རྡེའུ།
རང་གི་རང་བཞིན་གཞན་དུ་བསྒྱུར་བའི་རྟུལ་ཞུགས་ལ་མི་དགའ།།
རང་གཤིས་གཞན་གྱི་ཆ་ལུགས་སུ་སྤྲས་པའི་བྱབ་ཆུང་རང་མི་འདོད།།
རང་མགོ་བསྐྱུར་ཞིང་གཞན་རྐུབ་ཏུ་འདུར་བའི་སྤྱོད་ཚུལ་ལ་མི་འཐད།།
རང་ཚུགས་འགྱུར་མེད་རང་སེམས་ལ་བརྐོས་པའི་ཆོད་སེམས་དེས་འགྲིག་པཱ།།
སྙན་དང་གྲགས་པ་ཁོ་ན་ལ་འབད་པའི་མིང་བྱང་དེ་མི་བརྩོན།།
རྒྱུ་འབྱོར་རྐྱང་གིས་བག་ཕེབས་དང་བྲལ་བའི་ཧམ་སེམས་ང་མི་དགོས།།
ཐོབ་དང་གོ་སའི་དབང་ཐང་ལ་རེ་བའི་རྨོངས་འཆར་ཡང་མི་སྒོམ།།
གང་ཅི་མངའ་བ་བདེ་སྐྱིད་དུ་འཛིན་པའི་བསམ་བྱ་འདིས་ཆོག་པཱ།།
འཚོ་གནས་དོར་ཞིང་ས་ལམ་ལ་བགྲོད་པའི་འདུན་པ་ངས་མི་སེམས།།
འཇིག་རྟེན་སྒྱུ་མའི་མཛུབ་རྩེ་རུ་འདྲེན་པའིི་སྟོང་འདང་ངས་མི་རྨི།།
དེང་ལ་དགའ་ཞིང་འཕྲུལ་ཆས་ལ་སྨོན་པའི་གཡབ་མོ་ངས་མི་གཡུག །
སྐྱིད་ལ་སྡུག་པའི་འཇིག་རྟེན་གྱི་མྱོང་རོལ་ཁོ་ནས་ང་ཚིམ་པཱ།།
གང་ཞིག་ཐོབ་འདོད་རེ་དོགས་ཀྱི་སེམས་པ་གཏན་ཏུ་ངས་མི་སྒོམ།།
ཅི་ཞིག་འཇོན་མདོག་རང་རློམ་གྱི་འཁྲེགས་འཛིན་ཀུན་ནས་ང་མ་མཁོ།།
སུ་དང་གང་ལ་མཐོང་ཆུང་གི་ལྟ་བ་གཏན་དུ་ནས་མེད་པར།།
བདེན་པ་གང་ལ་ཚེ་སྲོག་གིས་གཅེས་པའི་ལངས་ཕྱོགས་དེས་ཚིམ་པཱ།།
ཆེན་པོའི་མདུན་དུ་གཡོ་ཟོལ་གྱིས་བཏུམས་པའི་སྨིན་མ་ངས་མི་གཡོ།།
ཉམ་ཆུང་དག་ལ་མཐོང་ཆུང་གིས་བསླུས་བའི་ལྕག་ཚན་ང་མི་འོས།།
རང་ལྟ་མཆོག་འཛིན་འདུ་ཤེས་ཀྱིས་བསྐྲུན་པའི་ཞ་མོ་ངས་མི་གོན།།
ཕལ་བའི་མི་ཚེ་མཛེས་སྡུག་ཏུ་རློམ་པའི་ཆོད་སེམས་དེས་འགྲིག་པཱ།།
མཛེས་པའི་སྙན་གྲགས་ཡུལ་ལུང་དུ་གྲགས་པའི་བུ་མོ་ཚོ་མི་ལོ།།
ལོངས་སྤྱོད་མཚོ་མོའི་གཏིང་རོལ་དུ་བཟི་བའི་སྲས་མོ་ངར་མི་མཛའ།།
ཁ་དང་ཁོག་པ་གཞི་གཅིག་ཏུ་འདྲེས་བའི་ཡིད་འོང་གི་བྱམས་པར།།
ཚེ་གཅིག་ཁྱིམ་གཅིག་གཏན་གྲོགས་སུ་འགྱུར་བའི་འདོད་འདུན་དེས་འཐུས་པཱ།།