བོད ལྷ་ཀླུ་གཉན་གསུམ།
སྟེང་དུ་ལྷ་ཞིག་ཡོད་སྣང་ངར་མ་སྐྱེས།།
འོག་དུ་ཀླུ་ཞིག་ཡོད་པར་ངས་མ་རྟོགས།།
བར་ན་འཚོ་བའི་འགྲོ་བ་མི་གྲལ་ནས།།
མི་དྲན་དགུ་དྲན་ཡོད་ཚད་ང་ཡི་བྱེད།།
བོད་མི་ཡིན་པའི་མིང་ཞིག་ཡོད་ན་ཡང་།།
བོད་དོན་ཕྱོགས་སུ་ཁ་སྟོང་ཚིག་སྟོང་ལས།།
དོན་དུ་ཡོད་པའི་ལས་ཤིག་ངས་མི་འཇོན།།
ཉིན་མཚན་མེད་པར་ཆགས་སེམས་ཁོ་ནས་བཟི།།
མི་ལོ་ལྔ་གཅིག་འགོར་བའི་དེ་རིང་དང་།།
མི་ཟས་ཡུན་རིང་ཟས་པའི་དེ་རིང་བར།།
བོད་ལ་སྐྱེ་བའི་བོད་མིང་ཙམ་ཞིག་ལས།།
བོད་དོན་སེན་མོ་ཙམ་ཞིག་ངས་མ་འགྲུབ།།
ཕྱི་གླིང་འགྲིམ་ནས་མི་ཁོམ་ལས་སུ་ཞུགས།།
འཁོ་བའི་ལས་ཤིག་ཡོད་མེད་མི་ཤེས་པར།།
ཉིན་མཚན་མེད་པར་ལས་ཀའི་ཆེད་དུ་རྒྱུགས།།
དཀར་ནག་ངོ་གདོང་འོག་ནས་མི་ཚེ་ཟད།།
སུམ་དུས་སྲུང་བརྩི་འཛམ་གླིང་གང་ས་ནས།།
བོད་མི་ཡིན་ཚད་འགུལ་བསྐྱོད་བྱས་ན་ཡང་།།
ང་རང་ཐབ་ཚང་གྲུབ་བཞིའི་ཕར་ཕྱོགས་ལ།།
བརྒལ་ཐུབ་མེད་པར་རང་གིས་ཁ་ལྟོ་སྒྲུབ།།
ད་རེ་བོད་ལ་སྐྱེ་བ་དོན་མེད་རེད།།
བོད་མི་ང་ཡིན་ཟེར་ནས་བསྒྲགས་རྒྱུ་ཡང་།།
ཞིབ་དུ་བསམ་ན་ད་ནི་སེམས་གཏིང་ནས།།
རང་གིས་རང་ལ་ངོ་ཚ་སྐྱེ་ཡི་འདུག།
ནམ་རྒྱུན་ལ་རྒྱ་ཡོད་རབས་བཤད་ཀྱི་ཡོད།།
དུས་རྒྱུན་ཁོམ་དུས་བོད་ཡིག་འབྲི་བཞིན་ཡོད།།
དུས་ཚོད་སྐར་ཆའི་བར་ནས་དྲ་རྒྱུར་ཉུལ།།
དོན་ལ་དགོས་པའི་དོན་ཞིག་ངས་མ་འགྲུབ།།
ཁྱེད་ནི་ཕ་ཡུལ་ནམ་ཡང་བརྗེད་མེད་པའི་བོད་པ་ངོ་མ་ཞིག་རེད་བསམ་གྱིན་ཡོད། མང་པོ་ཞིག་གིས་བརྗེད་ཀྱིན་འདུག ངས་ངོ་ཤེས་ཚོའི་ནང་ནའང་ཕ་ཡུལ་བརྗེད་ཚར་བ་མང་པོ་ཡོད། ལ་ལ་ཨ་རི་ན་ཡོད། ལ་ལ་ཐེ་ཝན་ན་ཡོད། ཕ་ཡུལ་ལ་ཡོང་སྐབས་བོད་དོན་དྲིས་ན་ཁོ་ཚོའི་མགྲིན་པ་འགག་འགྲོ་གི་འདུག དེ་འདྲ་རེད། ཇི་འདྲ་འདུག ཧེ་ཧེ།
ཐེ་ཝན་ན་ཡོད་པའི་བོད་རིགས་དེ་ཚོ། བོད་ནང་དགོན་པ་དང་སློབ་གྲྭ་ཁག་ལ་བཀའ་དྲིན་ཆེ་སྣང་། བལ་ཡུལ་དང་རྒྱ་གར་ལ་ཡོད་པའི་ང་ཚོ་བོད་པ་མང་པོ་ཞིག་ཁ་ཨ་རུ་ལ་ཕྱོགས་ནས་སྡད་ཡོད་་་་་་་་
གཞིས་ལུས་བོད་པ་ལགས། ཉིད་ནས་བདག་ལ་རྒྱབ་སྐྱོར་བྱས་པ་དེར་དགའ་ཡོད། འོན་ཀྱང་། ང་ནི་རང་གི་ཕ་ཡུལ་ཕུ་ནུ་སྤུན་ཟླ་དག་སྐྱུར་ནས་བྲོས་དེ་འོང་བའི་སྡར་མ་ཞིག་ལས་གང་ཡང་དྲན་གྱི་མི་འདུག་ལ། བྲོས་དེ་འོང་ནས་༧རྒྱལ་བའི་ཞལ་གཟིགས་མཇལ་ས་དང་གསུང་ཐོས་ས་ཞིག་ནས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་རེ་བྱས་ཀྱང་མ་ཆོག་པ་མེད་ཀྱང་། དེ་ཡང་མ་ཐུབ་པར་ལྟོ་དོན་དུ་ཕྱི་རྒྱལ་ཞིག་དུ་གྱར་ནས་ད་ནི་རང་གི་ལྟོ་དོན་དེ་ཡང་ཡག་པོ་ཞིག་མི་འཁྱོང་བའི་སྐབས་འདི་ལ་རང་གཞན་གཉིས་མེད་ཟེར་བ་དེ་དྲན་ནས་འོང་དུ་འཇུག་གི ད་དུང་། མི་ཁོམ་པའི་གནས་ཟེར་བ་དེ་སྐྱེ་བའི་སྣང་བ་དངོས་ཤིག་ཤར་གྱི་འདུག
གུ་ར་རྫ་ལགས། ཉིད་རང་ཕེབས་ནས་བསམ་ཚུལ་ཞིག་གསུངས་དེ་་ཕེབས་པ་དགའ་ཡོད།
ཁྱེད་རང་ནང་བཞིན་ང་ཡང་། རང་ཉིད་རང་ལ། ངོ་ཚ་བགྱིད་འདུག ཡིན་ནའང་དེ་ཡང་ལས་རེད། བསམས་ནས་བསྡད་ན། བློ་བདེ་ཙམ་ཡོང་བགྱི་འདུག
ཀརྨ་རྡོ་རྗེ་ལགས། ང་ཚོས་རང་གི་རང་ལ་ལས་རེད་ཟེར་ནས་ཀུ་ཡངས་ཤིག་སྤྲད་དེ་བསྡོད་པ་དེ་ནི་དངོས་ནས་ཐབས་ཤེས་ཤིག་གཏན་ནས་རེད་མི་འདུག ང་ཚོ་ནི་དངོས་ནས་མི་རིགས་ཤིག་གི་ནག་ཅན་དང་མི་རིགས་ཤིག་གི་ལས་དབང་ལ་འགན་འཁུར་བྱེད་མི་ཐུབ་པའི་སྡར་མ་ཁྱི་ཞིག་མ་རེད་དམ། ངས་ནི་རྟག་པར་རང་ལས་ལྷག་པའི་སྡར་མ་སྐྱག་གཟན་ཞིག་མི་འདུག་བསམ་གྱི་ཡོད། སྐྱེ་བ་བོད་ལ་སྐྱེ། བོད་དོན་ཏུལ་འབྲི་ཙམ་ཡང་མི་བྱེད་པར་ད་དུང་ཁ་རྒྱག་པ་རེ་བཤད་དེ་ཉིན་མ་བཏང་ནས་བསྡད་དུས། དངོས་ནས་རང་གི་སྟེང་ལ་ཚུགས་པ་ཟ་ཡི་འདུག་ལགས།
བོད་ལྷ་ཀླུ་གཉན་གསུམ་ལགས། དྲང་བོར་བཤད་ན་ཉིད་ལྟ་བུའི་བོད་སེམས་ཅན་ཁྱེད་ནི་ངོ་ཚ་དགོས་དོན་ག་ལ་ཡོད། བོད་ཡིག་ནི་ཤེས་་་་་བོད་སྐད་གཙང་མ་ནི་བེད་སྤྱོད་གནང་གིན་ཡོད་་་་་་་བོད་ལ་སེམས་པ་ནི་དཀར་་་་་་ད་དུང་༧་གོང་ས་མཆོག་དང་བོད་གཞུང་གི་བཀའ་ལས་གཡོ་ཐབས་ནི་གནང་གིན་མེད་པར་མ་ཟད། རང་གིས་འཇོན་ཚོད་ཀྱིས་བོད་དོན་ལ་ཧུར་བརྩོན་གནང་གིན་ཡོད་ན་དེ་ལས་ལྷག་ཅིག་མི་ཡི་རྒྱལ་ཁབ་ཅིག་ནས་ཡོང་རྒྱུ་ཁག་པོ་རེད་ལགས། ང་ཡང་ཁྱོད་འདྲ་བའི་བོད་སེམས་ཅན་ཞིག་ཡིན་ཡང་ཅི་ཡང་མི་འཇོན་པའི་མི་བུ་ཞིག་ཡིན་ལ། རང་སྡུག་རང་གིས་འཁུར་བཞིན་མི་ཡི་ཡུལ་ན་ལས་གླར་རྒྱུགས་ཏེ་མི་ཚེ་སྐྱེལ་བཞིན་ཡོད།
འཇོན་དང་མི་འཇོན་དེ་ནུས་པ་ལ་རག་ལས་ཡོད་ཙང་། རྟག་ཏུ་རང་ལ་བོད་ཞེན་ཡོད་པ་དང་ནུས་ཚོད་འཇོན་ཚོད་ཀྱིས་བྱ་བ་ཆུང་ས་ནས་ཀྱང་སྒྲུབ་ན་དེ་ཙམ་གྱིས་ཆོག་པ་རེད་འདོད་ཀི ཁྱེད་རྣམས་ལ་འཚམ་འདྲི་ཡོད།
རྩམ་དགའ་ལགས། ཉིད་རང་བདག་གིས་དུས་རྒྱུན་དུ་དྲ་ངོས་ནས་མཐོང་བཞིན་པའི་སྤུན་ཟླ་རྙིང་བ་ཞིག་ཡིན། སྐུ་ཉིད་ཀྱང་རང་ཡུལ་བཞག དེ་ནས་གཞན་ཡུལ་ནས་གཞན་ཡུལ་དུ་བཅར་ཡོད་མཁན་ཞིག་ཡིན་དུས། རང་སེམས་བོད་ལ་འཕྲེང་ཀྱང་བྱེད་ཐབས་སད་པའི་སྡུག་བསྔལ་ཡོད་པ་གཅིག་མཚུངས་ཡིན་པ་འདྲ། དེ་ཡིན་དུས་འུ་ཅག་གིས་རང་ཉེས་ངོས་ལེན་བྱས་དེ་རྗེས་ཕྱོགས་ཀྱང་བོད་མི་འདི་ནག་ཉེས་ཀྱི་ལམ་ཁ་འདི་རུ་མི་ཞུགས་པར་འབད་བརྩོན་བྱེད་དགོས་ཀྱི་འདུག་ལགས།
གཞིས་ལུས་བོད་པ་ཁྱེད་རང་སླར་ཡང་ཕེབས་པ་དགའ་ཡོད།