གཉན་ཆེན།
རང་གི་ཕ་ཡུལ་ལྷ་ཡུལ་བཞག་སྟེ་མི་ཡུལ་དམྱལ་ཁམས་འགྲིམས་ནས་ཡོང་།།
རང་གི་ཕ་མ་སྤུན་མཆེད་གཡུགས་ཏེ་དོན་མེད་གཞན་མིའི་གཡོག་ལ་རྒྱུག །
རང་ས་རང་གིས་བདག་པོ་མ་ཐུབ་རང་དབང་ཐམས་ཅད་གཞན་ལ་ཤོར།།
རང་རིགས་རང་གིས་སྲུང་སྐྱོབ་མ་ཐུབ་མི་རིགས་གཞན་ལ་སྐྱབས་སུ་རེ།།
རང་སེམས་སྡུག་གི་འཁུར་བོ་ལྕི་རུང་རང་གིས་མི་འཁུར་ཐབས་མེད་རེད།།
རང་སེམས་རང་གིས་གསོ་ཁུལ་བྱས་ཏེ་ས་མཐའི་འཚོ་བ་དང་དུ་བླང་།།
རང་དབང་ཆེ་བའི་རྒྱལ་ཁམས་སྙེགས་ནས་མི་ཡི་ལུང་བ་མདུན་དུ་བསུས།།
རང་གི་དགྲ་ལ་ངོ་ཡ་མ་ཡོང་གཉེན་གྱི་ནང་ལ་དཔའ་ངར་འཐེན།།
རང་སྐད་གཙང་མ་དྲན་པས་བརྗེད་དེ་གཞན་སྐད་འཁྱ་མ་འཁྱོར་རེ་བཤད།།
རང་གི་ཆས་གོས་མར་ལ་གཡུག་སྟེ་གཞན་གོས་འཇའ་མ་འཇོར་རེ་གོན།།
རང་གི་འགྲོ་འདུག་ཀུན་སྤྱོད་བརླག་སྟེ་གཞན་གྱི་ཚུགས་ག་ཡོང་ཐུབ་དཀའ།།
རང་གི་སྤྱི་ཚོགས་ཁ་འཐོར་དགུ་འཐོར་གཞན་གྱི་གྲལ་ལ་འཚུད་ཐུབ་དཀའ།།
རང་གི་དཔེ་དེབ་ཕར་ལ་བཞག་སྟེ་གཞན་དེབ་མཁྲེགས་པོ་རུམ་ལ་བཅུག །
རང་གི་རིག་གནས་སྦྱོང་ཁུལ་མ་བྱས་རྒྱུས་མེད་གཞན་གྱི་རིག་གནས་སྦྱངས།།
རང་རེའི་རིག་གཞུང་རྒྱུས་མངའ་མེད་པར་གཞན་རིག་ཐམས་ཅད་ཚད་མར་བཟུང་།།
རང་རེའི་མཁས་པ་མདུན་ནས་བཞག་སྟེ་གཞན་གྱི་མཁས་པ་གཙུག་ཏུ་བཀུར།།
རང་རེའི་ནང་ཁུལ་མཐུན་འབྲེལ་མ་བྱས་གཞན་ལ་མཐུན་པའི་ལམ་སྟོན་གནང་།།
རང་རེའི་ཕན་ཚུན་རོགས་རམ་མ་བྱས་གཞན་ལ་རེ་བའི་སྐྱབས་འཇུག་ཞུས།།
རང་སེམས་གྱོང་བོ་རང་གིས་མ་བཏུལ་གཞན་སེམས་སྨྱོན་པ་འདུལ་ཁུལ་བྱས།།
རང་སྐྱོན་རི་བོ་རང་གིས་མ་མཐོང་གཞན་སྐྱོན་ཁབ་ཀྱི་རྩེ་མོ་བཙལ།།
རང་དོན་རང་གིས་ཧུར་ཐག་མ་བྱས་གཞན་དོན་སྒྲུབ་པར་སྐུལ་ཁུལ་བྱས།།
རང་གི་ལྟ་སྤྱོད་ཡལ་བོར་དོར་ཏེ་གཞན་ལྟ་འཆོལ་བོར་ལད་བཟློས་བྱས།།
རང་གི་རྒྱལ་ཁབ་གཞན་ལ་ཤོར་ཏེ་གཞན་གྱི་མི་སེར་གྲལ་དུ་འཚངས།།
རང་གི་རིགས་མཐུན་དགའ་རོགས་མ་བཙལ་ཕྱི་གླིང་ཕྱི་མོར་འགྲོགས་ཁུལ་བྱས།།
རང་རེའི་རིགས་ལ་ཕན་པའི་བྱ་བ་སྤུ་ཙམ་ལས་པའི་ནུས་པ་མེད།།
རང་ང་འདུག་འདོད་ང་ལ་མེད་རུང་ཅི་བྱེད་སེམས་པ་བྲེལ་བའི་འཚུབ།།
རང་གི་ཕ་ཡུལ་བཙན་དབང་འོག་ན་རང་ལ་དབང་བ་གཅིག་ཀྱང་མེད།།
རང་ས་གོར་མོ་གྲུ་བཞི་འདི་ལ་རང་དབང་འཐོབ་པའི་ལས་ལ་འབད།།
༢༠༡༣ ༩ ༡༡ ཉིན།
རང་རྩོམ་རྩམ་པ་ཟ་ཟ།།
རང་སྐྱོན་སྐྱག་པ་གཏོང་གཏོང་།།
རང་གཞན་བཙག་གི་མྱི་འདིའི།།
རང་མགོ་མ་ཐོན་མྱང་ཚོད།
ཡར་ལུང་གཙང་པོའི་ས་ནས།།
ཡུལ་ཆུ་ཧུབ་འཐུང་ཐུབ་དགོས།།
མར་ལུང་གྲོག་ཆུའི་མཐའ་ནས།།
གྲོག་ཆུ་རྒྱག་འཐུང་ཐུབ་དགོས།།
ཡར་ནས་གཙང་ཆུ་མ་རེག།
མར་ནས་གྲོག་ཆུ་མ་རེག།
མ་རེག་ལྟོགས་སྐོམ་འོག་ནས།།
ཡང་ཡང་འདུག་འདོད་མ་དྲན།
གནས་ནི་སྤོར་ནི་ཚར་རེད།
སྟོབས་ནི་བཙལ་འདོད་ཡོད་ན།
སྟོབས་ཆེན་རྒྱལ་ཁབ་ཞིག་ནས།།
དབང་ཆེན་གོ་གནས་ཡོད་དགོས།།
དབང་ཆེན་ཞིག་གི་ཁ་ནས།།
དབང་ཆོད་བཤད་པས་དགྲ་ཐུལ།།
མྱི་གྲལ་བཞག་པའི་དཔོན་གིས།།
དམངས་ཁ་སྐོར་བའི་སྟོབས་འདུ།
མྱི་ལ་རྒྱུ་བདག་ཡོད་ན།
རིགས་ལ་དུང་བ་དཀར་ན།
གཏམ་བཤད་སྟོབས་འབྱོར་ཆེ་ན།
ར་སྐད་བཤད་པས་ཅི་སྐྱོན།
རང་ཡུལ་མིན་པའི་གཞན་ཡུལ་དུ།། རང་མགོ་རང་ཐོན་བསྡད་པ་ལས།། རང་གི་རིགས་ལ་ཕན་འདོགས་པའི།། རང་རྩོམ་སྙན་མོ་འབྲི་ན་དགའ།།
གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ།
དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར།
བྱམས་དང་སྙིང་རྗེ་མེད་པ་སྒྱུར་བྱེད་པའི།
ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན།།
་
དངུལ་ཆུ་རྒྱལ་སྲས་ཐོགས་མེད་ཀྱིས་སོ།