གངས་འདབས།
ཟླ་བ་བཞི་པའི་ཚེས་བཅུ་བཞི་ཉིན་རྗར་མེ་ནི་བོད་ཀྱི་ཁང་པའི་ནང་ཚན་རིག་དང་། ནང་པའི་ལྟ་གྲུབ་བར་གྱི་བགྲོ་གླེང་ཞིག་བོད་སྐད་ནང་གཉེར་ཡོད་འདུག ད་རེས་ཀྱི་བགྲོ་གླེང་དེར་གཙོ་བོ་གནད་དོན་དྲུག་ལ་ཕྱེས་ཡོད་པ་དང་། དེ་ལས་གནད་དོན་བཞི་རང་བྱུང་ཚན་རིག་གི་བརྗོད་བྱ་གཙོ་བོར་བྱས་ཐོག ཚན་རིག་པས་ཤེས་བྱ་དེ་རྣམས་ཇི་ལྟར་རྙིད་གསོན་བྱུང་ཡོད་མེད་ཀྱི་ལོ་རྒྱུས་དང་ངོས་འཛིན་བྱ་ཕྱོགས། དེ་བཞིན་ནང་པའི་ལྟ་གྲུབ་ལས་དེ་ཐོག་ལ་གཟིགས་ཕྱོགས་དང་ངོས་འཛིན་གང་འདྲ་གནང་གི་ཡོད་མེད་སོགས་པའི་གནད་དོན་ཁག་རེད། བགྲོ་གླེང་དེ་ནི་ད་བར་རྗར་མེ་ནི་རུ་བོད་སྐད་ནང་གཉེར་བའི་ཚན་རིག་པ་དང་། ནང་པའི་ལྟ་གྲུབ་བར་གླེང་སློང་བྱས་པའི་མཁས་པའི་བགྲོ་གླེང་ཐེངས་མ་དང་པོ་དེ་ཆགས་ཀྱི་ཡོད།
བགྲོ་གླེང་གནང་མཁན་ཧམ་བག་གཙུག་ལག་སློབ་ཆེན་གྱི་(University Hamburg, Germany)རྒྱ་གར་དང་བོད་རིག་པའི་ཚན་ཁག་གི་དབུ་འཛིན་སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་དང་། སྨན་པ་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་མཉམ་ཞུགས་གནང་ཡོད་པ་དང་། བགྲོ་གླེང་བཏང་འཛིན་གནང་མཁན་བོད་ཀྱི་ཁང་པའི་དབུ་འཛིན་འདུས་བྱུང་ཕུན་ཚོགས་ཚེ་རིང་བཅས་རེད། བགྲོ་གླེང་གི་ནང་དོན་ཁག་ནི་ཐོག་མར་བོད་ཀྱི་སྤྱི་སྐད་རྒྱ་ཁྱབ་དང་རིག་གསར་ལ་ཉེ་བར་མཁོ་བའི་བརྡ་ཆད་ཐ་སྙད་སྐོར། ཚན་རིག་པ་དང་ནང་པ་བར་བགྲོ་གླེང་ཐེངས་མང་གནང་ཡོད་པའི་ཁྲོད་ལས་ཕན་ཚུན་དགེ་མཚན་དང་ལེགས་ཆ་གང་བྱུང་ཡོད་མེད།
དེ་ནས་བདེན་པ་དང་། རྦང་སྒྲ་ཆེན་མོའི་རྣམ་གཞག(Big Bang Theory) ལྟོས་བཅས་སྨྲ་བ་(Relativity Theory)དང་ཚད་རྡུལ་ནུས་རིག་སྨྲ་བ་(Quantum Physics)བཅས་རེད་འདུག སློབ་དཔོན་རྡོ་རྗེ་དབང་ཕྱུག་མཆོག་གིས་ནང་པའི་ལྟ་གྲུབ་ཀྱི་དགོངས་པ་བཞེད་ཕྱོགས་ཐད་བཀའ་མོལ་གནང་ཡོད་ལ། མཁས་དབང་རྟའུ་བློ་བཟང་དཔལ་ལྡན་མཆོག་ནས་རང་བྱུང་ཚན་རིག་གི་དགོངས་པ་བཞེད་ཕྱོགས་དང་འབྲེལ་བཤད་རྒྱབ་ཕྱོགས་ཐོག་བཀའ་མོལ་གནང་སོང་།
ཉིན་དེར་ས་གནས་བོད་རིགས་ཁ་ཤས་གསན་པར་ཕེབས་འདུག གོ་སྒྲིག་པས་འབྲེལ་བརྗོད་ལྟར་བྱས་ན་བགྲོ་གླེང་དེ་ནི་གཙོ་བོ་བརྙན་ལམ་ལས་དྲྭ་རྒྱ་བརྒྱུད་རྒྱང་སྲིང་བྱ་འཆར་འདུག ད་དུང་གོ་སྒྲིག་པས་གསུངས་པར། བགྲོ་གླེང་དེ་ནི་བོད་སྐད་ནང་གཉེར་དགོས་དོན་ནི་རྒྱུ་མཚན་དང་དམིགས་ཡུལ་གཉིས་ཡོད་པ་ལས་གཅིག་བོད་པ་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་ནང་སའི་ཁོར་ཡུག་དང་སྤྱི་ཚོགས་ནང་བརྗོད་བྱ་ཚད་མཐོ་པོ་ཡོད་པའི་བགྲོ་གླེང་བོད་སྐད་ཐོག་གནང་རྒྱུར་སྐུལ་གདེགས་ཡོང་རྒྱུར་དམིགས་པ། གཉིས་བགྲོ་གླེང་དེའི་ནང་གི་བརྡ་ཆད་ཐ་སྙད་རྣམས་ཆེད་ལས་པ་ཚོར་བསམ་འཆར་གྱི་ཚུལ་དུ་ཕུལ་བ་ཡིན་ན་སླད་མར་བརྡ་ཆད་ཀྱི་ཐ་སྙད་གཏན་འཁེལ་ཡོང་བར་ཐུགས་ཕན་གསོལ་ཆེད་ཡིན་པ་སོགས་གསུངས་སོང་། བགྲོ་གླེང་བྱ་ཡུལ་དང་། གོ་སྒྲིག་གནང་མཁན་རྗར་མེ་ནི་བོད་ཀྱི་ཁང་པ་ཡིན་པ་དང་། བོད་ཀྱི་ཁང་པའི་༢༠༡༢ལོའི་ལས་རིམ་མང་པོའི་ནང་གི་རྒྱལ་སྤྱིའི་མཁས་པའི་བགྲོ་གླེང་དང་གཏམ་བཤད་བྱ་བའི་ལས་རིམ་གྱི་ཆ་ཤས་ཤིག་རེད་འདུག
ལོ་སྔོན་མར་བོད་ཀྱི་ཁང་པས་བརྗོད་བྱ་༼བོད་ཀྱི་སྐད་ཡིག་གི་འཕེལ་རིམ་དང་། རྒྱལ་སྤྱིའི་གནས་བབ༽བྱས་པ་ཞིག་གོ་སྒྲིག་ཞུས་འདུག ལས་རིམ་དེའི་ནང་བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་དང་། སྐད་བརྡ་རིག་པ་སྨྲ་བ་སློབ་དཔོན་ཉི་སྐུ་བདེ་ཆེན་རབ་བརྟན(Prof. Nicolas Tournadre)རྩོམ་པ་པོ་དང་གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ལྗང་བུ་བཅས་མཉམ་ཞུགས་གནང་ཡོད་འདུག རྗར་མེ་ནི་བོད་ཀྱི་ཁང་པ་དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་འཛིན་དབུ་ཁྲིད་ ཐོག་ནས་མགོན་སྐྱབས་མཛད་པ་དང་། བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་དབུ་ཁྲིད་ཀྱིས། ༢༠༠༥ ལོར་དབུ་བརྙེས་པ་རེད། རྒྱལ་སྤྱིའི་ནང་གདེང་འཇོག་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་ལྟེ་གནས་དེར་ལས་ཀའི་རྣམ་གྲངས་སྡེ་ཚན་ལྔ་ཡོད་པའི་ནང་ནས་༼ཚན་རིག་དང་ལེགས་བྱང་༽སྡེ་ཚན་གྱི་ཁྱབ་ཁོངས་ནང་ད་རེས་ཀྱི་ལས་རིམ་འདི་ཚུད་ཡོད་འདུག
ཤིན་ཏུ་ལེགས། བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ན་ངེས་བར་ཚན་རིག་གི་ལམ་དུ་བསྐྱོད་དགོས་པ་དང་ཚན་རིག་ཐོག་གི་དཔེ་རིས་འགྲེལ་བཤད་དང་ལྟ་ཚུལ་མང་པོ་ཞིག་བོད་སྐད་ཡིག་ཐོག་ཏུ་གཏན་འབེབས་བྱེད་ཐུབ་ན་བཟང་། ཁ་ནས་བཤད་པ་ཙམ་མིན་པར་ངེས་བར་ལག་ལེན་བསྟར་བའི་དུས་ལ་བསླེབས་འདུག །
ཚ་བ་མདའ་སྨྱུག་དང་འབྲེལ་བ་ཡོད་མེད་ཀྱི་སྐད་ཆ་འགའ།
__ཚ་བ་མདའ་སྨྱུག་ལགས་གར་ཡོད་མ་ཤེས་ལོ་འཁོར་རེ་ཟུང་ཕྱིན་པར་རྗེས་དྲན་ཞུ།
འདི་ནས་ལྡོག་སྟེ་བརྩིས་ན་མི་ལོ་དྲུག་གི་སྔོན་རེད། སྤྱི་ལོ་ཉིས་སྟོང་ལྔའི་དགུན་དཀྱིལ་ཞིག་ལ་ཁོ་བོས་སངས་རྒྱས་ཀྱི་མདོ་ག་པར་ཡོད་དམ་ཞེས་པའི་རྩོམ་ཡིག་ཐུང་ངུ་ཞིག་བྲིས་ཏེ་ལོ་དེར་ཕ་ཡུལ་ནས་བསྐྲུན་པའི་དྲེལ་གཞུང་རིག་རྩལ་ཚོགས་པའི་གཏམ་གླེང་ཆེད་བསྒྲིགས་ཅེས་པའི་དེབ་ཏུ་བཀོད་བཞག ཚེག་ཡིག་འབྲུ་ཉུང་ཞིང་ལུང་དཔེ་བརྗོད་ཀྱིས་དབུལ་ནའང་། ཤོག་ལྷེ་འགའ་ལས་མེད་པའི་རྩོམ་ཐུང་དེ་རྗེས་ཀྱི་རྟུལ་ཕོད་བྲི་དགོས་པའི་རྒྱུ་རྐྱེན་གཙོ་བོ་གཅིག་ཡིན། རྟུལ་ཕོད་ནང་བཅད་ལྷུག་གཉི་གའི་ལམ་ནས་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཞེས་པའི་རྩོམ་ཆ་གཅིག་བྲིས་ཡོད། དམ་པ་ཁང་དཀར་སོགས་ཀྱི་དཔེ་དེབ་རེ་ཟུང་བཀླགས་པས་ཡིག་ཚོགས་ཅུང་མང་དུ་འཕེལ་ཡོད་མ་གཏོགས། ནང་དོན་ཕལ་ཆེར་སྔར་གྱི་དེ་ག་རང་ངོ་།
གཞེས་ནིང་ལོར་དྲ་ཐོག་ཏུ་ཞུགས་རྗེས། ཚ་བ་མདའ་སྨྱུག་ལགས་ཀྱི་ལོག་རྟོགས་སྙིང་སྟོབས་ཞེས་པ་མཇལ་ཐུབ་སོང་། ལོག་རྟོགས་སྙིང་སྟོབས་དེ་གཞུང་བཀའ་པོད་ལྔ་ཡི་རིགས་དབྱེ་བཀར་ཐོག་བར་བར་དགེ་རྒན་ཆེན་མོ་དོར་ཞི་དང་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཀྱི་ལྟ་ཚུལ་ཕྱོགས་སྔར་བཀོད་དེ་བྲིས་པའི་རྩོམ་རིང་ཞིག་རེད། དེའང་གསལ་པོར་བཤད་ན་གནའ་བོའི་སྟོན་པ་ནས་དེ་རིང་གི་རྗེས་འཇུག་སེར་སྐྱ་གཅིག་ཀྱང་ཤོར་མ་བཅུག་པའི་ཡི་གེའི་ལས་འགུལ་རྩུབ་པོ་ཞིག་རེད། ཨ་ལགས་ཚེ་ཏན་ཞབས་དྲུང་གིས་ཐོན་མིའི་ཞལ་ལུང་འབྲི་སྟངས་དང་རྣམ་པའི་ཆ་ནས་འདྲ་པོ་ཡོད།
ཟླ་འོད་གཞོན་ནུའི་འཁྲི་ཤིང་དང་དེ་ལས་ཀྱང་སྔ་བའི་མདའ་སྨྱུག་ལགས་ཀྱི་རྩོམ་དག་བཀླགས་ན། ཁོང་གིས་ཀྱང་མཁན་པོ་བཀྲ་ཤིས་བསྟན་པ་རབ་རྒྱས་སོགས་སངས་རྒྱས་དངོས་ཀྱི་ཚད་དུ་བཀུར་ཐུབ་པའི་འབབ་ཚིགས་ཤིག ༼ལེའུ་དང་པོ༽
བརྒྱུད་མྱོང་བ་ཤེས་ལ། ལོག་རྟོགས་སྙིང་སྟོབས་ཀྱིས་ས་མཚམས་ཕྱེས་པའི་བྲིས་རྩོམ་གསར་མ་ཁག་མཇལ་སྐབས། དུས་ཚོད་ཀྱི་སྐས་རྐང་དང་ལྡན་པར་རིམ་པས་མཁན་པོ་དགེ་བཤེས་སོགས་ལ་ཁོ་ཆད་ཅིང་བློ་ལོག་སྟེ། མཐར་ནི་ལོག་པར་རྟོགས་པའི་སྙིང་སྟོབས་ཆ་ཚང་རྙེད་པ་སྟེ། སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན། རྒྱུད་ལ་སྡོམ་པ་ལེན་པ་ནི་སྐེ་ལ་ལྕེབ་ཐག་གོན་པ་ཡིན་ཞེས་པའམ། དེ་ཚོ་ཡོད་ཚད་ལ་བརྗེད་ཟས་བརྗེད་ཆུ་འདྲ་དྲངས་པ་ཡིན་ན་མ་གཏོགས་སོགས་ཀྱི་རིང་ཐུང་ཕོ་འདོམ་དགུ་བརྒྱ་ཡོད་པའི་དགག་གཟེར་ནག་པོ་ཞིག་བསྐྱུར་ཏེ་ཕེབས་སོང་བ་གོ་ཡོང། ལོག་རྟོགས་སྙིང་སྟོབས་ཞེས་པའི་ཚིག་སྒྲོས་གཞན་ཞིག་ནི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་རང་རེད། ཡང་ན་དེ་ལས་ཀྱང་ངམ་ནག་སྟེ། ལོག་རྟོགས་སྙིང་སྟོབས་ཞེས་པའི་ཁོག་ཏུ་ཁོ་བོའི་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལྟ་བུ་བརྒྱ་ཐམ་པ་ཡང་བསྡུས་ཏེ་འདུག ཁང་དཀར་ལགས་སོགས་ཀྱིས་རྒྱུ་ཆའི་ཚུལ་དུ་བཏོན་པ་གང་ཞིག་མདའ་སྨྱུག་ལགས་ཀྱིས་གཅིག་གཅིག་གཉི་གཉིས་སུ་གཏན་ལ་ཕབ་ཚར་ཡོད།
གཞན་ཞིག་ནི། ལོག་རྟོགས་སྙིང་སྟོབས་སོགས་མཇལ་ན་ཁོང་གི་ཐོས་པ་དེ་དགེ་འདུན་ཆོས་འཕེལ་དང་མཉམ་པོར་ལྟ་ཆོག་པ་ཞིག་འདུག གང་བྲིས་ཐམས་ཅད་པོ་གཙང་ཆེན་གྲུ་ཡིས་གཤགས་པ་ནང་བཞིན་ཐོགས་ས་ཅི་ཡང་ཡོད་མི་འདུག་སྟེ། རང་རེའི་ཤར་ལྷོ་ཕྱོགས་མཚམས་ནས་བསྒྲུགས་ཁུལ་བྱས་པ་དག་དང་གཏན་མི་འདྲའོ། ཁོང་རྣམས་ཀྱི་ཐོས་པ་དེ་དྲ་ཐོག་པེ་ཏོའི་གཤེར་སྒོའི་ནང་དྲི་བ་ཞིག་བརྒྱབ་པ་བཞིན་ཐམས་ཅད་ཀུན་ཀྱང་ཀློང་དུ་བརྡོལ་ཡོད་འདུག དེའི་རྐྱེན་གྱིས་ཁོ་བོས་རྒྱུན་པར་དགེ་འདུན་ཆོས་འཕེལ་དང་ཚ་བ་མདའ་སྨྱུག་སོགས་ཀྱི་དེ་རྩོམ་སྟངས་ཤིག་དང་རྩོམ་ལུས་ཤིག་ལ་ལྟོས་པ་ཅང་མེད་པར། དཔེ་ཀློག་གི་ཁམས་ཆེན་པོ་ཞིག་གིས་ཐག་བཅད་འདུག་ཅེས་ཟེར་བ་ཡིན་ནོ། དེ་ནི་ལད་མོ་བྱེད་ཐུབ་ས་ཞིག་མིན་ལ་ལད་མོ་བྱས་ཏེ་ཡོང་བ་ཞིག་ཀྱང་མིན། ངེས་པ་དོན་གྱི་མང་ཐོས་ཁོང་འདྲ་བོད་ཙམ་ཕར་ཞོག་འཛམ་གླིང་ཆེན་པོ་འདིར་ཡང་མང་པོ་ཞིག་ཨེ་ཡོད་མི་ཤེས།
ཕྱིར་བདག་གི་སྟེང་བབས་ན། ཚ་བ་མདའ་སྨྱུག་གི་ལོག་རྟོགས་སྙིང་སྟོབས་ཤེས་པ་ནས་བཟུང་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ཇེ་རྒྱས་ཇེ་ཞིབ་གཏོང་དགོས་སྙམ་པའི་འཆར་གཞི་དེ་ཧྲིལ་གྱིས་མཚམས་བཞག་པ་ཡིན། རྒྱུ་མཚན་ཧ་ཅང་སླ་སྟེ། ངས་བཤད་དགོས་པ་དག་ཁོང་གིས་ཡོངས་སུ་བཤད་ཟིན་ལ། ངས་བཤད་མ་ཤེས་པ་མང་ཞིག་ཀྱང་ཁོང་གིས་བཤད་ཟིན་ཏེ་ཡོད། དེ་ནི་ང་རང་སྤྲོ་དགོས་པའི་དོན་དག་ཅིག་སྟེ། རང་གཅིག་པུའི་སོམ་ཉིའི་མདུད་པ་ཁེར་རྐྱང་དེར་གློ་བུར་དུ་དྲིས་ལན་རྙེད་བྱུང་བས་སོ། ཡང་ན་བསམ་བློ་གཏོང་ཕྱོགས་རང་དང་འདྲ་བ་རེ་གནམ་འོག་ཏུ་ ༼ལེའུ་གཉིས་པ༽
མེད་མི་སྲིད་པའི་ཡིད་ཆེས་རྙེད་པས་སོ། འོན་ཀྱང་བགྲང་བྱ་རེ་ཟུང་བསྐྱལ་མ་ཐག ཡང་བསྐྱར་གང་ཞིག་ན་ཅི་ཞིག་ལུས་འདུག་པའམ་ག་རེ་ཆད་ཡོད་པ་ལྟ་བུའི་སེམས་ཁྲལ་རེ་མི་སྐྱེས་ཐུ་མེད་བྱུང་། དེ་ནི་ཅི་ཞིག་ཡིན་སྲིད་དམ།
ལར་ཆོས་ལུགས་གང་ཡང་རྟོག་གེའི་རིག་པས་འགྲེལ་ཐབས་མེད་པ་ངས་ད་ལྟ་ཡིན་རུང་ཁས་ལེན། འོན་ཏེ། ཁོ་བོའི་རྩོམ་ཐུང་ཁག་ཡིན་ན་འདྲ། ཚ་བ་མདའ་སྨྱུག་གི་རྩོམ་རིང་དེ་ཡིན་ན་འདྲ། དགག་རྒྱུ་གང་ཞིག་དགག་ཚར་པའི་ཤུལ་དུ་ཆོས་ལུགས་ལ་བསྐྱུར་པའི་སྐད་ཆ་ནི་ཁོ་བོ་ལྟར་ན་ཆོས་ལུགས་གང་ཡང་རིག་གནས་ཤིག་ཡིན་པར་ངེས་པ་རྙེད་ན་ཞེས་པ་དེ་ཙམ་དང་། ཚ་བ་མདའ་སྨྱུག་ཁོང་ལྟར་ན་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ཅེས་པ་འདི་ཙམ་རེད། སྟེས་དབང་ཞེས་པ་ཡིན་རྒྱུ་རེད་དེ། དགོན་སྡེའི་དངོས་གཞིའི་སྦྱངས་རིམ་ཁག་ཐད་ཀར་མ་སོང་བའི་ཁོ་བོའི་ངག་དང་ནང་བསྟན་མཚན་ཉིད་རིག་པའི་བསླབ་བྱ་སྐོར་ཞིག་དངོས་སུ་རྫོགས་ཟིན་པའི་ཚ་བ་མདའ་སྨྱུག་གི་གཏམ་གཉིས་མ་བགྲོས་ངང་གིས་ཐོད་ཐུག་ཡོད་ཨང་། ལར་ན་དེ་ཙམ་གྱིས་ཀྱང་ཚོད་ཚོད་དུ་སྤོབས་པ་ལྟ་བུ་རེ་ཐོབ་རྒྱུ་འདུག་མོད། ཉལ་ཐོག་ལག་པ་བྲང་ཐོག་གིས་དལ་མོར་འདང་བརྒྱབ་ན། ཡོངས་རྫོགས་ཤེས་ཚར་པའི་ཚ་བ་མདའ་སྨྱུག་གི་གསུང་ཡིན་ན་འདྲ་ལ། ཕྱེད་ཙམ་ལས་གོ་མེད་པའི་ཁོ་བོའི་སྐད་ཆ་ཡིན་ནའང་འདྲ། ཆོས་ལུགས་ལ་བསྐྱུར་པའི་གནས་མལ་དེ་ཅུང་ཟད་དོག་དྲགས་པ་ཨེ་ཡིན་གྱི་སེམས་འཚུབ་རེ་ཁད་ཀྱིས་སྐྱེས་འོངས་སོ།
ཁོ་བོའི་ཉོག་བཤད་དག་མ་གླེང་ཡང་ཆོག་མོད། ཆོས་ལུགས་ཞེས་པ་དེ་རྟ་རྒན་ཞིག་ཡིན་རྒྱུའི་དབང་དུ་བྱས་ན ༼ལེའུ་གསུམ་པ༽
ལྕག་བཞུ་ཡོབ་རྡུང་གིས་བརྒྱུགས་བརྒྱུགས་མཐར་དབུགས་ཁམ་གང་ལེན་དབང་བྱིན་པ་ནི་ལོག་རྟོགས་སྙིང་སྟོབས་མཇུག་གི་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ཅེས་པ་འདི་ག་ཙམ་རེད། སྙན་ངག་བཞིན་ཕྱི་བསློགས་ནང་བསློགས་བྱས་ཚེ་བཅོས་མའི་དད་པ་ཞེས་པའི་ཁོག་ཏུ་ཧ་ཅང་མང་པོ་ཞིག་བསྡུས་ཡོད་ཅེས་བཤད་ཐུབ་མོད། རྒྱུན་ལྡན་ལྟར་ན་བཅོས་མའི་དད་པ་ཞེས་པ་འདི་སྒྲ་དོན་གང་ཐད་ནས་དེ་ཙམ་འཁྱེར་བདེ་ཡག་པོ་ཞིག་མིན་པ་ལྟ་བུར་སྣང་།
བདག་ནི་རང་དང་གཞན་གྱིས་ལབ་པ་ལྟར་དགོན་སྡེའི་སྦྱངས་རིམ་ཁག་དངོས་སུ་མ་སོང་བར་ལྷན་སྐྱེས་དང་དཔེ་ཀློག་ཙམ་གྱིས་འུར་རྒྱག་མཁན་ཡིན་ཕྱིར། ཁོབས་སུ་མ་ཆུད་པའི་ཆ་འགའ་ཞིག་ཡོད་ན་སྐྱོན་མི་སྲིད། སོ་སོས་རིམ་པས་ཇེ་གསལ་གཏོང་ཆོག་ལ་གཞན་དག་ཀྱང་འཕར་བ་རྗེས་ཐོག་གཅིག་གིས་མི་ཡོང་ལས་ཆེ་མོད། ཚ་བ་མདའ་སྨྱུག་ཁོང་གཞན་དང་མི་འདྲ་སྟེ། ཆོས་ལུགས་ཕྱོགས་ཀྱི་མཁས་པ་དོ་ཟླ་མེད་པ་ཞིག་ལ་བརྩི་ཆོག་པ་ཡིན་པས། ཚིག་གཅིག་གཉིས་ཙམ་གྱིས་ཀྱང་གཞན་ལ་ཤུགས་རྐྱེན་བློ་ཡུལ་ལས་འདས་པ་རེ་སྟེར་སྲིད་པ་རེད། དེའི་ཕྱིར་ཁོང་གིས་ད་དུང་ཆོས་ལུགས་ཐད་གཞན་འགའ་རེ་བཤད་མེད་པ་ལྟ་བུའི་སྟོང་ཆ་མཐོང་གི་ཟེར་བ་ཡིན།
དེ་ལྟ་ནའང་། ལོག་རྟོགས་སྙིང་སྟོབས་ཐད་ནས་ཁོང་ལ་དོན་དང་མཐུན་པའི་དགག་ལན་ཞིག་སུས་ཀྱང་བསྐྱོན་ཤེས་ཐབས་མེད་དེ། རྩོམ་རྩལ་དང་ཁ་སྟབས་ཙམ་གྱིས་ཟེར་བ་མིན། ཆོས་ལུགས་ཀུན་དང་བྱེ་བྲག་སངས་རྒྱས་ཆོས་ལུགས་ཀྱི་རྒྱུ་རྙོག་དངོས་ནི་ཁོང་ཉིད་ཀྱིས་གསུངས་པ་དང་ཨ་ན་མ་ན་ཡིན་པས་དོན་དངོས་ལ་བསྙོན་ནུས་པའི་རིག་པ་ཞིག་སྲིད་འདིར་གཞི་མི་གྲུབ་པས་སོ།
ངས་བལྟས་ན་ཚ་བ་མདའ་སྨྱུག་གམ་ལོག་རྟོག་སྙིང་སྟོབས་ཞེས་པ་འདི་སངས་རྒྱས་ཆོས་ལུགས་ཀྱི་རྩ་བར་བཀོད་པའི་བསྐལ་བའི་རྟགས་ཐམ་རིང་མོ་ཞིག་ཡིན་པ་རེད། འདི་ཕན་ཆད་དགག་རྒྱུ་མེད་ལ་དགག་ནའང་སྙིང་པོ་མེད། སངས་རྒྱས་ཆོས་ལུགས་འདི་རྟོག་གེ་རིག་པ་དང་བསྲེས་ཐོག་ཚད་མ་སོགས་ཀྱི་རྒྱབ་རོགས་འོག་ད་ལྟའི་བར་དཀའ་ལས་གང་ཡང་མ་བརྒྱབ་པར་ཀུན་གྱིས་བདེན་པ་ཉག་གཅིག་ཏུ་ཁུར་ཏེ་འོངས་ཕྱིར་ལྕགས་དམར་སྐམ་ ༼ལེའུ་བཞི་བ༽
གཅུན་གྱི་བཀའ་བསྒོ་འདི་སྤྱིར་ན་འབབ་སྟེ་ཡོད་མོད། ད་དུང་མུ་མཐུད་དགག་ཕྱིན་ཆོས་ལུགས་ཀྱིས་བསྐྱེད་པའི་ཉེས་པ་དེས་མི་ཚད་པའི་ཉེས་པ་གཞན་ཞིག་མི་འབྱུང་བའི་ངེས་པའང་མི་འདུག་པ་འདྲ། སྟབས་ཉེས་ན་མཐའ་ཟད་པའི་མཐའ་ཞིག་སྟེ་ཤེས་བྱ་ལ་བསྙོན་པ་ལྟ་བུའི་ཕྱིན་ཅི་ལོག་པའང་ཁ་དར་སྲིད་པ་ཞིག་རེད།
འདི་ཡང་གཙོ་བོ་ཁ་སང་དེ་རིང་གི་དྲ་ཐོག་བལྟས་ནས་བཤད་པ་ཡིན། རགས་ཕྱོགས་ནས་མི་ཡོངས་རྫོགས་པོ་ཆོས་ལུགས་ལ་དགག་པ་བསྐྱོན་མཁན་ཡིན་པ་ལྟ་བུར་སྣང་། དེ་འདྲ་རང་ག་ལ་ཡིན་མོད། དུས་འདིར་ཆོས་ལུགས་ལ་ཁ་རྡུང་གཏོང་མཁན་ཉུང་ཉུང་ཞིག་གཞི་ནས་མ་རེད། ཁ་རྡུང་གཏོང་མཁན་མང་ཆེ་ལ་གང་ནས་འོངས་པ་མི་ཤེས་པའི་སྡང་ཞེན་ཞིག་ཀྱང་ཡོད་པ་འདྲ། འདི་རྒྱུན་ལྡན་ཞིག་ལ་ཅིས་ཀྱང་མཐོང་དཀའོ། དེ་ལ་རྒྱུ་རྐྱེན་མང་མོད་གཙོ་བོ་གཅིག་ནི། ཚ་བ་མདའ་སྨྱུག་ཁོང་དང་ངེད་སོགས་ཀྱིས་ཆོས་ལུགས་ནི་རིག་གནས་ཤིག་ཡིན་ཞེས་པའམ་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ལྟ་བུའི་སྐད་ཆ་ཐུང་ངུ་རེ་ལས་མ་བསྐྱུར་བས་རེད་འདོད།
མི་རྣམས་ལོག་རྟོགས་སྙིང་སྟོབས་དང་ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལྟ་བུའི་ཁ་བྱང་གིས་བསླུས་པ་དང་ལོག་རྟོགས་སྙིང་སྟོབས་གཞུང་དངོས་ཀྱི་ལེའུ་རིང་མོ་ཁག་ལས་མཇུག་བྱང་ཐུང་ངུའི་ནང་གི་ངས་དགོས་པའི་དབང་གིས་བཅོས་མའི་དད་པ་ཞིག་བྱེད་ཀྱིན་ཡོད་ལྟ་བུའི་ཚིག་ཕྲེང་ཕྱེད་པ་ཙམ་དེར་དོ་སྣང་རྩ་བ་ནས་སླེབས་ཀྱིན་མེད་ཚོད་རེད། དེ་ལ་དོ་སྣང་མ་བྱུང་བས་དགོངས་གཞི་ཅན་གྱི་ཚིག་ཕྱེད་པ་དེ་དག་ཕལ་ཆེར་མ་བྲིས་པ་དང་ཁྱད་མེད་པ་ལྟ་བུ་ཆགས་སོང་བ་རེད།
འདི་མུར་ཕྱིན་ཚེ་སྒྱུ་རྩལ་དང་དཔལ་ཡོན་གྱི་ཆ་རུ་གྱུར་པ་གང་ཞིག བསམ་བློ་དང་ཤེས་རིག་གི་ངོ་བོར་གྲུབ་པ་གང་ཞིག མི་ཆོས་དང་ལྟ་སྤྱོད་ཀྱི་གཞུང་རྟར་སྨིན་པ་གང་ཞིག་སྟེ། ཆོས་ལུགས་མ་རེད་ཅེ་ན་ཆོས་ལུགས་ཡིན་པ་དང་ཆོས་ལུགས་རེད་ཅེ་ནའང་ཆོས་ལུགས་མིན་པ་སོགས་ཀྱི་ཧ་ཅང་མང་པོ་མང་པོ་ཞིག་ལ་གནས་མ་ཡིན་པའི་བརྡབ ༼ལེའུ་ལྔ་བ༽
གསིག་དང་ཆག་གྲུམ་མི་འབྱུང་བའི་ངེས་པ་མེད་པ་འདྲ། འདི་ནི་ཁོ་བོས་གོང་ནས་ཅི་ཞིག་ལུས་འདུག་པའམ་ག་རེ་ཆད་ཡོད་པ་ལྟ་བུའི་སེམས་ཁྲལ་རེ་མི་སྐྱེས་ཐུ་མེད་རེད་ལབ་པའི་འགག་རྩའི་དོན་པོ་ཡིན། དེ་ལྟ་ན། ཕྱི་ཕྱིར་ང་རང་ཚོས་ཆོས་ལུགས་ཀྱི་སྡོང་རྒན་འདི་རེ་ཞིག་བརྐོ་མཚམས་བཞག་སྟེ་ལས་ཀ་གཞན་དག་ལ་དྲན་པ་བསྐོར་ན་ག་འདྲ་ཡིན་ནམ་ཞེས་པའོ། ༼ལེའུ་དྲུག་པ༽
2011.5.21 ཡོངས་སུ་འཇུག་གྲུབ་པ་ཡིན། ༼ རྣམས་པ་ཚོར་གསལ་བཤད་བྱེད་དགོས་པ་ཞིག་ལ་རྩོམ་འདི་བོད་ནང་གི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་སེང་རྡོར་གྱིས་བརྩམ་པ་རེད།༽
ཚན་རིག་དང་ནང་ཆོས་བར་ལ་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་གང་དང་གང་ཡོད་པ་རྣམས་ཡིག་ཐོག་ཏུ་ཕབ་ནས་དྲྭ་རྒྱ་ཐོག་གཏོང་ཐུབ་པ་ཡིན་ན་དེ་ནི་ཧ་ཅང་གི་ལེགས། གུས་དང་གུས་ནང་བཞིན་གྱི་སྐྱེས་བུ་མང་པོ་ཞིག་ལ་ཤེས་འདོད་ཀྱི་འདོད་པ་ཤུགས་ཆེར་ཡོད་པས་དེའི་ཐོག་དགོངས་འཇག་ཡོད་པ་མཁྱེན།།
དཔལ་ལྡན་ལགས།
ཚན་རིག་དང་། ནང་པའི་ལྟ་གྲུབ་ཐོག་གི་བགྲོ་གླེང་དེ་བརྙན་པར་བརྒྱུད་རིང་མིན་དྲྭ་ཐོག་ལ་འཇོག་འཆར་ཡོད་འདུག
བོད་ཀྱི་སྤྱི་སྐད་རྒྱ་ཁྱབ་གཏོང་དགོས་་ཟེར་བ་འདི་རྒྱ་མིས་རྒྱ་ཡིག་སྤྱི་སྐད་ཡིན་པས་རྒྱ་ཁྱབ་གཏོང་དགོས་ཟེར་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་བེད་མེད་བཟོ་བཞན་པ་དང་གཅིག་་རེད། སྤྱི་སྐད་ཟེར་བ་ལས་དོན་གྱིས་ལྷ་སའི་སྐད་རྒྱ་ཁྱབ་བཏང་ནས་མདོ་སྟོད་སྨད་ཀྱི་སྐད་ཡིག་བེད་མེད་བཟོ་འདོད་པ་དེ་རེད།
བོད་ལ་སྤྱི་སྐད་གཅིག་དགོས་པ་ནི་བོད་ལ་རང་དབང་ཐོབ་དགོས་པའི་དམིགས་ཡུལ་དེ་རེད། བོད་ཀྱི་སྐད་དང་བོད་ཀྱི་རང་དབང་ནི་གཅིག་ཕན་གཅིག་གྲོགས་དང་བོད་མིའི་མ་འོངས་པའི་ལག་པ་གཡས་གཡོན་གཉིས་རེད། བོད་ལ་སྐད་ཅིག་མ་བྱུང་བའི་ཉིན་རང་དབང་ཅིག་ཐོབ་ཡང་སྡོང་བུ་མེད་པའི་རྩི་ཤིང་བཞིན་ལུང་ཚན་ཁག་གི་ཡལ་ག་རྣམས་རང་རང་ཕྱོགས་སུ་རྐང་བརྐྱངས་ལག་བརྐྱངས་བྱད་གི་རེད། དེ་ནས་བོད་ཟེར་པ་དེ་བག་ལེབ་ལྟར་འགྱུར་གི་རེད།
ཡིན་ན་ཡང་དེང་སེང་གི་དུས་ནི་སྤྱི་སྐད་དེ་དགོས་མི་དགོས་སྐོར་ཤོད་པའི་དུས་མ་ཡིན་པར། སྤྱི་སྐད་གཅིག་ག་འདྲ་བྱས་ནས་ག་དུས་གཏན་ལ་ཕབས་དགོས་མིན་གི་དུས་ལ་བསླེབས་ཡོད་པ་རེད།
ཡག་པོ་འདུག གཙོ་བོ་འགོ་བཙུགས་ནས་མཇུག་སྐྱེལ་ཡས་གལ་ཆེན་པོ་རེད། ད་བར་གསར་པ་མང་པོ་ཞིག་བཙུགས་པ་རེད། ཡིན་ནའི་མཇུག་འཁྱོལ་བ་དེ་ཙམ་མཐོང་ཡས་མི་འདུག་ལ་གྲུབ་འབྲས་ཐོན་མཁན་ནི་དེ་བས་དཀོན། བཙན་བྱོལ་དུ་སླེབས་ནས་མི་ལོ་ལྔ་བཅུ་འདས་ཟིན་པ་རེད། ཕྱིར་བལྟས་གཅིག་ཀློག་དང་། ཨ་ཁུ་སྟོན་པའི་ཡོད་ཡོད་ཀྱི་དཔེ་ལྟར། བཙུགས་པ་དང་ཡོད་རབས་ཀྱང་བཤད་གྲུབ་འབྲས་མ་ཐོན་ན་རང་ཉིད་ངལ་བའི་རྒྱུ་ལས་མ་མཆིས། འབྲུག་སྐད་རྒྱབ་པ་དང་མཉམ་དུ་ཆར་པ་བཏང་ན་འགྲིག་པ་རེད། སྤྲིན་མེད་དགུང་སྔོན་དབྱིངས་ནས། འབྲུག་སྐད་ལྷང་ལྷང་གྲགས་བྱུང་། རྨ་བྱ་དགའ་སྣང་བསྐྱེད་ནས། ཆར་ཐིག་ཟག་རྒྱུར་སྒུག་ཡོད།
འཇར་མན་བོད་ཁང་འདིས་ཡུ་རོབ་གླིང་ལ་བོད་ཀྱི་རིག་གཞུང་ཐད་བྱེད་སྒོ་སྤེལ་བ་མང་ཞིང་བྱེད་སྒོ་སྤུས་གཙང་ཞིག་ཏུ་་ངོས་འཛིན་ཞུ་བཞིན་ཡོད་ལ།མུ་མཐུད་ནས་ཧུར་ཐག་འབད་ཐག་གནང་རོགས་ཞུས་པ་ཡིན།
ལས་འགུལ་འདིའི་རིགས་གང་མང་མང་སྤེལ་ཐབས་གནང་དགོས་འདུག རྗེས་སུ་ཡི་རང་ཡོད་དོ། །
ཕན་པོ་གྱོང་་་་་་་་་་་་་་་་་་་་་རྗེས་མ་མཐུན་དུ་གནང་རོགས།
དོན་སྙིང་ལྡན་པའི་བགྲོ་གླེང་གོ་བསྒྲིགས་གནང་འདུག་པས་བསྔགས་བརྗོད་ཡོད།
རེད། རེད། ཟླ་བ་ཚེ་རིང་ལགས་༸གོང་མཆོག་གིས་ཐད་ཀར་སྤྱི་འཐུས་སུ་བཀོད་གནང་མཛད་པ་བདེན་པ་རེད། དེར་བརྟེན་༸གོང་ས་མཆོག་ལ་ཡིད་ཆེས་ན། ཁོང་ཡང་ཡིད་ཆས་དགོས་པ་མིན་ནམ།
ཤིན་ཏུ་ལེགས།་་་དེང་བོད་ཀྱི་སྐད་ཡིག་འཕེལ་རྒྱལ་འགྲོ་བའི་རྒྱུ་གཅིག་པུ་ནི་ཚན་རིག་དང་འབྲེལ་འདྲིས་མང་ཙམ་བྱས་ཏེ་གསར་དར་གྱི་ཐ་སྙད་མང་པོ་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་བོད་མིའི་འདུ་ཤེས་སམ་བསམ་ཚུལ་གཞི་རྩར་བཟུང་ནས་གཏན་འབེབས་དང་བཀོལ་སྤྱོད་བྱ་རྒྱུ་དེ་རེད།་་་རྡོ་ཆག་བཙན་སྒྲིགས་ལྟ་བུས་ཚན་རིག་གསར་པའི་ཐ་སྙད་དང་བརྗོད་དོན་རེད་ཟེར་ནས་འདོར་ལེན་ཅི་ཡང་མེད་པར་ཐམས་ཅད་མཐོ་སྒང་ངམ་བྱེས་འབྱོར་བོད་མིའི་གཞིས་སྒར་གང་སར་སྟོར་བའི་དབང་དུ་བཏང་ནའང་གཙོ་བོ་དེ་དགེ་སྐྱོན་ཕྱོགས་ནས་བསམ་བློ་ཏན་ཏན་སྔོན་དུ་འགྲོ་དགོས་པ་ནི་ཡང་དག་གི་རྒྱུ་མཚན་རེད།་་་དེ་མ་གཏོགས་དེང་བོད་ཀྱི་སྐད་ཡིག་འཕེལ་རྒྱས་དང་ཕྱུགས་པོ་བཟོ་དགོས་ཟེར་ནས་ལག་ཏུ་ཐེབས་ཚད་དང་མིག་གིས་རིག་ཚད་འདེམས་གསེས་ཅི་ཡང་མེད་པར་བོད་སྐད་ཡིག་ཏུ་བསྒྱུར་ན་དེ་ཡང་ལེགས་ཚོགས་ཞིག་ནི་ཨེ་ཡིན་སྙམ།