བོད་ཀྱི་ཆོས་ལུགས་རིས་མེད་ཀྱི་བླ་ཆེན་ཡོངས་དང་། གཞིས་བྱེས་སེར་སྐྱ་ཡོངས་ལ།
ཀི་རྟི་ཁུལ་ལ་ངེད་ཚོའི་མི་དམངས་ཀྱིས་མྱོང་བཞིན་པའི་བཙན་གནོན་དང་། འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་ལ་སེམས་གཏིང་ནས་སྡུག་མཉམ་ཁྱེར་གྱི་འགན་ཁྲི་ལེན་རྒྱུ་ཡིན་ལ། དེ་བཞིན་ཁོང་ཚོའི་ཞུམ་མེད་ཀྱི་སྙིང་སྟོབས། ཁོང་ཚོའི་བསམ་ཡུལ་ལས་འདས་པའི་ཆོད་སེམས་ལ་ཡི་རངས་ཞུ་རྒྱུ་ཡིན། ཁོང་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་འདུན་པ་ཆེ་ཆེར་སྐྱེས་ནས། ད་རེས་ཞུ་བ་འདི་འབུལ་བཞིན་ཡོད།
ཐུགས་རྗེ་གཟིགས། རྔ་བ་ཀི་རྟི་ཁུལ་གྱི་མི་དམངས་ནས་རང་ལུས་བཞུ་འབུལ་གྱི་ངོ་རྒོལ་གནང་བ་དེར་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་རོགས། ཆོས་སྲིད་གང་གི་ཐད་ནས་བསམ་བློ་བཏང་ཡང་ཐབས་ཤེས་འདི་འཇིགས་སྣང་ཆེ་ལ། ཕན་ནུས་ཆུང་བ། རང་ལ་ཕམ་པ་ཆེ་ལ། དགྲ་བོར་གནོད་པ་ཆུང་བ། སྒེར་ལ་ཕོག་སྡུག་ཆེ་ལ། སྤྱི་པར་ཁེ་ཕན་ཆུང་བ། བོད་པར་ཤིན་དུ་གྱོང་གུན་ཆེ་ལ། རྒྱ་ལ་གནོད་པ་ཆུང་བའི་ཐབས་ཤེས་ཞན་པོ་ཞིག་རེད་འདུག ང་ཚོའི་འདས་ཟིན་པའི་སྤུན་ཟླ་ཚོའི་སྲོག་གི་རིན་ཐང་དེ་ཚོར་འཇལ་ཐབས་མེད་པ་དང་། ཚེ་སྲོག་དེ་དག་ནི་ཤོར་ཟིན་པ་ལ་འགྱོད་པ་བླ་མེད་ཡོང་བའི་མུས་ལ། ད་ནས་ཤོར་མ་དགོས་པའི་རྩོལ་ལེན་བྱེད་དགོས་ཀྱི་འདུག
རང་སྲོག་དོར་བའི་ཐབས་ཤེས་འདིས་ང་ཚོ་ཁྱིམ་ཚང་རེ་རེའི་ནང་སྡུག་བསྔལ་གྱི་ཆོ་ངེ་དང་། ཡིད་ཆད་ཀྱི་དབུགས་རིང་ཁོ་ན་འབུད་པ་ལས། རེ་བ་དང་། བློ་སྐྱེད། མ་འོངས་པའི་འདུན་ལམ་ཞིག་བསྟན་ཐུབ་ཀྱི་མིན་འདུག
ང་ཚོས་འདས་ཟིན་པའི་སྤུན་ཟླ་ཚོའི་སྐུ་ཚེ་ཤོར་བར་ནོངས་འགྱོད་དང་། ཁོང་རྣམས་ཀྱི་ཕ་མ་སྤུན་མཆེད་ལ་སེམས་གཏིང་ནས་གདུང་སེམས་མཉམ་སྐྱེད་བྱེད་པ་དང་། འདས་པོ་ཚོའི་རེ་བ་ཆུད་ཟོད་ལ་མི་གཏོང་བ་དང་། དེ་བཞིན་ད་ལྟ་འཚར་ལོངས་ཡོང་བཞིན་པའི་ན་གཞོན་ཚོར་བློ་སྐྱེད་གསར་པ་དང་། རེ་བ། ཕུགས་བསམ་བཅས་སྐྲུན་ཆེད། མཐུན་སྒྲིལ་དང་། གཅིག་ཕན་གཅིག་རོགས་བྱ་རྒྱུ་ཡིན་ལ། དེ་བཞིན་ཕུགས་ཀྱི་ཐབས་ལམ་ཞིག་རྙེད་པར་བསམ་བློ་དང་ཐབས་ཤེས་མང་པོ་འཚོལ་གྱི་ཡིན། འགྲོ་ལམ་གསར་པ་ཞིག་བརྙེད་པར་འབད་རྩོལ་བྱེད་ཀྱི་ཡིན་ལ། རྙེད་པའི་སྤོབས་པ་ཡང་ང་ཚོ་མི་རིགས་འདི་ལ་ཡོད། དེར་བརྟེན། ཁོང་རྣམས་ལ་ཕྲལ་དུ་རང་ལུས་བཞུ་འབུལ་བྱེད་པའི་ལས་འགུལ་དེ་མཚམས་འཇོག་ཡོང་བའི་སྐུལ་མ་གནོངས་རོགས།
སེམས་ལ་སྡུག་བསྔལ་དང་། འགྱོད་པ། བློ་ཕམ་བཅས་ལ་སོང་། ཚིག་གི་བརྗོད་པ་དང་དོན་གྱི་གསལ་ཁ་ཡག་པོ་ཡོང་གི་མིན་འདུག་ཀྱང་། ད་དུང་མ་འོངས་པའི་བོད་མིའི་སྲོག་ཇི་ཙམ་སྐྱོབ་ཐུབ་ན་ཨང་སྙམ་ནས་ཞུ་བ་འདི་འབུལ་བར་ཐལ་སོང་བས། རོགས་རམ་གནོངས་རོགས་མཛོད།
ཐུགས་རྗེ་ཆེ།
ཆོས་ལུགས་ཁག་གི་བླ་ཆེན་རྣམས་ཀྱིས་ཐུགས་ཁུར་དང་འབོད་བསྐུར་ཡག་པོ་བྱས་འདུག་ཆོས་ལུགས་ཁག་གི་བླ་ཆེན་རྣམས་ཀྱིས་འདི་འདྲ་བྱས་ན་མིང་དང་དོན་མཐུན་གི་སྐྱབས་སུ་མཆེ་ད་དུང་མི་མཐུད་ནས་ཐུགས་བསམ་གནང་རོགས་འུ་ཅག་གྲངས་ཉུང་མི་རིགས་ཞིག་གིས་འདི་འདྲ་མི་མཐུད་ནས་མེ་སྲིད་གཏང་ན་དེ་འདྲ་་བློ་ཡང་ཕེམས་པ་ལ
བོད་པ་སྤི་སྒེར་གཉིས་ཀར་ཤིན་དུ་གྱོང་གུན་ཆེ་བས། རང་ལུས་བཞུ་འབུལ་གྱི་ངོ་རྒོལ་མཚམས་འཇོག་གནོངས་རོགས། དགོངས་དག ཐུགས་རྗེས་གཟིགས།
རྩོམ་པ་པོའི་མིང་མེད་པའི་རྩིམ་ཡིག་འདི་འདྲ་ནི་གང་ཡིན་འདི་ཡིན་མི་འདུག རྗེས་སུ་རྩོམ་ཡིག་སྤེལ་ན་རྩོམ་པ་པོའི་མིང་བཀོད་རོགས།
སྐད་ཆ་འདི་རིགས་ནི་སོ་སོ་རང་དབང་ལུང་པར་བསྡད་ནས། གཞིས་ལུས་བོད་མིའི་གཞན་དབང་འོག་གི་དཀའ་སྡུག་མ་རྟོགས་པའི་སྐད་ཆ་རེད། འུ་ཐུག་པ་རེད་མ་རྟོགས་རང་གི་ཚེ་སྲོག་ལ་གཅེས་སྐྲས་མི་ཤེས་མཁན་སུ་ཞིག་ཡོད། བཙན་བྱོལ་བོད་མིའི་ཁྲོད་ཁ་རྒྱག་པ་མ་ཤོད་ཞེས་པའི་བཤད་སྲོལ་ཞིག་ཡོད་པ་དེ་ངས་ནི་འདི་འདྲ་ལ་གོ་དགོས་པར་འདོད།
སྐད་ཆ་འདི་རིགས་ཀྱིས་རང་ལུས་མེ་སྲེགས་ཀྱི་ལས་འགུལ་སྤེལ་མཚམས་འཇོག་ཁག་པོ་ཞིག་ཏུ་རེད། དེ་ལས་རེ་བ་ཞུ་མཁན་རྣམ་པའི་ངོས་ནས་ཕ་ཡུལ་ལ་རང་དབང་དང་རང་བཙན་གྱི་རེ་བ་རྩ་ནས་མེད་པས་རྒྱ་ནག་གུང་ཁྲན་ལ་མགོ་འབུལ་ལུས་འབུལ་བྱས་ཏེ་འཚོ་བ་ཨེན་ཙམ་རེ་བསྐྱལ་ན་དགའ་ཞེས་འབོད་སྐུལ་གནང་ཐུབ་ཡག་པོ་མེད་འགྲོ
རྩོམ་པ་བོའི་མིང་ཡོད་ན་ཆོག་མེད་ན་རུང་ཁོང་གིས་བཤད་པ་བདེན་པ་རང་རེད། ངས་རང་གི་གྲོགས་པོ་དང་།
འབྲེལ་ཡོད་སུ་ཡིན་ན་ལས་འདི་འདྲ་མ་བྱོས་ཐབས་ལམ་གཞན་ཞིག་ནས་འགོ་འཛིན་དགོས་ཞེས་བཤད་དང་ཤོད་ཡོད། གཅིག་བྱས་ན་གོང་གི་སྒྲོག་མཁན་ཀིརྟི་ཚང་གིས་བསམ་བློ་བཏང་ནས་བཤད་པ་ཡིན་སྲེད།
རབས་བྱུང་ན་རྔ་བ་མི་སྐོར་ཅིག་གིས་མཉམ་གཅིག་ཏུ་རྔ་བའི་སློབ་མ་ཚོས་རང་གི་ས་ཆ་ནས་བོད་ཡིག་
སློབ་དགོས་པ་མ་གཏོགས་་ཁྲི་ཏུན་ནས་སློབ་དགོས་པའི་གོང་གི་བཀའ་ཡིག་འགྱུར་བ་གཏོང་རན་རེད་ཅེས་
ཤོད་ན་དགེ་ཕན་ཆེ། རྒྱུ་མཚན་ཁྲིམས་དང་མཐུན་པ་མང་བོ་བཤད་རྒྱུ་ཡོད།
“རང་སྲོག་དོར་བའི་ཐབས་ཤེས་འདིས་ང་ཚོ་ཁྱིམ་ཚང་རེ་རེའི་ནང་སྡུག་བསྔལ་གྱི་ཆོ་ངེ་དང་། ཡིད་ཆད་ཀྱི་དབུགས་རིང་ཁོ་ན་འབུད་པ་ལས། རེ་བ་དང་། བློ་སྐྱེད། མ་འོངས་པའི་འདུན་ལམ་ཞིག་བསྟན་ཐུབ་ཀྱི་མིན་འདུག”ཐུགས་ཁག་མེད་ཤ་ཉེ་འབྲེལ་རིགས་ལ་ལྷག་པར་ཐུགས་ཁག་མེད། རྩ་ཆེའི་ཚེ་སྲོག་དག་རང་ལ་ན་ཟུག་གི་སྡུག་བསྔལ་དང་བཅས་བློས་གཏོང་བ་འདིར་སེམས་ནས་བཟོད་དཀའ་བ་ཡིན་ཐག་ཆོད། ངོ་མ་ཁག་མེད། ངོ་རྒོལ་གྱི་རྣམ་པ་གཞན་དུ་སྒྱུར་རྒྱུར་ང་ཚོས་སྐུལ་མ་བྱེད་དགོས་ངེས་ཤིག་ཀྱང་རེད།
འོན་ཀྱང། ཚེ་སྲོག་དེ་དག་ཧ་ཅང་གཟི་བརྗིད་དང་རླབས་ཆེའི་བྱ་གཞག་ཅིག་གི་ཆེད་དུ་བཏང་བ་ཡིན་པས། དོན་མེད་ཆུད་ཟོས་སུ་གྱུར་བ་ལྟ་བུར་ངོས་འཛིན་ག་ལ་རུང། དེ་འདྲ་ཞིག་གཏན་ནས་མིན། གལ་ཏེ་ང་ཚོས་དེ་ལྟར་ངོས་བཟུང་ན་གཤེགས་ཟིན་པའི་དཔའ་བོ་ཚོའི་ཐུགས་འདུན་ལ་རྩིས་མེད་བཏང་བ་མིན་ནམ། ཁོང་ཚོ་ཡང་ཐུགས་མི་ཕམ་མམ། འདི་དག་གིས་བོད་མི་ཡོངས་ཀྱི་སེམས་པ་བསྒུལ་བྱུང། རྒྱ་གཞུང་གི་སྙིང་ལ་ན་ཟུག་བསླངས་ཡོད། ང་ཚོར་སྐུལ་ལྕག་དང་རེ་སྤོབས་སྦྱིན་ཡོད། བཟོད་དཀའི་གདུང་བ་ཅི་ཙམ་ཆེ་ན་ཡང་ཚེ་སྲོག་གི་རིན་ཐང་དེ་བས་ཀྱང་ཆེ་བར་ངོས་འཛིན་དགོས། འདི་ནི་ངོས་འཛིན་ཡང་དག་ཅིག་ཡིན།
ཅི་དྲག་ན་རང་ཤི་མ་བརྒྱབ་རོག་བྱིས་ངོ་ཚོ་བོད་ནང་ལ་གཞན་དང་མ་འདྲ་བ་སྤུན་མཆེད་དེ་ཚོ་ན་ཚ་ཞིག་གཏང་ན་ནང་མི་དེ་ཚོས་སེམས་སྡུག་ག་ཚད་བྱེད་གི་ཡོད་རེད་། སྒེ་རང་གི་སྡུག་སྔལ་བཤད་མ་དགོས་པ་རེད།
ཚེ་སྲོག་གི་རྨས་སྐྱོན་འདི་ཁོ་ནས་མི་སེམས་སྒུལ་ཐུབ་པས། མཚམས་འཇོག་གི་འབོད་སྐུལ་སུས་བྱ་སྲིད།
ཆབ་བྲག་ཕོ་་ཉས་བཤད་པ་བདེན་པ་རེད། རང་སྲོག་ལས་གཅེས་པ་ཞིག་གང་ན་མེད་པར།ཤེས་བཞིན་དུ་
བོད་དོན་དུ་སྲོག་ཕུལ་བ་་མི་བཟང་གི་ཟེར་ན་རང་གཞན་ཚང་མའི་སྐྱོན་ལོས་ཡིན། འོན་ཀྱང་འདས་པའི་དབའ་བོ་དག་ལོ་རྒྱས་ཐོག་་མ་འོངས་པར་བསུབ་དང་བརྗེད་མི་འོས།
བོད་དོན་ལས་སྟངས་ལ་ཐབས་ལམ་གྲངས་མེད་ཅིག་ཡོད་ཚོད་རེད། གོང་གི་དེ་ཡང་གཅིག་ལོས་ཡིན།
གོ་སྐབས་དང་བསྟུན་ནས་རིམ་གྱིས་འགོྲ་དགོས།
ངོ་རྒོལ་མཚམས་འཇོག? ཨ་ཧ་ཧ། ཞུ་ཧམ་ཆེ་མི་འདུག་གམ། བསྟན་སྲིད་ཆེད་སྐུ་སྲོག་དོར་བ་དེ་དག་བཟི་སྨན་འཐུང་སྟེ་སྨྱོ་མཆོངས་བྱས་པ་ཞིག་ཨེ་ཡིན་ནམ། མི་ཞིག་ལ་རང་གི་སྲོག་ལས་གཅེས་པའི་གཅེས་ནོར་ཞིག་མེད་ལ། རང་གི་སྲོག་ནི་ས་གཞི་གསེར་གྱིས་བཀང་ཡང་བཙོན་བྱ་མིན་མོད། མི་རིགས་ཤིག་གི་སྡུག་བསྔལ་དེ་རང་ལུས་མེ་ལ་སྒྲོན་སྟེ་འཛམ་གླིང་ལ་ངོ་སྤྲོད་བྱེད་པ་འདི་དཔའ་ངལ་དང་སྙིང་སྟོབས་ཤིག་མིན་ན་ཅི་ཞིག་ཡིན།
འདི་ཆོས་སྲིད་གང་གི་ཐད་ནས་”འཇིགས་སྣང་ཆེ་ཚུལ་དང་། སྤྱི་སྒེར་གཉིས་ལ་ཕན་ཐོགས་མེད་”ལུགས་བཤད་པ་ནི་རང་བརྒྱུད་རྒྱ་གདོན་གྱིས་བསླུས་པ་མིན་ན། ཆོས་སྲིད་གང་གི་ཐད་ནས་འཇིགས་སྣང་མེད་ལ་ཕན་རླབས་ཆེ་བའི་འཐབ་རྩོད་ཀྱི་འཐབ་ཇུས་བཏོན་ལ་འཐབ་རྩལ་ངོམས་དང་། གཞི་ནས་དེ་ལྟར་བཤད་པའི་ཐོབ་ཐང་ཡོད། ༡༩༥༠ལོ་ནས་ད་བར་”ང་ཚོ་ཁྱིམ་ཚང་རེ་རེའི་ནང་སྡུག་བསྔལ་གྱི་ཆོ་ངེ་དང་། ཡིད་ཆད་ཀྱི་དབུགས་རིང་ཁོ་ན་འབུད་པ་ལས། རེ་བ་དང་། བློ་སྐྱེད། མ་འོངས་པའི་འདུན་ལམ་མེད་པས”་འུ་ཐུག་ཐབས་ཟད་དེ་རང་ལུས་མེ་རུ་སྦར་བ་མ་ཡིན་ནམ། རང་སྲོག་སྤྱི་དོན་དུ་ཕུལ་བའི་མི་རྣམས་ཀྱི་མཛད་རྗེས་ལ་བསྔགས་བརྗོད་མི་ཕོད་ནའང་བཏང་བསྙོམས་སུ་བཞག་ན་འགྲིག་མོད། རང་ཉིད་མཁྱེན་པའི་བདག་པོ་ཡིན་མདོག་གིས་བཀའ་སློབ་དང་བསླབ་བྱ་ལུ་གུ་རྒྱུད་དུ་སྤེལ་ན་དགོས་པ་ཆུང་།
ཡང་གོང་དུ་”རང་མགོ”ཟེར་བ་ཞིག་གིས་ཐབས་ལམ་གཞན་ཡོད་ཚུལ་བཤད་པས་ཡོད་ན་བཏོན་ཤོག འཕྱི་དྲག་པ་ལས་སྔ་དྲག་མེད། “ཐབས་ལམ་གཞན་ཞིག་ནས་འགོ་འཛིན་དགོས་”ལབ་འདུག་པས་འགོ་ཚུགས་དང་ཁྱོད་བུ་རྒོད་ལ་རྩི། གཞན་རང་མགོ་རུལ་བ་སྣས་མ་ཚོར་བར་རང་རིགས་གཉའ་གནོན་དང་གཅར་རྡུང་འོག་རྩ་མེད་འགྲོ་བཞིན་པ་མ་མཐོང་བར་ད་དུང་བྱེད་ཐབས་ཤིག་ཡོད་མདོག་མདོག་བསྟན་པ་ནི་འགན་ཁུར་མེད་པའི་དན་རྟགས་རེད། རྔ་བ་ལ་སློབ་གསོ་རྒྱག་ཁུལ་བྱེད་པ་ཁྱེད་ལ་བབ་མེད། ད་དུང་བསམ་ཁུང་སྐྱག་ཁུང་ལ་ཐུག་པའི་སྐད་ཆ་གཞན་དེ་འདྲ་བཤད་འདུག ཁྲག་གི་སྦལ་པ་མ་བྱེད། དེང་སང་སྔོན་དང་མི་འདྲ། གངས་ཅན་མཐུན་སྒྲིལ་གྱི་འོ་མཚོ་དཀྲུགས་ན་ཀུན་གྱིས་སྡིག་ཅན་དུ་རྩིའོ།།