སྐྱེས་སར་ཀླུ་སྒྲུབ།
ཐེངས་འདིའི་ཁམས་སྐྱེ་དགུ་མདོའ་རང་བྱུང་གནོད་འཚེའི་ཐད་གཞིས་བྱེས་གཉིས་ནས་གདོང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་གང་ལེགས་སྟོན་བཞིན་
པར་གུས་པས་དགའ་གུས་ཡི་རངས་ཞུ་བཞིན་ཡོད་ལ། མུ་མཐུད་བོད་རིགས་ཚང་མས་རང་ནུས་གང་ཡོད་ཀྱིས་རོགས་རམ་གནང་རྒྱུ་ནི་སུས་ཀྱང་རེ་སྐུལ་ཞུ་མ་དགོས་པར་
རང་འཁྲིའི་འོས་འགན་ཞིག་ཏུ་བརྩི་དགོས་པར་མཐོང་། དེང་གི་ཆར་མཚོ་སྔོན་བོད་སྐད་བརྙན་འཕྲིན་ཁང་གིས་གཙོས་གཞིས་ཀྱི་གསར་ལམ་ཁག་ཏུ་ས་ཡོམ་གེགས་སེལ་
ཐད་རོགས་རམ་གནང་མཁན་དང། རོགས་སྐྱོར་རྣམ་གྲངས་སྐོར་གྱི་གནས་ཚུལ་ཤིན་ཏུ་མང་མོད། འོན་ཀྱང་རང་རེ་བཙན་བྱོལ་སྤྱི་ཚོགས་ནས་བསྔོ་བ་སྨོན་ལམ་གྱི་བྱེད་
སྒོ་ཙམ་ལས། དམིགས་བསལ་གྱིས་དཔལ་འབྱོར་རོགས་རམ་ཞུ་མཁན་དེ་ཙམ་བྱུང་མི་འདུག བསྔོ་བ་སྨོན་ལམ་ཟེར་བ་དེ་དོན་དངོས་སུ་ཕན་ཐོགས་ཡོད་མེད་ནི་སུས་ཀྱང་
ཤོད་དཀའ་ལ། ལྷག་པར་ད་ལྟའི་གནས་བབ་འདིར་ཤི་ཟིན་པ་ཚོའི་ཚེ་སྲོག་ལ་ཕྱིར་ཡོང་མེད་སྟབས། ཁ་ཚ་དགོས་གཏུགས་ཀྱིས་འབད་བརྩོན་གནང་དགོས་ས་དེ། ཤུལ་ལུས་
ཀྱི་རྨས་མ་རྣམས་འཆི་ས་ལས་སྐྱོབ་རྒྱུ་དང། ཟས་གོས་ཀྱིས་དཀའ་ངལ་ཅན་ཚོར་དེ་མཐུན་གྱི་རོགས་རམ་གནང་རྒྱུ་ནི་དུས་ཐུང་ནང་བསྒྲུབ་དགོས་པའི་ལས་འགན་ཞིག་
རེད།
དེ་འདྲའི་དུས་སྐབས་འདིར་ཀིརྟིའི་དགེ་རྩ་ཚོགས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ནས་ཧིན་སྒོར་ཆིག་འབུམ་ལྔ་ཁྲིའི་ ༡༥༠༠༠༠ ཞལ་འདེབས་གནང་བ་
དེ་ནི། དངུལ་འབོར་ཆེན་པོ་ཡིན་མིན་ལ་མ་ལྟོས་པར་བཙན་བྱོལ་སྤྱི་ཚོགས་ཀྱི་མིག་ལྟོས་བྱེད་ཡུལ་བཟང་པོ་ཞིག་ཡིན་པར་ཐེ་ཚོམ་མེད་སྟབས་དེར་རྗེས་སུ་ཡི་ངས་བྱེད་
(ཀིརྟིའི་དགེ་རྩ་ཚོགས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཐེངས་འདིའི་ཞལ་འདེབས་བྱེད་སྒོ་འདི་ལ་ང་ཚོ་ཚང་མས་གུས་ཞབས་དང་བསྔགས་བརྗོད་ཞུ་དགོས་པར་མཐོང་།)རྒྱུ་དང། ལྷག་པར་དེ་མཚུངས་ཀྱི་ཞལ་འདེབས་གནང་མཁན་གང་མང་ཐོན་དགོས་པ་ནི་ང་ཚོ་གཞིས་ལུས་མི་མང་ལ་བརྩེ་དུང་ཅི་ཙམ་
ཡོད་མེད་ལ་འགྲེལ་བཤད་རྒྱག་བྱེད་ཅིག་ཆགས་ཡོད། ད་ལྟའི་དུས་ཚོད་འདིར་རང་ཉིད་མི་སྒེར་རམ། ཡང་ན་ཚོགས་སྡེ་གང་ཞིག་ཁྱབ་བསྒྲགས་བྱས་ཀྱང་རུང། མཐར་
གཏུགས་ན་ཁམས་སྐྱེ་དགུ་མདོའི་དཀའ་ངལ་ཅན་གྱི་མི་སེར་ཚོར་ཕན་ཐོགས་ཅུང་ཙམ་བྱུང་ན། དེ་ནི་ང་ཚོའི་རླབས་ཆེན་གྱི་ཚོགས་གསོག་བྱས་པར་ངོས་འཛིན་བྱས་ཆོག
དེ་མིན་ཛ་དྲག་གི་དུས་ཚོད་འདི་འདྲའི་སྐབས་མི་སྒེར་ཕན་ཚུན་དང་ཚོགས་སྡེ་ཕན་ཚུན་བར་དོགས་སློང་གནང་ནས་བཞུགས་པ་ནི་གནས་སྐབས་འདིར་མཚོན་ན་འོས་
ཤིང་འཚམ་པ་ཞིག་མ་རེད་སྙམ།
གལ་ཏེ་ད་ལྟའི་དུས་ཚོད་འདི་ཀིརྟིའི་དགེ་རྩ་ཚོགས་པ་དང། ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་དག་ཐེར་བྱེད་བཞིན་པའི་དུས་ཚོད་ཅིག་ཡིན་ན་གནས་ཚུལ་
གཞན་རེད་མ་གཏོགས། དེ་མིན་ཚོགས་པའི་ལས་འགུལ་རེ་རེ་དང་མཉམ་དུ་དེའི་རྒྱབ་ལྗོངས་རྒྱུ་མཚན་སྔོག་དགོས་པའི་གནས་སྟངས་ཡོད་མི་སྲིད་ལ། གཞན་སྤྱི་ཚོགས་
ཀྱི་ཚོགས་སྡེ་གང་ལའང་རང་གི་ནུས་ཚོད་དང་མཐུན་པའི་དམིགས་ཡུལ་རེ་ཡོད་ངེས་པས་དག་ཐེར་བྱེད་དགོས་ཅི་ཡོད། ལར་ནས་དུས་སྐབས་འདིར་བོད་མི་ཀུན་ཀྱིས་
རྣག་ཐོག་གཙག་ཁེལ་གྱི་ཚུལ་དུ། རང་ནུས་གང་ཡོད་ཀྱི་ཞལ་འདེབས་དང་རོགས་རམ་གནང་རྒྱུའི་ཐད་འབད་བརྩོན་གནང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་ལ། ཞལ་
འདེབས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། དེ་མཚུངས་ཞལ་འདེབས་འབུལ་འདོད་ཡོད་མཁན་ཚོས་རང་ནུས་གང་ཡོད་ཀྱིས་ཞལ་འདེབས་བརྒྱུད་སྤྲོད་ཐུབ་ཐབས་
ལ་འབད་དགོས་པའི་སྐུལ་སློང་བྱེད་གལ་ཤིན་ཏུ་ཆེ། ལྷག་པར་དུ་ཞལ་འདེབས་འབུལ་མཁན་ཚོས་ལྐོག་ལྐོག་སུབ་སུབ་མེད་པར་ཡོངས་གྲགས་རང་བཞིན་བྱས་ཏེ་འབུལ་
ཐུབ་ན་རང་གཞན་ཚང་མར་དགེ་མཚན་ཆེན་པོ་ཡོད།
དཔེར་ན། གཅིག་ནས་ཕྱོགས་འདུས་རང་བཞིན་གྱི་ཤུགས་རྐྱེན་གྱིས་ཚང་མས་ཤུགས་རྒྱག་རྒྱུའི་ཐད་ནུས་པ་ཐོན་པ་དང། གཉིས་ནས་དཀའ་ངལ་དང་ཛ་དྲག་
གི་དུས་སྐབས་སུ་མདུན་མཆོང་དང་ལག་ལེན་བསྟར་མཁན་སུ་ཡིན་དང། ཁ་བཤད་ལས་ལག་ལེན་མེད་མཁན་སུ་ཡིན་བཅས་གསལ་རྟོགས་ཡོང་བར་ཕན་ཐོགས་ཆེན་
པོ་ཡོད། གསུམ་ནས་བོད་རིགས་ནང་ཁུལ་ལྡོག་རྩ་ཆིག་སྒྲིལ་ཡོང་བར་ཚང་མས་དཀའ་ལས་བརྒྱབ་དང་རྒྱག་བཞིན་པའི་གནས་ཚུལ་ཕན་ཚུན་ཚང་མས་ཤེས་དགོས་པ་དེ་
གལ་ཆེན་པོ་ཡིན། བཞི་ནས་ཞལ་འདེབས་གནང་རིགས་འདི་ལྟ་བུ་གསར་བསྒྲགས་བྱས་ཚེ་བར་ནས་ལྐོག་ཟ་རུལ་སུང་གི་དོན་རྐྱེན་མི་ཡོང་བའི་དགེ་མཚན་ཡོད། ལྔ་ནས་
གསར་བསྒྲགས་བྱས་པ་དེས་སྤྱི་ཚོགས་ཀྱི་ཆེད་དུ་ཤུགས་རྒྱག་མཁན་ཚོའི་འབྱུང་འགྱུར་གྱི་ལས་དོན་ལེགས་འགྲུབ་ཡོང་བར་ཕན་ཐོགས་ཡོད་པས་ངེས་པར་དུ་ང་གཞན་
གྱི་དོན་ཅི་ཞིག་བསྒྲུབ་རུང་གསལ་བསྒྲགས་བྱས་ཏེ་བཟང་པོའི་ཤུགས་རྐྱེན་ཐེབས་ཐབས་དང། རང་ཉིད་ཀྱི་ལས་དོན་ཅི་ཞིག་བྱེད་ཀྱི་ཡོད་མིན་སྤྱི་ཚོགས་ལ་ཤེས་སུ་འཇུག་
པ་དེ་ནི་དུས་རབས་དང་མཐུན་པའི་བྱེད་སྒོ་བཟང་པོ་ཞིག་ཡིན་ལ། གལ་ཆེན་ཞིག་ཀྱང་ཡིན་པ་ཤོད་ཅི་དགོས།
བོད་ནང་ནས་ཀྱང་རེབ་གོང་དགོན་གྲོང་དང། ཨ་མདོ་རྔ་པའི་དགོན་གྲོང་སོགས་བོད་ཡུལ་གྱི་དགོན་སྡེ་དང། ས་ཁུལ་སྣ་ཚོགས་ནས་དངུལ་དང། སྨན་རྫས།
ཟས་རིགས། མལ་གོས་སོགས་ཀྱི་མཐུན་རྐྱེན་བསྒྲུབས་དང་སྒྲུབ་མུས་ཀྱི་གནས་ཚུལ་གང་མང་ཡོང་བཞིན་པ་འདི་ཆ་ཚང་མཐར་གཏུགས་ན། སྐྱིད་སྡུག་མཉམ་མྱོང་དང།
ལྡོག་རྩ་ཆིག་སྒྲིལ་གྱི་ལམ་དུ་བསྐྱོད་པ་ཞིག་ཡིན་སྟབས། ང་ཚོས་ནམ་ཡང་དགའ་བསུ་བྱེད་དགོས་པར་མཐོང།
གཞན་ད་ལྟའི་རང་བྱུང་གནོད་འཚེ་འདིའི་ཐད་གུས་པས་རྡ་རམ་ས་ལའི་བོད་མི་འགར་ང་ཚོས་བོད་ནང་གི་ས་ཡོམ་གྱི་གནོན་སྐྱོན་ཕོགས་ཁུལ་གྱི་མི་མང་ལ་
རོགས་རམ་ག་རེ་བྱེད་ཐུབ་མིན་ཐད་གླེང་མོལ་བྱས་པར། ཁོང་རྣམ་པས་གསུངས་རྒྱུར་ང་ཚོའི་འཁྲིས་སུ་ཞལ་འདེབས་བསྡུ་མཁན་ཞིག་སླེབས་ཚེ་ང་ཚོས་རང་གི་མ་དངུལ་
གྱི་གནས་བབ་ལ་བལྟས་ནས་ཞལ་འདེབས་འབུལ་གྱི་རེད་ལ། དེ་མིན་ཕ་མ་དང་ནང་མིའི་གཙོ་འགན་ཁུར་མཁན་གྲོངས་ཟིན་པའི་དྭ་ཕྲུག་རིགས་འདི་གར་སྐྱེལ་ཐབས་
ཡོད་ཚེ་ང་ཚོས་ངེས་པར་དུ་ཁོང་ཚོའི་ཕ་མའི་ཚབ་ལྟ་བུ་བྱས་ནས་མི་ཚེའི་འགྲོ་སྟངས་ཐད་འགན་ཁུར་གཙང་མ་འཁུར་གྱི་ཡིན་གསུངས་མཁན་ཡང་ཁ་ཤས་བྱུང། དེར་
བརྟེན་ངས་སླར་ཡང་སྤྱི་ཚོགས་ལ་སེམས་གཏིང་ནས་རེ་སྐུལ་ཞུ་རྒྱུར། རང་རེའི་ཚོགས་སྡེ་འདྲ་མིན་དང། བླ་སྤྲུལ་དང་མི་སྐྱ་འབྱོར་ལྡན་ཚང་མས་ད་ལྟའི་གནོད་ཐེབས་
ས་ཁུལ་དེར་རོགས་རམ་ཅི་ནུས་བྱེད་གལ་ཆེ་སྟབས། དེའི་ཐད་ཐབས་བརྒྱ་འཇུས་སྟོང་གི་ཕྱག་ཟུང་རིང་དུ་གཏོང་རོགས་ཞུ་འདོད་བྱུང་། དེས་ན་འཛམ་གླིང་ནས་ཡུའུ་
ཧྲུའུ་ལ་ས་ཡོམ་བརྒྱབ་པ་དེར། ང་ཚོས་སླར་ཡང་འཛམ་གླིང་ནས་ཡུའུ་ཧྲུའུ་ལ་མཐུན་རྐྱེན་ཞིག་སྐྲུན་དགོས་སྟབས། རང་རེའི་ཚོགས་སྡེ་ཁག་གིས་གནོད་ཐེབས་ས་གནས་
སུ་དཔལ་འབྱོར་གྱི་མཐུན་རྐྱེན་སྐྲུན་མ་ཐུབ་རུང། ཕ་ཡུལ་གྱི་དྭ་ཕྲུག་གང་མང་འདི་ཕྱོགས་སུ་ལེན་ཐབས་ལ་ཧུར་བརྩོན་བྱེད་དགོས་པར་མཐོང་ཞེས་བསྐྱར་ནན་གྱིས་ཞུ་
འདོད་བྱུང་ངོ།།
རྒྱལ་དབང་ཀརྨ་པ་མཆོག་གིས་ཨ་སྒོར་ཉིས་འབུམ་ཞལ་འདེབས་གནང་འདུག
སྐྱེ་སེར་ལགས། རྒྱལ་བ་༸ཀརྨ་པས་ཨ་སྒོར་འབུམ་གཉིས་གནང་ཡོད་པ་རེད། ད་དུང་ཁྱོད་ཀྱིས་མ་གོ་བ་མང་པོ་ཡོད་རེད། ཀིརྟི་ལས་མང་གནང་མཁན་མང་པོ་བྱུང་ཡོད། ཀིརྟིས་ཞལ་འདེབསཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ངས་མི་ཤེས།
བོད་ནང་ལ་མཚོན་ན་ཡང་ཁྱོད་ཀྱིས་བཀོད་པའི་དཔེར་བརྗོད་དེ་ཆུང་ཆུང་ཉུང་ཉུང་རེད་འདུག ཁམས་ཕྱོགས་ཀྱི་ཆོས་སྒར་དང་དགོན་སྡེ་ཆེ་ཁག་གི་གཙོས་པའི་ཞལ་འདེབས་གནང་མཁན་དང་རོགས་སྐྱོར་བྱེད་མང་པོ་བྱུང་ཡོད་ལགས།
༸དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཨ་སྒོར་འབུམ་གཉིས་གནང་བ་དེར། གུས་པ་བོད་རིགས་ཤིག་གི་ངོས་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་ཞེས་ལན་བརྒྱར་ཞུ་འདོད་བྱུང་ལ། དེ་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བརྒྱུད་ལམ་ལེགས་པོ་ཞིག་འཐོབ་སྐབས་ཞལ་འདེབས་གནང་རྒྱུའི་ཞལ་བཞེས་འདུག་པ་སོགས་ནི་དགེ་མཚན་བླ་མེད་དུ་ཆེ་བ་ཞིག་རེད། རྐྱེན་ངན་གྲོགས་ཤར་ཟེར་བའི་དཔེ་ལྟར་གནས་ཚུལ་འདི་འདྲའི་སྐབས་རང་རེ་ཚང་མས་ཤུགས་རྒྱག་དགོས་པ་ནི་སེམས་ནས་འདོར་ཐབས་མེད་པ་ཞིག་ལོས་ཡིན།
དེ་མིན་བཀུར་འོས་སྐུ་ཞབས་ཐུབ་བསྟན་ལགས་ཀྱིས་གུས་པས་གནས་ཚུལ་འདིའི་སྐོར་གྱི་མཐོང་ཐོས་ཉུང་དྲགས་ཚུལ་གསུངས་པ་ནི་དངོས་ཡོད་ཅིག་ཡིན་པས་ཁྱེད་ཀྱིས་ལམ་སྟོན་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་རོགས་རམ་གནང་མཁན་ཚང་མ་ཞུ་ཐབས་བྲལ་ཞིང་དྲན་པས་ཀྱང་ཟིན་ཐབས་མེད་སྟབས་ཡིད་ལ་དྲན་པ་དེ་རང་བྲིས་པ་ལས། གུས་པས་བྲིས་པ་ཕན་ཆོད་ན་ལྷག་བསམ་ཅན་དང་། སེམས་ཤུགས་ཅན་གཏན་ནས་མེད་ཚུལ་ཞུས་པ་མིན་ལ། གུས་པས་རྩོམ་ཐུང་དེར་ཁ་གསལ་བྱུང་མེད་ན་དགོངས་སེལ་གཙང་མ་ཞུ་རྒྱུ་ཡིན།
བོད་ཡུལ་གྱི་མདོ་ཁམས་རྫ་སེར་ཤུལ་དགོན་པ་དང་། ཁམས་གསེར་རྟ་དགོན་པ། མདོ་སྨད་རྔ་བ་ཀིརྟི་དགོན་པ། ཆབ་མདོ་དགོན་པ་སོགས་མདོ་ཁམས་ཁུལ་གྱི་མི་རྒྱུ་གཉིས་འཛོམས་ཀྱི་དགོན་པ་ཕལ་ཆེར་སེམས་ཤུགས་གཅིག་སྒྲིལ་གྱིས་གོད་ཆག་འདི་ལས་མྱུར་སྐྱོབས་ཀྱི་ཆེད་དུ་འབྱོར་འདུག གཞན་ད་དུང་དགོན་པ་དང་། མི་སྡེ་ཚོ་པ། སོགས་མང་པོ་འབྱོར་དང་འབྱོར་བཞིན་ཡོད་འདུག་ཀྱང་རེ་རེ་ནས་མི་ཤེས། མདོར་ན་བོད་རིགས་ཡོངས་རྫོགས་རྡོག་རྩ་གཅིག་ཏུ་སྒྲིལ་བཞིན་ཡིན་པ་དེ་རིང་འབུར་དུ་ཐོན་འདུག སྐྱབས་བཅོལ་ནང་ནས་ཀྱང་རྒྱལ་ཀརྨ་པ་མཆོག་དང་། ཀིརྟི་དགེ་རྩ་རྣམས་ཀྱིས་མིག་དཔེ་བཟང་པོ་བསྟན་མཛད་པ་ཐུགས་རྗེ་ཆེ།
ང་ཚོས་འདི་ནས་ཁ་རྒྱག་པ་རྐྱང་བཤད་ནས་འདུག་ག་ལ་རུང་། རང་གིས་སྒོར་གཅིག་ཙམ་ཞབས་འདེབས་གནང་མི་ཐུབ་པ་མ་ཤེས་པར། གཞན་གྱིས་བརྩེ་སེམས་ཆེན་པོས་ཞབས་འདེབས་གནང་པར་ཁ་གཡས་བསྒྱུར་གཡོན་བསྒྱུར་བྱེད་ན་མ་རབས་ཟེར་བ་དེ་མ་རེད་དམ།
བྱང་ཨ་རི་ནས་ཀྱང་ས་གནས་སོ་སོའི་བོད་རིགས་སྤྱི་མཐུན་ཚོགས་པ་ཚོས་འགན་ཁུར་གྱིས་སྨོན་ལམ་བཏོན་དང་འདོན་བཞིན་འདུག་ལ། མང་པོ་ཞིག་ནས་དངུལ་གྱི་ཞལ་འདེབས་བསྡུས་ཏེ་ཨ་རིའི་དོན་གཅོད་ལ་གཏོང་བཞིན་འདུག རྗེས་སུ་དངུལ་ག་ཚོད་ཅིག་དེར་འབྱོར་ཡོད་མིན་གྱི་གསལ་བསྒྲགས་ཤིག་ཡོད་མདོག་ཁ་པོ་རེད།
རྒྱལ་བ་ཀརྨ་པའི་གསུང་འཕྲིན།
༄༅། །མཚོ་སྔོན་ཡུལ་ཤུལ་ཁུལ་སྐྱེ་དགུ་མདོར་ས་ཡོམ་གྱི་འཇིགས་པ་མི་བཟད་པ་བྱུང་སྟེ། ད་བར་འདས་གྲོངས་སུ་གྱུར་པའི་མི་གྲངས་ཆིག་ སྟོང་ལྷག་ཟིན་པ་དང་། གནོད་སྐྱོན་ཚབས་ཆེན་བྱུང་བའམ་སྟོང་ཕྲག་ཟིན་ཅིང་། སྐྱེ་བོ་ཁྲི་ཕྲག་བརྒལ་བ་རྨས་པ་སོགས་བཀྲ་མི་ཤིས་པའི་གནས་ཚུལ་དེ་ དག་གོ་རིམ་གྱིས་ཁོ་བོའི་ཡིད་ལ་སྐྱོ་གདུང་ཚད་མེད་བྱུང་བ་དང་ཆབས་ ཅིག གཤིན་རྗེ་ཁ་གདངས་པ་ལྟ་བུའི་འཇིགས་པ་འདིའི་ནང་གྲི་ཤིར་གྱུར་པའི་ གཤིན་པོ་ཚེ་ལས་འདས་པ་རྣམས་སྐྱེ་འཆི་བར་དོའི་འཇིགས་སྐྲག་མཐའ་དག་ ལས་གྲོལཏེ་བདེ་འགྲོའི་རྟེན་དང་བདེ་ལྡན་གྱི་ཞིང་སོགས་སུ་འཕོ་བར་ འགྱུར་བའི་བསྔོ་སྨོན་དང་དགེ་རྩ་ཁོ་བོ་ནམ་འཚོའི་བར་དུ་ཉམས་ལེན་ཞུ་ བ་ཡིན།
དེ་བཞིན་ཤུལ་ལུས་རྣམས་སྡུག་པའིགཉེན་དང་། མཛའ་བའི་གྲོགས་དག་ཤི་བྲལ་དུ་ཕྱིན་པའི་མྱ་ངན་དང་། གནས་ལུས་ལོངས་སྤྱོད་རྣམས་འགྱུར་བའི་གདུང་བ་བཟོད་པར་དཀའ་བ་རྣམས་མྱུར་ དུ་ཡང་བར་འགྱུར་བ་དང་། མྱུར་སྐྱོབ་ཀྱི་དཔུང་གཉེན་དང་བཅས་ཏེ་ཞི་འཇམ་དང་ ལྡན་པའི་འཚོ་བ་གསར་པར་ལོངས་སུ་སྤྱོད་པ་དང་། ཐག་ཉེ་རིང་དུ་གནས་པའི་རིས་མེད་ཀྱི་དགོན་སྡེ་དང་དད་ལྡན་མི་དམངས་ རྣམས་དང་། ལྷག་པར་འབྲེལ་ཡོད་སྡེ་དགོན་རྣམས་ནས་ཀྱང་འདས་གསོན་ཀྱི་སྐྱེ་ བོ་རྣམས་ཀྱི་དོན་དུ་གུ་རུའི་གསོལ་འདེབས་བར་བསམ་མྱུར་ གསུམ་དང་། དབང་སྡུད་གསོལ་འདེབས། སྤྱན་རས་གཟིགས་ཞི་དྲག་གི་གཟུངས་སྔགས། སྨན་ཆོག་དང་འོད་ཆོག །མི་འཁྲུགས་པའི་ཆོ་ག།།སྒྲོལ་མ་མཚན་འདོན། མ་མོའི་འཁྲུགས་བསྐང་སོགས་སྐུ་རིམ་དགེ་བའི་རྩ་བ་ཅི་འགྲུབ་དང་། དངོས་དང་བརྒྱུད་ནས་འཇིགས་པས་ཉེན་པ་རྣམས་ལ་སྨན་དང་ཟས་གོས་སོགས་མཐུན་ འགྱུར་གྱི་བྱ་བ་ལག་ལེན་དུ་བསྟར་གནང་ མཛད་གལ་ཆེ་ཞེས་ཞུ་རྒྱུ་དང་། ཁོ་བོ་རང་ཉིད་ནས་ཀྱང་ཨ་རིའི་ཀརྨ་པའི་ཐེབས་རྩ་ཚོགས་པ་ནས་མྱུར་སྐྱ ོབ་ཀྱི་མཐུན་རྐྱེན་དུ་དམིགས་ཏེ་ཨ་སྒོར་ཉིས་འབུམ་ཞལ་འདེབས་འབུལ་ རྒྱུའི་བཀོད་མངགས་བྱས་ཡོད།
དེ་དང་དུས་མཚུངས་འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་དད་ལྡན་པ་ དང་སྐྱེ་བོ་དགེ་སེམས་ཅན་རྣམས་ནས་ཀྱང་ས་ཡོམ་གྱི་འཇིགས་པས་ཉེན་པའི་ སྐྱེ་བོ་རྣམས་ལ་བསམ་པ་ཐག་པའི་སྒོ་ནས་སྨོན་ལམ་གནང་སྟེ། སོ་སོའི་ནུས་པས་གང་ཁྱོག་གིས་འཇིགས་སྐྱོབ་ཀྱི་བྱ་བར་མཉམ་ཞུགས་དང་ ལས་འགུལ་སྣ་ཚོགས་སྤེལ་བའི་འབོད་བསྐུལ་ཞུ་རྒྱུ་ཡིན། འདུས་བྱས་ཀྱི་ཆོས་རྣམས་མི་རྟག་ཅིང་། གློ་བུར་དུ་མི་བཟད་པའིི་འཇིགས་པ་ མདུན་དུ་སླེབ་པའི་དུས་འདིར། རང་རེའི་ལྷན་སྐྱེས་ཀྱི་དགེ་བའི་ནུས་པ་ བསྐྱེད་དེ། འཇིགས་པས་ཉེན་པའི་འགྲོ་བ་རྣམས་ཀྱི་ལུས་སེམས་ལ་བདེ་བ་སྦྱིན་ ཅིང་། མི་འཇིགས་པའི་དབུགས་འབྱིན་པའི་སྙིང་སྟོབས་ཆེས་ཆེར་བསྐྱེད་པའི་རེ་ འདུན་བཅས་སྨོན་པ།
སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །
སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །
ཀརྨ་པར་འབོད་པ་ཨོ་རྒྱན་འཕྲིན་ལས་པས་སྤྱི་ལོ་༢༠༡༠ ཟླ་༤ ཚེས་༡༧ལ་ཕུལ། །
ཚང་མའི་གང་མགྱོགས་གི་རོགས་རམ་བྱེད་རྒྱུ་གལ་ཆེན་རེད། བཙན་བྱོལ་ནང་གི་བླ་སྤྲུལ་ཚོ་དང་ཁང་པ་ཐོག་བརྩེགས་ཅན་གྱི་སྦྱིན་བདག་ཚོ་ཁྱེད་རང་ཚོ་ནས་ཞལ་འདེབས་སློང་བ་འགོ་ཚུགས་པ་ཡིན་ན་མི་དམངས་ཚོ་ནི་སྨོས་མེད་རེད། གཏོང་ས་ཅིག་ལ་གཏོང་ཕོད་བྱེད་དགོས། ངས་འདི་ནས་གཞིས་བྱེས་བོད་མི་ཡོངས་གྱི་ཚབ་བྱས་ཏེ་སྐྱེ་དགུ་མདོ་ཡིས་འདས་པོརྣམས་ལ་མ་ནི་བགྲངས་བཞིན་ཡོད།
ཡོ་རོབ་སྦེལ་འཇམ་ནས་ས་གནས་བོད་རིགས་ཚོགས་པ་སོགས་ཀྱི་གོ་སྒྲིགས་འོག་བོད་རིགས་འདུས་སྡོད་ཀྱི་ས་གནས་སོ་སོ་ནས་སྨོན་ལམ་འཚོགས་པ་དང་ཞལ་འདེབས་བསྡུ་བཞིན་འདུག་ལ། བསྡུས་ཟིན་པའི་ཞལ་འདེབས་ཀྱི་དངུལ་སྒོར་དག་གོད་ཆག་ཐེབས་ཡུལ་དུ་གཏོང་བའི་ཐབས་ལམ་བཙལ་བཞིན་པའི་སྒང་རེད
དྲ་གྲོགས་རྣམ་པར་ཞུ་རྒྱུར།
སྤྱིར་བོད་མི་རེ་དོགས་གཉིས་ཀྱིས་ཕོངས་པ་མི་ཉུང་བ་ཞིག་བྱུང་ཟིན་པས་དེ་བསླབ་བྱར་བསྒོམས་ནས་ཕྱིན་ཆད་གཟབ་པར་འཚལ།
མི་སྒེར་རེ་རེ་ངོས་ནས་གང་ཤེས་གང་མཐོང་བ་དེ་སྤྱི་ཚོགས་ཀྱི་མིག་དཔེར་འོས་པ་ཞིག་ཡིན་ན་བསྒྲགས་རྒྱུ་གལ་ཆེན་རེད་སྙམ། དེས་དམིགས་ཡུལ་གཙོ་བོ་རང་ཉིད་ཁྱབ་བསྒྲགས་བྱེད་པ་ཙམ་མ་ཡིན་པར་ཕྱོགས་གཞན་ཞིག་ནས་ཀྱང་ནུས་པ་ཆེན་ཐོན་རྒྱུ་རེད། དེར་བརྟེན་ང་ཚོའི་སྤྱི་ཚོགས་ཁྲོད་མིག་དཔེར་འོས་པ་གང་ཞིག་ཡོད་ན་ཆེ་ཆུང་ལ་མ་བལྟོས་པར་བསྒྲགས་རྒྱུར་འོས་འགན་རེད་དེའི་བརྡ་ཆེན་པོ་ཞིག་གཏོང་གི་རེད། དེ་ཡང་འབྲི་མཁན་གཅིག་གིས་ཡོངས་རྫོགས་ཤེས་དགོས་པའི་ངེས་པ་མེད་ལ་ཡོངས་ཐབས་ཀྱང་མེད་འདི་གསར་འགྱུར་ཁྱབ་བསྒྲགས་ཡིན་པ་ལས་དཔྱད་བརྗོད་མིན་པས་གནས་ལུགས་དེ་མཁྱེན་དགོས།
རེད་ཡ་ད་ཐེངས་མདོ་དབུས་ཁམས་གསུམ་ནས་སྐྱེ་རྒུ་མདོར་རོགས་སྐྱོབས་སྐྱེལ་བཞིན་ཡོད་པ་རགས་རིམ་ཙམ་ཚང་མས་ཤེས་གསལ་ལྟར་རེད།
འོན་ཀྱང་ཞིབ་ཕྲ་ས་གནས་སོ་སོའི་འབྲེལ་ཡོད་དག་གིས་བརྗོད་ན་གསལ་ཁ་ཆེན་པོ་འོང་གི་རེད་སྙམ། སྤྱིར་ཞལ་འདེགས་ཀྱི་གྲངས་ག་ཚོད་བྱུང་བ་རགས་རྩིས་ཙམ་བྱེད་ཐུབ་ན་མ་འོངས་པར་གོད་ཆགས་ཐེབས་ཡུལ་དུ་ཆ་ཚང་གཏོང་ཡོད་མེད་ཀྱང་རགས་རྩིས་ཤིག་བརྒྱག་ཐུབ་རྒྱུ་རེད་དེ་ཡང་ཕྱོགས་མང་བོ་ནས་ཕན་ཁེ་ཆེ།
ཁོ་བོས་ཤེས་གསལ་ལྟར་ན། ད་ཐེངས་རྔ་བ་གཅིག་བུ་ནས་ཐེངས་དང་པོ་ཚེས་༡༥ཉིན་ཀིརྟི་དགོན་སོགས་ཀྱིས་གྲྭ་བ་ཁག་ཅིག་རོགས་སྐྱོབས་བྱེད་དུ་སོང་བ་དང་། ཚེས་༡༨་ཉིན་སླར་ཡང་ཀིརྟི་དགོན་སོགས་རྔ་བ་རྫོང་གི་ཉེ་འཁོར་གྱི་དགོན་པ་ཁག་ཅིག་གིས་འགོ་ཁྲིད་ནས་ཞལ་འདེབས་རྒྱ་སྒོར་ཁྲི་ལྔ་བརྒྱ་ལོན་ཙམ་ཞིག་སྒོར་རྐྱང་དང་དེ་མིན་ཟས་རིགས་སོགས་རླངས་འཁོར་ཆེ་བ་སུམ་བཅུ་ལྷག་ཅིག་འཁྱེར་ནས་ཐོན་སོང་བ་དང། ད་དུང་ས་གནས་དེ་ནས་དགོན་པ་ཁག་ཅིག་རྗེས་སུ་ཡོང་རྒྱུ་རེད་ཟེར།
ངོ་མ་རླབས་ཆེན་རེད་བསམ་གྱི་འདུག གནས་ཚུལ་འདིའི་རིགས་བསྒྲགས་ན་བཟང་སྙམ། གནོད་འཚེ་ཐེབས་ཡུལ་ལ་ཕན་ཐོགས་ཆེན་པོ་འོང་གི་རེད།
ཞབས་འདེབས་ཀྱི་མང་ཉུང་རྩོད་དོན་མེད། ཚང་མས་རང་གི་འབྱོར་པ་དང་བསྟུན་ནས་རོགས་སྐྱོར་གནང་རྒྱུ་གལ་ཆེ། དབུལ་བོ་ཞིག་ལ་མཚོན་ན་ཤོག་དངུལ་ལྡེབ་གཅིག་ཡིན་ནའང་ཆེན་པོ་རེད། ཕྱུག་པོ་ཞིག་གིས་ཤོག་སྒོར་འབུམ་ཕྲག་བཏང་ཡང་མང་རྒྱུ་མེད། གཙོ་བོ་ལྷག་བསམ། གཏོང་ཕོད། གདུང་སེམས་མཉམ་བསྐྱེད་གནང་བ་དེ་དཔེ་མི་སྲིད་པའི་གཟི་བརྗིད་ཆེན་པོ་རེད། ཆེན་པོའམ་ཆུང་ངུ་གང་ཡང་རུང་། ། ཐུགས་རྗེ་ཆེ་ཞེས་ཐལ་མོ་སྦྱོར། ། སྙིང་རྗེའི་སྦྱིན་ཤུགས་ལ་རྒྱའི་སེམས། ། ཀུན་ལ་ལེགས་སོའི་བསྔགས་པ་མཛོད། །