འཇམ་གཅེས།
འདི་སྣང་འཁོར་བའི་གནས་ལ་ཞེན་ཆེས་ནས།།
ཡར་གྱི་དག་ཞིང་བདེ་སྐྱིད་ངས་མི་དྲན།།
ལྐོག་གྱུར་གནས་ལུགས་ངོས་འཛིན་མ་ནུས་པས།།
མར་གྱི་ངན་སོང་སྡུག་བསྔལ་ངས་མི་བསམ།།
ལྟ་སྤྱོད་སྒོམ་གསུམ་གནས་ལུགས་མ་ཤེས་པས།།
ལྟ་ལོག་སྤྱོད་ལོག་ཟེར་བར་ངས་མི་འདོད།།
གང་དྲན་ཡིག་ཐོག་འབྲི་རྒྱུར་དགའ་བ་འདིས།།
སུ་ལ་གནོད་མིན་དོ་སྣང་ངས་མི་བྱ།།
རང་ཉིད་རང་ལ་ཡིད་ཆེས་ཆེ་ཆེས་ནས།།
གཞན་གྱིས་གང་བཤད་ང་ལ་དགོས་གལ་ཆུང་།།
ཕ་རོལ་མི་ཚོས་ལེགས་ཉེས་གང་བརྗོད་རུང་།།
ང་ནི་རང་རྐྱ་ཐུབ་པའི་རྫས་ཡོད་འདྲ།།
བདག་ལ་གནོད་བྱེད་དགྲ་བོ་བདག་ཉིད་ཡིན།།
བདག་གི་སྐྱབས་དང་སྐྱོབ་པ་བདག་ཉིད་ཡིན།།
བདག་ནི་ནམ་ཡང་ནུས་མེད་མ་ཡིན་པར།།
བདག་གི་བདེ་སྡུག་སྣ་འདྲེན་བྱེད་པོ་ཡིན།།
སྟོང་གསུམ་སེམས་ཅན་མ་ལུས་འཁོན་རུང་ཆོག །
བདག་ལ་དབང་བའི་ལྷན་སྐྱེས་གཤིས་ཀ་འདིར།།
གཞན་གྱིས་ཁ་ལོ་བསྒྱུར་འདོད་སྟོང་བསམ་དེར།།
གཅེས་པའི་སྙིང་དམར་ཤོར་རུང་ངོས་ལེན་མེད།།
མི་ཚེར་བདེ་སྡུག་ལེགས་ཉེས་གང་བྱུང་རུང་།།
བཀའ་དྲིན་ཅན་ལ་གཞི་མེད་ངན་སྐུར་དང་།།
དམ་སྲི་འབྱུང་པོར་སྐྱབས་ཡུལ་འཇོག་པ་སོགས།།
ནམ་ཡང་མི་བྱ་མཆོག་གསུམ་དཔང་དུ་བཙུགས།།
ཕ་རོའི་དགྲ་རྐུབ་ལྕེ་རྩེས་ལྡག་དང་ལྷན།།
རང་རིགས་དཔོན་ལ་གྱེན་ལོག་བྱེད་པོ་དག །
མིག་སྔར་མངོན་དུས་འཁོར་བའི་ཕྱི་མཐའ་བར།།
དེ་ལྟར་མི་འབྱུང་སྨོན་ལམ་གྲངས་མེད་བཏབ།།
ཁྱོད་ཀྱི་ལྟ་སྤྱོད་ཁྱོད་ལ་རིན་ཐང་ཆེ།།
ང་ཡི་ལྟ་སྤྱོད་ང་ཡི་ནོར་མཆོག་ཡིན།།
རང་རང་ལྟ་སྤྱོད་རང་ལ་འོས་ཤིང་འཚམས།།
དེའི་ཕྱིར་ང་ལ་ལམ་སྟོན་མ་གནང་རོགས།།