གཞུང་པ་ཚེ་དབང་བསོད་ནམས།
ཀ་ཡེ་གསོན་དང་གཞིས་ལུས་སྤུན་ཟླ་ཡིས།།
ཁ་བའི་ཡུལ་དུ་རང་བསྲེགས་བྱ་བ་བརྩམས།།
ག་ནས་བལྟས་ཀྱང་འགྲེལ་བརྗོད་ཐུབ་པར་དཀའ།།
ང་ཚོ་བོད་མིའི་བྱ་སྤྱོད་མ་ནོར་ཞིག །
ཅ་ཅོ་འ་འུར་དཀྲོགས་གཏམ་མང་བ་འདིས།།
ཆ་མེད་མི་རྣམས་མགོ་བོ་འཐོམ་ཉེན་གྱུར།།
ཇ་མར་ཟས་བཅུད་བོད་མིར་བདག་དབང་མེད།།
ཉ་རོ་རྟ་རོ་རྒྱ་ཡི་དམག་མིས་ཟས།།
ཏཱ་ལའི་བླ་མར་དད་གཙང་བརྟན་པས་ན།
ཐ་མའི་རྒྱལ་ཁ་བོོད་མིའི་ལག་ཏུ་སྨིན།།
ད་ལྟའི་སྐབས་སུ་བོད་མིའི་སྡུག་བསྔལ་མྱངས།།
ན་གཞོན་ལོ་ཆུང་རང་བསྲེགས་མ་གཏོང་ཞིག །
པ་སངས་སྙིང་སྟོབས་ཅན་གྱི་གཞིས་སྡོད་ཚོའི།།
ཕ་ཡུལ་དོན་དུ་རང་ལུས་མེ་ལ་བསྲེགས།།
བ་དན་ཕྱོགས་བཅུར་སྒྲེང་ནས་བོད་དོན་བསྒྲགས།།
རྩ་བ་བརྟན་པོའི་ལས་འགུལ་སྤེལ་བསམ་ན།།
ཚ་གྲང་རྣོ་ངར་འཇམ་རྩུབ་སྙོམས་ན་དགའ།།
མཛའ་བརྩེའི་གཏམ་ལ་སྙན་ཆ་མེད་ན་ཡང་།།
ཝ་ལེར་བསམ་དང་གོ་བརྡ་སྤྲད་ཡོད་དོ།།
ཞྭ་རིགས་མི་འདྲའི་འཛམ་གླིང་མི་མང་ལ།།
གཟའ་དང་རྒྱུ་སྐར་བཞིན་དུ་གནས་ལུགས་དཀྲོལ།།
འ་འུར་ངང་ནས་མེར་བསྲེགས་གཏོང་བ་ལས།།
ཡ་རབས་སྤྱོད་པས་ཐབས་ལམ་བཙལ་ན་དགའ།།
ར་བ་གངས་རིའི་ཁྲོད་ཀྱི་རང་བསྲེགས་རྣམས།།
ལ་ལ་མ་ཤི་་དབང་པོ་ནུས་མེད་ཆགས།།
ཤ་ཚ་ཆེ་བའི་ཕ་སྤུན་སྡུག་ལ་སྦྱར།།
ས་སྟེང་འདི་རུ་བོད་མིའི་གནས་སྟངས་སྐྱོ།།
ཧ་ལས་ཧོན་འཐོར་མེར་བསྲེགས་བྱ་བ་འདིའི།།
ཨ་ཁ་དམིགས་ཡུལ་ཇི་བཞིན་འགྲུབ་པར་ཤོག །