ལྷ་རྟ་དཀར་པོ།
ན་ནིང་སྲིད་སྐྱོང་དང་འབྲེལ་བའི་སྔོན་འགྲོ་འོས་མི་བཀྲིས་དབང་འདུས་ཀྱིས་ཁོ་ཉིད་2016 ལོའི་སྲིད་སྐྱོང་གི་སྔོན་འགྲོ་འོས་མིར་ལངས་རྒྱུའི་གཞུང་འབྲེལ་གསལ་བསྒྲགས་བྱས་ནས་བཟུང་། རིམ་ཞིང་ཚོགས་གཙོ་སྤན་པ་ཚེ་རིང་དང་། དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཨ་ཚོགས་ཀླུ་མཁར་བྱམས། ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ ལུག་རྫི་བཀྲིས་སྟོབས་རྒྱལ་བཅས་ནས་ཁོ་དང་ང་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་སྔོན་འགྲོའི་འོས་མིར་ལངས་རྒྱུའི་གསལ་བསྒྲགས་དང་། འོས་ཐོབ་ན་རང་ཉིད་ཀྱི་བཀའ་ཤག་ནས་གཞིས་ཆགས་སྲ་བརྟན་དང་གཞིས་ལུས་བོད་མི་ཚོའི་དཀའ་སྡུག་སེལ་ཐབས། བོད་ཀྱི་ཆོས་དང་རིང་གཞུང་དར་འཕེལ། རྒྱལ་སྤྱིའི་ཐོག་བོད་དོན་དྲི་བསྒྲགས་བྱེད་སྟངས་འདི་དང་དེ་ཡིན་སོགས་བཤད་ནས། སྲིད་སྐྱོང་འོས་མི་བཞི་ནས་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་གཉིས་ཕན་དབུ་མའི་ལམ་བརྒྱུད་བོད་རྒྱ་གཉིས་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་ལུགས་དང་། རང་བཙན་ལངས་ཕྱོགས་བཟུང་མི་ཨ་ཚོགས་ཀླུ་མཁར་བྱམས་ནས་ཁོང་ཉིད་ལ་སྲིད་སྐྱོང་གི་རྐུབ་སྟེགས་ཐོབ་ན་བོད་རང་བཙན་བསྐྱར་གསོ་བྱ་རྒྱུ་ཡིན་པ་སོགས་བཤད་ནས་དྲི་བསྒྲགས་དང་ལས་འགུལ་ཤུགས་ཆེན་སྤེལ་ནས། མཐའ་མཇུག་འོས་གྲངས་ཀྱི་ཆ་ནས་དངོས་གཞི་སྐབས་བློ་བཟང་སེང་གེ་དང་སྤེན་པ་ཚེ་རིང་གཉིས་སྲིད་སྐྱོང་གི་འོས་མི་ངོ་མ་ཆགས་ཡོད་ཅིང་། ད་ལྟ་འ་འུར་ཆེས་ཆེ་བའི་སྲིད་སྐྱོང་དངོས་གཞིའི་འོས་བསྡུའི་དྲིལ་བསྒྲགས་འགྲོ་བཞིན་པའི་སྐབས་འདིར་མི་མང་ཚོས་དོ་སྣང་དང་། རང་ཉིད་དང་མཐུན་པའི་འོས་མིར་རྒྱབ་སྐྱོར་དང་ཁྱབ་བསྒྲགས། སྤྱི་ཚོགས་དྲ་ལམ་ཁག་ནས་སྐུལ་མ་དང་། མཐར་ན་སྐབས་འཚོལ་བ་འགས་རང་ཉིད་མི་དགའ་སའི་འོས་མིར་གཞི་མེད་དཀྲོག་གཏམ་དང་སྤྱི་ཚོགས་ནང་གླིང་གཞི་བཟོས་བ་སོགས། མདོར་ན་འོས་བསྡུའི་དུས་སྐབས་འདིར་ཆོལ་ཁག་དང་ཆོས་བརྒྱུད། ལུང་ཚན་དང་ཕ་ཡུལ་གཅིག་པ། ལམ་དབུ་མ་དང་རང་བཙན། ངའི་གྲོགས་དང་ཁོའི་གཉེན་ཞེས་ཕྱོགས་རིས་དང་དགའ་མི་དགའི་ཁོར་ཡུག་ཡ་ང་བ་ཞིག་ཀྱང་སྐྲུན་མུས་ཡིན།
སྤྱི་བཏང་མང་གཙོའི་འོས་བསྡུ་སྐབས་འོས་མི་མང་ཉུང་ལ་གཞི་ནས་དེ་འཚུངས་སུ་རུབ་ཁག་ཀྱང་ཆགས་ངེས་པ་མ་ཟད། འོས་བསྡུ་སྐབས་འགྲོ་ལུགས་ཐོག་ནས་སོ་སོའི་འོས་མིར་རྒྱབ་སྐྱོར་དང་ཁོ་ཉིད་ལས་ལྷག་མེད་པའི་དྲི་བསྒྲགས་བྱེད་སྟངས་དེ་འགྲོ་ལུགས་ཤིག་དང་། སོ་སོའི་འོས་མིེར་རྒྱལ་ཁ་ཐོབ་རྒྱུའི་དོན་དུ་འབྲེལ་ཡོད་ཀྱི་སྲིད་སྐྱོང་འོས་མི་དེའི་འཆར་གཞི་དང་ལས་དོན་རིགས་ཡག་པོ་དང་ལེགས་པོ། ཁོང་གི་ཁ་གཏད་ཀྱི་སྲོད་སྐྱོང་འོས་མི་ག་གེ་མོ་དེའི་ལངས་ཕྱོགས། མ་འོངས་འཆར་གཞི་སོགས་ལ་བཟང་སྤྱོད་དང་ལྡན་པའི་སྐྱོན་བརྗོད་དང་ལེགས་སྤེལ་ཉེས་འགོག་བྱེད་རྒྱུ་ནི་གནད་འགག་ལོས་ཡིན་ཏེ། ང་ཚོའི་འོས་བསྡུ་སྐབས་སྲིད་སྐྱོང་འོས་མི་ཚོས་སྔུན་མ་བྱེད་ཕྱོགས་དང་མ་འོངས་འཆར་གཞི་སོགས་ལ་མཐུན་ཕྱོགས་དང་ཐད་ཕྱོགས་གཉིས་ཀྱི་ཐོག་ནས་བགྲོ་གླེང་ཀྱིས་མི་མང་གི་གོ་རྟོགས་དང་ཆབ་སྲིད་ཀྱི་ཤེས་ཚད་མཐོ་རུ་གཏོང་རྒྱུའི་གོ་སྐབས་བཟང་པོ་ཞིག་བསྐྲུན་རྒྱུ་ཚབ་ལ། འོས་མི་རང་ཉིད་ནས་ཁ་གཏད་ལ་མི་དགོས་འཆམ་གཏམ་དང་གཞི་མེད་སྐྱོན་བརྗོད། ད་དུང་བློ་ཕམ་དགོས་བ་ཞིག་ལ། སྲིད་སྐྱོང་འོས་མི་དེའི་སོ་སོའི་ཁྱབ་ཁུལ་གྱི་རྒྱབ་སྐྱོར་བྱེད་མི་ཚོས་ཀྱང་ཁྱི་ཡི་ཁར་བལྟས་ནས་ཁྱིས་ཟུར་ཟེར་བ་ལྟར། འབྲེལ་ཡོད་མཐུན་ཕྱོགས་སྲིད་སྐྱོང་གི་འོས་མི་དིའི་སྐད་ཆ་ལ་བློ་ཟུར་དུ་གནས་ནས་རྟགས་དཔྱད་ཙམ་ཡང་མ་བྱས་ནས། ཐད་ཕྱོགས་ཀྱི་སྲིད་སྐྱོང་འོས་མིར་མི་དེ་སྲིད་སྐྱོང་ལ་མི་འོས་དང་མི་དེས་འདི་དང་དེ་བྱས་འདུག་ཟེར་ནས་གཞི་མེད་ཀྱི་སྒྲོ་བཏགས་ནས་བོད་མི་ནང་ཁུལ་ལ་མི་དགའ་བའི་སྟོང་ཆ་རིང་དུ་གཏོང་གིན་འདུག་པས་དེས་བོད་ཀྱི་རྩ་དོན་ལ་དུས་ནམ་ཡང་མི་ཕན། ༼དགོས་མེད་ཀྱི་གླེང་གཞི་འདིའི་ནང་བཙན་བྱོལ་ནང་གི་གནས་ཡོད་མི་སྣ་འགས་ཀྱང་ཚུལ་མེད་ཀྱིས་མཉམ་ཞུགས་བྱས་ཡོད།༽
བཙན་བྱོལ་བོད་མིའི་འོས་བསྡུ་ཁྱབ་བསྒྲགས་དང་འབྲེལ་བའི་གཞི་མེད་རྣོ་ངར་ལྡན་པའི་ཉེས་འཛུགས་དེ་ཚོར་གཞིས་ལུས་བོད་མི་ཚོས་ལྟ་སྟངས་དང་། ཡིད་ཆེས་ཐད་གད་ཆག་ཆས་སྲིད་པ་མ་ཟད། ད་དུང་ཁོ་ཚོས་ང་ཚོའི་བྱེད་སྟངས་ལ་སྡོམ་ཚིག་ཅི་འདྲ་ཞིག་བརྒྱག་གིན་ཡོད་མེད་ཀྱི་ཚད་གཞི་ཐད་ཐུགས་བསམ་བཞེད་ཡོད་དམ། ཕྱིན་སྡོད་བོད་མིའི་མང་གཙོའི་འོས་བསྡུའི་ནང་རང་གཞན་གཉིས་ལ་མི་ཕན་པའི་འཁོན་འཛིན་དང་། ཉེས་འཛུགས། གཞི་མེད་དཀྲོག་གཏམ། དགྲ་དགའ་གཉེན་སྡུག་གི་བྱེད་སྟངས་འདིེར་བལྟས་ནས། གཞིས་ལུས་བོད་མིས་ད་ལྟའི་བར་ང་ཚོར་སྐྱོང་བའི་རེ་བ་དང་ཡིད་ཆེས་ལ་དོར་ཕམ་དང་། ཁོ་རྣམ་གྱིས་སོ་སོའི་སྲོག་ལ་ཐུག་ཀྱང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་བློས་བཏང་པའི་མི་རིགས་ཀྱི་ལ་རྒྱ་དང་ལྷག་བསམ། ད་དུང་གཅིག་སྒྲིལ་ཐད་ལའང་གད་ཆག་ཡོང་སྲིད་པས་ན། འདིའི་འགན་སུས་འཁུར་གྱི་རེད། གཞིས་ལུས་བོད་མིའི་སྙིང་ཁར་རྨ་བཟོ་ན་དུས་དེས་ནས་བཟུང་ང་ཚོའི་ཐབས་རྩོད་ཀྱི་ནུས་སྟོབས་ཉམས་ངེས་པས། འདིར་འབྲེལ་ཡོད་སྲིད་སྐྱོང་གིན་འོས་མི་རྣམས་དང་སོ་སོར་རྒྱབ་བྱེད་མཁན་ཚོས་འོས་ཐོབ་ཐབས་ཐད་ཆབ་སྲིད་ཀྱི་དྲི་བསྒྲགས་ནང་གཞི་མེད་སྐྱོན་བརྗོད་རིགས་སྤངས་ཕྱི་མ་དྲགས་ནའང་སྔ་ནི་ནམ་ཡང་དྲགས་མེད།
བཙན་བྱོལ་སྤྱི་ཚོགས་འདི་མང་གཙོ་ཡིན་རབས་དང་སྨྲ་བརྗོད་རང་དབང་ཡོད་ཁུལ་གྱིས་ཟ་རྒྱུ་ཡོད་ཚད་ཟས། བཤད་རྒྱུ་ཡོད་ཚད་ཤོད་ནས་སྡོད་ན་དེས་འོས་མི་བྱེ་བྲག་ལ་འོས་གྲངས་ཀྱི་ཐོག་ནས་ཅུང་ཁྱེད་པ་རྒྱུགས་སྲིད་ཀྱང་། གནད་དོན་འདིས་གཞིས་བྱོས་གཉིས་སུ་གྱེར་ནས་མཆིས་པའི་བོད་མིའི་གཅིག་སྒྲིལ་ལ་སེེར་ག་ཤོར་ན། དེ་ནི་དགྲ་དགའ་དགོས་པའི་ལས་འགུལ་ཞིག་དང་། འདིས་བོད་ཀྱི་རྩ་དོན་ཐད་འཕྲལ་ཕུགས་རྒྱུང་གསུམ་ལ་གནད་རྒྱུ་ཞིག་ལས་གཞན་ཅི་མཆིས།
དེ་ལྟ་བོད་ཀྱི་རྩ་དོན་རྒྱུན་གནས་དང་། བོད་མི་ནང་ཁལ་སྔུན་ལས་ལྷག་གཅིག་སྒྲིལ་དང་། རྒྱལ་བའི་དགོངས་པ་དང་མ་འགལ་བ་ཞིག་བྱེད་རྒྱུའི་དམ་བཅའ་ཡོད་ན། ད་ལྟ་ང་ཚོས་འོས་བསྡུའི་དྲི་བསྒྲགས་ཀྱི་ལས་འགུལ་ཅིའི་རིགས་སྤེལ་ཡང་བཟང་པའི་ཀུན་སྤྱོད་དང་མཉམ་དུ་མདུན་སྐྱོད་གནང་དངོས་པ་ཤུན་ཏུ་ནས་གལ་འགངས་ཆེན་བ་མ་ཟད། ་ང་ཚོས་ནམ་ཡང་གཞིས་ལུས་བོད་མིའི་དོན་དུ་གསོན་ཞིང་གནས་ཡོད་རབས་བཤད་བཞིན་ཡོད་པས། དེས་ན་ད་ལྟ་འོས་བསྡུའི་སྐབས་འདིར་གཞིས་ལུས་བོད་མིའི་དཀའ་སྔུག་ལ་བསམ་སྣང་མང་བ་གཏང་དགོས་པའི་དུས་ཚོད་ཅིག་ཀྱང་ཡིན་ངེས།
རྡ་ས་ནས་ལྷ་རྟ་དཀར་པོས།
ང་ཡང་འདི་ལྟར་བྲི་དགོས་བསམ་བྱུང་། འབྲི་ཐུབ་མ་སོང་། ༸གོང་ས་མཆོག་བཀའ་དང་མ་འགལ་བ་དང། གཞིས་ལུས་བོད་མིའི་སེམས་ཁམས་ལ་རྨ་ཁ་མ་བཟོ་བ། རྒྱབ་བསྐྱོར་བ་ཚང་མས་འགན་བཞེས་གནང་དགོས་འདུག། གོང་གི་བརྩོམས་འདི་དཔེ་ཡག་པོ་གསུངས་འདུག། རྒྱབ་བསྐྱོར་བརྒྱ་ཆ་རྒྱ་ཡོད། ཐུགས་རྗེ་ཆེ།་
འཐབ་རྩོད་ཀྱི་མ་རྩ་གང་ཡིན་དེར་ངོས་བཟུང་ཐུབ་མི་འདུག་གོ།
སྲིད་སྐྱོང་ལགས་ལ། ༸གོང་ས་་མཆོག་གིས།
https://www.facebook.com/fan.page.of.dr.lobsangsangay/videos/871572566269633/
ལྷ་རྟ་དང་གང་ཞིག་སྟེ་མི་བུ་ཞིག་མི་སྐད་དངས་མ་ཞིག་རེད་དེང་འདི་རེ་གཉིས་མཐོང་རྒྱུ་ཡོད་དུས་དགའ་དགོས་པའི་དུས་ངན་ཞིག་ལ་ཆག་ཐལ།