གངས་དཀར་རྒྱལ་སྲས།
བརྩེ་དུང་ནི་རླབས་ཆེན་ཞིག་ཡིན་ཡང་ཨུ་ཚུགས་རྒྱག་ས་ཞིག་གཏན་ནས་མིན། ཡིན་ནའང་ཨུ་ཚུགས་བརྒྱབ་ནས་བརྩེ་དུང་མངོན་གྱུར་བྱུང་བའང་གང་མང་ཡོད་པས་བརྩེ་དུང་ནི་བློས་གཏོང་རྒྱུ་ཞིག་ཀྱང་མིན་པ་འདྲ།
༼ ཨི། ༽
ད་ཁྱོད་ཀྱིས་འདང་ཅི་ཞིག་རྒྱག་རྒྱུ། དོན་ངོ་མ་བཤད་ན་ཁྱོད་ཕམ་སོང་ནི་རེད། ཁྱོད་མ་བསམ་ས་ཞིག་ནས་ཕམ་སོང་ནི་རེད། ཁྱོད་རང་ཉིད་ཀྱི་གྲོགས་པོའི་ལག་ནས་ཕམ་སོང་ནི་རེད། དུས་དེ་ནས་བཟུང། ཁྱོད་ཀྱི་མིག་ལམ་དུ་ཁོམོས་ཁྱོད་ཀྱི་བརྩེ་དུང་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་པར་མཐོང་བ་ནི་ཕྲག་དོག་གིས་བསྐྱེད་པའི་འཁྲུལ་ཤེས་ཤིག་ཀྱང་ཡིན་སྲིད་མོད། ཁྱོད་ཀྱིས་ནམ་ཡང་དེ་ལྟར་འདོད་མ་མྱོང། ཁ་བགད་རུང་ཁོག་ན་སྡུག་དང། མིག་ཁྲ་ཆུང་མཐའ་ན་ཆུ་ཡི་དཔེ་ལྟར། ཁྱོད་ཀྱིས་ད་དུང་བསྟུན་ཤེས་དང་བཟོད་སྒོམ་གྱི་སླུ་བྲིད་འོག་ཏུ་ཕྱི་ཚུལ་བཅོས་མ་ཞིག་གིས་རང་མགོ་རང་གིས་གཡོགས་ནས་བསྟུན་ཐབས་ལ་འབད། ཁྱོད་རང་ཕམ་པ་ནས། ཁྱོད་ཀྱི་ཡོད་ཚད་ཟོལ་བཅོས་ཤིག་ཏུ་སྣང་བ་ལས། ཁྱོད་ལ་དམིགས་ཡུལ་བརྟན་པོ་ཞིག་མེད་ལ། འཚོ་ལམ་གཏན་འཁེལ་ཞིག་ཀྱང་མེད། ད་དུང་འཚམས་ལན་རེར་གསོན་པ་ལས་ཤི་ན་དགའ་བའི་ཚོར་བའང་འབྱུང་མྱོང་བ། ཁྱོད་ཁོ་ན་ལས་གཞན་གང་གིས་ཀྱང་མི་ཤེས་པའི་སྡུག་གི་མནར་གཅོད་ཅིག་རེད། འཚམས་འཚམས་ལ་ཁྱོད་ལ་ཁོག་རྒྱ་ཡངས་ཤིང་བསྟུན་ཤེས་ཆེ་བ་འདྲ་མོད། འཚམས་ལན་རེར། ཁྱོད་ནི་ཨུ་ཚུགས་ཆེ་ཞིང་མཁྲེགས་བཟུང་ཅན་ཞིག་ཀྱང་རེད། མདོར་བསྡུས་ནས་བཤད་ན་ཁྱོད་གླེན་པ་ཞིག་རེད།
༼ ཨུ ༽
ཁྱོད་རང་གཞན་མང་བོ་ཞིག་གིས་མི་ཤེས་པའི་དོན་དག་དེས་ཁྱོད་ལ་ལྷད་མེད་ཀྱིས་མིག་ཆུ་མང་བོ་སློང་མྱོང་ལ། འདང་མི་དཔོག་པའི་དཀའ་ངལ་ཡང་རབས་དང་རིམ་པ་སྤྲད་མྱོང། གང་ལྟར་ཁྱོད་ཕམ་སོང་ནི་རེད། ཕམ་སོང་བ་ཤེས་བཞིན་དུ་ཨུ་ཚུགས་མ་རྒྱག ཁྱོད་ཀྱིས་སྙིང་དམར་པོ་ལག་ལ་བཟུང་ནས་བདེན་དཔང་བྱས་ཀྱང་ཁྱོད་ལ་ཅི་ཡང་ཐོབ་མི་སྲིད། ཁྱོད་ཀྱིས་ཁོ་མོ་མཐོང་ཐེངས་རེར་སེམས་ཀྱི་དཀྱིལ་ནས་དུངས་རུང་ཁོ་མོའི་མིག་ལམ་ལ་ཁྱོད་ནི་རིན་ཐང་ཡང་མེད་པའི་ཅ་ལག་བེད་མེད་ཅིག་དང་འདྲ། ཁྱོད་ཀྱི་སེམས་ནང་ནས་ཇི་ལྟར་དེད་ཀྱང་མི་འགྲོ་བའི་ཁོ་མོས་ཁྱོད་མཐོང་ཐེངས་རེར་ཧ་ཅང་སུན་ཞིང་ཁྱོད་རང་སེམས་ལ་ཤར་ཐེངས་རེེར་སེམས་ནས་ཁྲོ་བཞིན་ཡོད་ངེས། ཁྱོད་རང་ནམ་ཡང་བརྩེ་དུང་གི་མཐོང་ཆུང་དང་བརྙས་བཅོས་ལྟ་བུའི་ཚོར་བའི་འོག་ནས་འཚོ་དགོས་པ་ནི་ལས་དབང་ཞིག་ཀྱང་ཡིན་པ་འདྲ་ལ། སྟེས་དབང་ཞིག་ཀྱང་ཡིན་པ་འདྲ།
༼ ཨེ ༽
ཁྱོད་རང་དགའ་ས་དེ་རྡོ་གོར་མོ་ཞིག་ཡིན་ཀྱང་ད་ཕལ་ཆེར་གས་ཀ་ཞིག་ཤོར་ཡོད་ངེས་ལ་ཤིང་སྐམ་པོ་ཞིག་ཡིན་ཀྱང་མདུད་པ་རྒྱག་ཆོག་པའི་ཚད་དུ་ཡོད། ཡིན་ནའང་ཁྱོད་ལ་ཡོད་ཚད་ལྡོག་ཕྱོགས་སུ་སོང་བ་འདི་ལ་སུས་ཀྱང་འགྲེལ་བཤད་རྒྱག་མི་ཤེས། ཁྱོད་ཀྱིས་འཁང་ར་བྱེད་སའང་བརྩེ་དུང་གི་ཕམ་ཉེས་མིན་པར་བརྩེ་དུང་གིས་ཁྱད་གསོད་དང་མཐོང་ཆུང་བཟོད་མ་ཐུབ་པ་དེ་རེད། ད་གང་ལྟར་ཁྱོད་ཀྱིས་འདང་གསར་བ་ཞིག་རྒྱག་དགོས། བློས་ཐུབ་ཀྱི་གྲོགས་པོའི་འདང་བརྩེ་དང་ཁོ་མོར་བཅངས་པའི་དུང་སེམས་ཀྱི་རི་མོ་མི་འཇིག་རྡོ་རྗེ་བྲག་ལ་བརྐོས་ནས། ཤི་གསོན་གཉིས་ལས་གཅིག་འདེམས་རྒྱུ་དང་འགལ་འབྲེལ་གཉིས་ལས་གཅིག་འདེམས་རྒྱུ་དེ་ཡིན་མོད། དེའང་ལས་མི་སླ་སྟེ་དང་པོ་གཉིས་ཀྱི་གདམས་ང་རང་དབང་ལ་ཡོང་ནའང་རྗེས་མ་གཉིས་ཀྱི་གདམས་ང་ནམ་ཡང་ཁྱོད་ལ་མེད། དེ་ནི་ཁྱོད་ཀྱི་ལྷད་མེད་བརྩེ་དུང་གིས་བྱིན་པའི་མནར་གཅོད་དང་རང་སྡུག་རང་གིས་ཉོས་པའི་མཇུག་འབྲས་ཉག་ཅིག་རེད།
༼ ཨོ ༽
ཆོས་ཕྱོགས་ནས་བཤད་ན་ཁྱོད་ཀྱིས་མོ་ལ་སྐྱེ་བ་སྔོན་མར་བུ་ལོན་ཆད་ཡོད་ཅེས་ཟེར་ལ་དངོས་ཡོད་གནས་ཚུལ་ལས་བཤད་ན་ཁོ་མོས་ཀྱང་ཁྱོད་ཀྱི་འདོད་པ་ལ་དེ་འདྲའི་རྒྱབ་འགལ་ནག་པོ་ཞིག་བྱེད་དགོས་དོན་མེད་ལ། ཁོ་མོས་ཁྱོད་ལ་ངོས་ལེན་ཞིག་བྱས་ན་ཁྱོད་ཀྱི་མི་ལེགས་པའི་ཆ་ཚང་མ་མོ་ལ་འབྱར་མི་སྲིད་ལ། མོའི་ལེགས་པའི་ཆ་རེ་ཟུང་ཁྱོད་ལའང་འབྱར་མི་འགྲོ། ལྷག་པར་དུ་མོ་མི་གཅིག་ལས་བསམ་རྒྱུ་མེད་མཁན་ཞིག་ཡིན་ན་མོ་ལ་ཁག་མེད་ཀི། དེའི་རྐྱེན་གྱིས་ཁྱོད་ཀྱིས་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་འཆི་གསོན་གཉིས་ལས་གཅིག་འདེམས་རྒྱའང་མགོ་ལ་ཡང་ཡང་ཡོང་གི་ཡོད་པ་འདྲ། གསོན་པ་ལས་ཤི་ན་དགའ་བའི་ཚོར་བའང་ཡོང་གིན་ཡོད་པ་འདྲ། འོན་ཀྱང་། མོ་ལ་མཚོན་ན་ཁྱོད་ཀྱིས་ཚོར་བ་བདེ་སྡུག་ཅི་ཞིག་མྱང་གིན་ཡོད་མེད་དང་འཆི་གསོན་གང་ཞིག་ལ་གདམས་ང་བྱེད་པ་སོགས་འབྲེལ་མེད་དོན་གཞན་ཞིག་ཀྱང་ཡིན་སྲིད། དེའི་ཕྱིར་ཁྱོད་ཀྱིས་འདང་ཡག་པོ་ཞིག་རྒྱག་དགོས།་ངེས་པར་དུ། གཅིག་བྱས་ན་ཁྱོད་འཆི་ལམ་འདེམས་རྒྱུ་དེ་མོའི་སེམས་ཀྱི་འདོད་པ་ཞིག་ཀྱང་ཡིན་སྲིད། ཁྱོད་ལ་ད་དུང་ཨ་མ་སོགས་ཕུ་ནུ་མིང་སྲིང་མང་བོ་ཞིག་ཡོད་པ་མིན་ནམ། ཁྱོད་ཀྱིས་རང་ཉིད་ཀྱི་བརྩེ་དུང་གི་ཆེད་དུ་ཁོ་ཚོ་སྡུག་ལ་གཏད་མི་ཉན་ཡ།
མ་རེག་པ་ཞིག་ལ་འཆོར་རྒྱུ་ཞིག་ཡོད་ནོ་ར་མཚར་གི
ཨ་ཁུ་རྒྱལ་སྲས་ཚང་གིས་སུ་ལ་བྲིས་གནང་བ་མི་གསལ་བས་་་རང་ཉིད་ཀྱིས་རང་ལ་བྲིས་པ་མིན་པའི་སྨོན་འདུན་ཙམ་ལས་གཞན་ཅི།
མ་གཞི་ནས་་་བརྩེ་དུང་ནི་སུས་ཀྱང་མི་མཐོང་བའི་གསོན་འདྲེ་མགོ་བདེ་ཅན་ཞིག་ཡིན་ལ་་་་་སུས་ཀྱང་ཚོར་དཀའ་བའི་རྒྱལ་སྲས་བྱམས་སེམས་ཅན་ཞིག་ཀྱང་རེད་ལ།
ཇི་ལྟར་བཤད་ཀྱང་རང་ཉིད་ཀྱི་ཚོར་བ་སྐྱིད་པོ་ཞིག་གི་ཆེད་དུ་རྩེ་དུང་སྐྱེ་བ་ཡིན་པའི། རྩེ་དུང་ནི་རང་ཁོ་ནས་ཆེད་དུ་ཡིན་པས་རང་ཉིད་ཀྱིས་རང་ཉིད་ལ་ཁ་ཡ་བྱེད་དགོས་པས་གཞན་སུ་ལ་འཁང་ར་བྱེད། གཞན་དུ་ན་འབུ་སྲིན་དང་རྦལ་བ་སོགས་ལ་ཡང་ཅེས་ཕྱིར་རྩེ་དུང་སྐྱེ་མི་ཆོག། རྩེ་དུང་དེ་ནི་སྐྱེ་བོ་ཐམས་ཅད་ལ་གཅིག་མཚུང་སུ་ཡོད་པའི་ཁྱོད་གཅིག་པུ་མིན་ཀྱང། སྐད་ངར་དེ་ཕྲད་མིན་ནི། རྩེ་དུང་ལ་གདོང་ལེན་གྱིས་ནུས་པ་ཡོད་མེད་ལ་ཐུག་གོ།
དེང་སང་དྲ་ཐོག་གི་རྩོམ་པ་པོ་ཚོས་ཡིག་ནོར་གྱི་ཕྲེང་བ་བསྟུད་མར་བསྟར་འདུག་པ་འདི་ཡ་མཚན་རེད་ཡ་
བརྩེ་དུང་ཟེར་བ་ནི་རང་ཉིད་ཀྱི་འདོད་ཆགས་ལ་ཚོད་འཛིན་བྱེད་མ་ཐུབ་པ་དེ་ཡིན་པས་འུ་ཅག་གི་རྒན་གཞོན་སྐྱ་སེར་མེད་པར་ཐ་ན་འཛིན་གྲྭ་ལྔ་བ་དྲུག་པའི་སློབ་ཕྲུག་ཕོ་མོ་ཡན་ཆད་ལ་འང་བརྩེ་དུང་ཟེར་ནས་ཚོར་བ་དྲག་པོ་ཞིག་འདུག། འདི་དག་ཚང་མ་་མཐར་གཏུགས་ན་འདོད་ཆགས་ཀྱི་ཆར་གཏོགས་ལས་མ་འདས། གང་ལྟར་ང་ཚོའི་དུས་རྒྱུན་དུ་ཁ་ལ་གོམས་བསྡད་ཡོད་པས་བརྩེ་དུང་ཟེར་བ་ནི་འདོད་ཆགས་ཞིག་ཡིན་པས་དེ་དང་དུ་བླངས་ན་སྡུག་བསྔལ་དང་དུ་བླངས་ཡིན་པས་དེ་ནི་མི་འདོད་བཞིན་དུ་རང་ཉིད་ཀྱིས་ཁས་བླངས་བ་རེད།
རྒྱལ་སྲས་ལགས་ཀྱིས་འཇག་རྩོམ་དེ་ཧ་ཅང་སྙན་ཞིང་དེ་ཀློག་སྐབས། ཕལ་ཆེར་ཁྱེད་ཀྱི་གྲོགས་པོ་ཞིག་ལ་བརྩེ་དུང་གི་གོད་ཆག་ཆེན་པོ་ཞིག་བྱུང་བ་མིན་ནམ་སྙམ། གང་ལྟར་རྩོམ་དེ་ནི་ཤིན་ཏུ་སྙན་ལ་གསོན་ཉམས་ཧ་ཅང་དོད་པ་ཞིག་འདུག
རེད་ཡ།་གྲོགས་པོ་ཚོ། བརྩེ་དུང་ནི་གདེངས་འཇོག་བྱེད་ས་ཞིག་ཡིན་ལ་ཉམས་པར་འཇོག་དགོས་ས་ཞིག་ཀྱང་ཡིན། བརྩེ་དུང་ཁྱད་གསོད་བྱེད་ཐུབ་ན་་ཁྱོད་ཀྱིས་གཞན་སྣང་མེད་དང་ངོ་རྒོལ་བྱེད་མི་ཐུབ་ས་ཕལ་ཆེར་ཡོད་རྒྱུ་མ་རེད།་དེ་འདྲ་ཞིག་རེད་དམ།