཡོད་པ་དང་། བོད་རང་བཙན་དྲ་རྒྱའི་ཐོག་ཏུ་བཀོད་ཡོད་པ་རེད།
སྐད་ཡིག་ཉམས་ཟིན་རང་བཙན། །
ལེགས་བྱང་བརླགས་ཟིན་རང་བཙན། །
ཆོས་དད་མེད་པའི་རང་བཙན། །
བོད་མིས་རང་བཙན་ལེན་ནམ། །
་
ལོ་ངོ་སྟོང་ཕྲག་སོང་ཟིན། །
རྒྱ་བོད་ཆོས་ཡོན་བྱས་ཟིན། །
ལོ་ངོ་དྲུག་ཅུར་མྱང་ཟིན། །
ད་ནི་མཉམ་གནས་དགོས་རན། །
་
དུས་རབས་གསར་པར་འགྲོ་རན། །
རྒྱ་བོད་ཁེ་ཕན་སྒྲུབ་རན། །
ཧིན་བོད་བདེ་སྐྱིད་སྒྲུབ་རན། །
དབུ་མ་གཉིན་སྨན་བཟོ་རན། །
མ་འོ་ཙེ་ཏུང་ཤི་ཟིན། །
ཏིང་ཤ་འོ་འདས་ཟིན། །
ཛང་དང་ཧུ་གཉིས་ཡོལ་ཟིན། །
ཞི་ཅིན་སོགས་ལ་འགྲན་རན། །
https://www.facebook.com/119306658803462/videos/2334696873457398/
༄༅། རང་བཙན་རྩོད་ལེན་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ནུས་པ་ཆེ་ཆུང་ཇི་ལྟར་ཐོན་
ཡོད་མེད་ལ་མ་ལྟས་པར་ཕ་ཡུལ་བཙན་འཕྲོག་པ་ལ་ཁ་གཏད་རྩོད་ལེན་བྱེད་མཁན་ངོ་མ་དེ་རེད།
རྒྱ་དམར་པོ་དཔལ་འབྱོར་ཇི་ལྟར་ཆེ་ཡང་ནང་སེམས་ཁམས་རིག་པའི་ངོས་ནས་ང་ཚོ་དང་འགྲན་
རྩོད་ཐུབ་ཐབས་མེད་ཞིག་རེད།
རྒྱལ་ཁབ་མི་རིགས་རྒྱུན་གནས་ཐུབ་ལ་རང་བཙན་ཙམ།
གཞིས་ཞུགས་བོད་མིའི་དཀའ་སྡུག་སེལ་ལ་དབུ་ལམ་ཙམ།
རང་བཙན་དབུ་མའི་འཐབ་རྩོད་རྣོ་ངར་དགྲ་བོའི་ཕྱོགས་ལ་བློ་མ་ཞུམ།
དབུ་མའི་བདག་དབང་བཀའ་ཤག་ལ་ཡོད་ན་རང་བཙན་བདག་དབང་སུ་ལ་ཡོད།
ཕོ་འགའ་རེའི་རང་བཙན་རྩོད་ཀྱི་འདུག།
ཕོ་འགའ་རེའི་དབུ་ལམ་རྩོོད་ཀྱི་འདུག།
ཕོ་འགའ་རེའི་བདེན་ཨུ་གླེང་གི་འདུག།
ཕོ་འགའ་རེའི་རང་ཐག་རང་གཅོད་གླེང་གི་འདུག།
དོན་ངོ་མ་དུས་ཚོད་འགྱངས་ཐབས་ཙམ།
མི་རིགས་ཞིག་ཟུར་དུ་འཚོ་དགོས་ན་རང་བཙན་ལས་གཞན་དུ་ཁ་ཕྱོགས་
ས་མེད་པ་དང་རྒྱ་འོག་ཏུ་ཡོད་པའི་རྒྱ་ཆེ་བོད་མི་རིགས་ལ་སྒོ་
གསུམ་རང་དབང་དགོས་ན་དབུ་ལམ་རྒྱུད་ནས་རྒྱ་མིའི་མཉམ་
མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་རྒྱུད་ནས་འགྲོ་དགོས་པ་ལས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་གྱི་རྩ་ཁྲིམས་
ཀྱི་སྒྲོམ་གཞིའི་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་གནས་
བབས་ཚད་ལྡན་དགོས་པའི་དགོས་འདུན་སྟོན་ནས་ཕྱིའི་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་ཚོལ་རྒྱུ་དེ་རྒྱ་མིའི་རྩ་ཁྲིམས་ལ་ངོས་ལེན་ཞུས་ནས་ཕྱི་རྒྱལ་ལ་རྒྱབ་སྐྱོར་་ཚོལ་རྒྱུ་དེ་ཁྲིམས་མཐུན་དུ་བསྡད་ཨ་ཡོད་ན།
༄། ང་གསོན་ཁྱོད་ཤི་དགོས་ཟེར་བའིརང་བཙན་དེ་མི་དགོས།།
རྒྱབ་རྒོལ་བ་ལྟ་བུའི་བྱེད་ལུགས་བོད་པའི་རང་བཙན་དེ་མི་དགོས།།
དེང་སང་བོད་པས་ནང་ཆོས་ལ་སྡང་བའི་རང་བཙན་དེ་མི་དགོས།།
བླ་མ་དང་གྲྭ་བཙུན་ལ་སྡང་བའི་རང་བཙན་དེ་མི་དགོས།།
སྐད་ཡིག་དང་རིག་གཞུང་མི་མཁན་བོད་པའི་རང་བཙན་དེ་མི་དགོས།།
ད་ནི་མི་དགོས་རང་བཙན་མི་དགོས་་ནང་འཁྲུགས་མི་དགོས།།
མཁན་སློབ་ཆོས་གསུམ་ལ་སྡང་བའི་བོད་པའི་རང་བཙན་དེ་མི་དགོས།།
བ གུ་རུ་ལ་བཀུར་འདེབས་ཆོས་རྒྱལ་བཀུར་ཅན་རང་བཙན་མི་དགོས།