གནས་ཚུལ་མཁོ་སྤྲོད་པ། བསོད་ནམས།
ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༩ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་༨ པ་ཡས་མས་སུ། མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་རང་ལོ་༡༦ ཡིན་པ་རྒྱལ་གཅེས་དཔའ་མོ་བན་ཆེན་སྐྱིད་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག བོད་མི་མང་ཁྲི་ལོ་བརྟན་པར་ཤོག ཅེས་སོགས་ཀྱི་སྐད་འབོད་གནང་བཞིན་རྒྱ་གཞུང་གི་བཙན་གནོན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་ངང་རང་ལུས་མེར་སྲེག་བཏང་ནས་སྐུ་གྲོངས་ཡོད་པ་དང་། དུས་སྐབས་དེའི་མཚན་མོ་ནས་བཟུང་ས་གནས་དེར་རྒྱ་གཞུང་གི་དམག་མི་ཕོན་ཆེན་སླེབས་སྟེ་བན་ཆེན་སྐྱིད་ཚང་གི་མཐའ་བསྐོར་དེ་ནང་མི་ཕྱི་ལ་མ་བཏང་བ་དང་། ཕྱི་མི་མྱ་ངན་ལ་ཕེབས་མཁན་ཚོ་ནང་དུ་མ་བཏང་བར་དཀའ་ངལ་མང་པོ་འཕྲད་ཡོད་པ་མ་ཟད། དམ་དྲག་ངང་ཁོ་མོའི་སྐུ་པར་སོགས་རྒྱ་གཞུང་གིས་བཙན་འཁྱེར་བྱས་ཡོད་པ་དང་། བན་ཆེན་སྐྱིད་ཀྱི་སློབ་གྲོགས་ཚོར་ཡང་ས་གནས་ཉེན་རྟོག་པས་སྔོག་གཤེར་གྱིས་འདྲ་པར་སོགས་བཙན་འཕྲོག་བྱས་ཡོད་པ་སོགས་ལ་བརྟེན་ད་ལྟ་བར་དུ་ཁོ་མོའི་འདྲ་པར་ཕྱི་ལ་ཐོན་མ་ཐུབ་པ་རེད། ས་གནས་ཉེན་རྟོག་པས་བསུན་གཙེར་འོག་ད་ལྟའི་ཆར་ཡང་ཁོང་གི་ཕ་མ་གཉིས་དང་སྤུན་མཆེད་ཚང་མ་སྐྱོ་གདུང་གིས་མནར་བཞིན་གསང་སྟབས་ངང་མྱ་ངན་ལ་ཕེབས་མི་དག་ལ་བརྗོད་མི་ཐུབ་པའི་སེམས་ཚོར་དྲག་པོ་སྐྱེས་ཡོད་འདུག
བན་ཆེན་སྐྱིད་ནི་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་གཉིས་པའི་དམའ་རིམ་དང་པོའི་འཛིན་རིམ་གཉིས་པའི་སློབ་མ་ཡིན་པ་དང་། ཁོང་མོའི་ཕ་མིང་ལ་བསོད་ནམས་ཚེ་རིང་དང་མ་མིང་ལ་གསེར་མོ། སྤུན་མཆེད་གཉིས་ཡོད་པ་ལས་མོ་རང་འབྲིང་བ་དེ་ཡིན་འདུག ཁོང་མོ་ནམ་རྒྱུན་སློབ་སྦྱོང་ཐོག་བརྩོན་པ་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་མི་རིགས་ཀྱི་ལར་ཞེན་དང་བོད་རྒྱའི་གནད་དོན་ཐོག་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག
སྤྱི་ལོ་༢༠༡༢ ཕྱི་ཟླ་༡༡ ཚེས་༡༧ ཉིན་གྱི་བོད་ནང་གི་ཉིན་རྒྱབ་ཆུ་ཚོད་༤ ཡས་མས་སུ་རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ཀྱིས་རེབ་གོང་ཁུལ་དགའ་བདེ་ཁྲོམ་རའི་བྱང་སྒོའི་ཁ་གཏད་སྲང་ལམ་དུ་ཡོད་པའི་རྒྱ་གཞུང་ཁྲལ་བསྡུ་ལས་ཁུངས་ཀྱི་སྒོ་ཁ་ནས་རྒྱ་གཞུང་གི་གདུག་རྩུབ་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་གྲོངས་ཡོད་པ་དང་། སྐབས་ཐོག་དེར་བརྒྱུད་ལམ་སོགས་དམ་བསྒྲགས་ཆེ་རུ་སོང་ཞིང་རེབ་གོང་རྫོང་དང་གྲོང་རྡལ་རིམ་པའི་མགོ་ཁྲིད་ལས་བྱེད་སྐོར་ཞིག་ཁ་རྒྱ་ཚ་འོག་མའི་སྡེ་དཔོན་(རྒྱ་དཔོན)་གྱི་གཞིས་ཁྱིམ་དུ་གནས་ཚང་བཅས་ཏེ་ལྟ་སྲུང་བྱེད་བཞིན་ཡོད་པ་དང་། སྡེ་འདབས་སུ་ཉིན་མཚན་གཉིེས་ཀར་༼མི་དམངས་དྲག་ཆས་ཉེན་རྟོག་པས༽་སོ་ལྟ་ནན་མོར་བྱེད་བཞིན་ཡོད་སྟབས། སྐབས་དེར་འདྲ་པར་གསལ་བོར་ཞིག་ལག་སོན་མ་བྱུང་བས་བསྐྱར་དུ་བོད་ནང་ལ་འབྲེལ་བ་བྱས་ཏེ་དཔའ་མོ་ལྕགས་མོ་སྐྱིད་ཀྱི་སྐུ་པར་འདི་ཕྱི་ལ་ཐོན་ཐུབ་པར་བྱུང་ཡོད།
རྒྱལ་གཅེས་དཔའ་མོ་ལྕགས་མོ་སྐྱིད་ལགས་ནི་རང་ལོ་༢༦ ཡིན་པ་དང་། འཁྲུངས་ཡུལ་ནི་མདོ་སྨད་རེབ་གོང་མཆོད་རྟེན་གྱི་འདབས་རོལ་ན་ཡོད་པའི་ཁ་རྒྱ་ཚ་འོག་མ་ཞེས་པའི་གྲོང་ཚོ་དེ་ཡིན། ཁོང་མོའི་ཨ་ཕའི་མིང་ལ་འབྲུག་བྱམས་དང་ལོ་༧༦། ཨ་མའི་མིང་ལ་སྒྲོལ་མ་འཚོ་ལོ༧༡ ཡིན་འདུག ཁོང་ལ་ཕུ་བོ་དང་གཅེན་མོ་ལྔ་ཡོད་དེ། ཚེ་སྒྲོན་དང་། ལྷ་མོ་མཁར། པད་མ་དོན་འགྲུབ། སྙིང་འབུམ་དོན་འགྲུབ། ལྷ་ལུང་མཚོ་བཅས་ཡིན་འདུག ཁོང་མོར་བྱིས་པ་བུ་གཉིས་ཡོད་པ་ལས་ཆེ་བའི་མིང་ལ་འཕགས་མོ་རིན་ཆེན་ཟེར་བ་ལོ་༦ ཡིན་པ་དང་། ཆུང་བའི་མིང་ལ་ལྷ་དཔལ་དོན་འགྲུབ་ཟེར་ཞིང་ལོ་༥ རེད་འདུག
ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༢ རེས་གཟའ་ཕུར་བུའི་ཉིན་རེབ་གོང་མདོ་བ་ཞང་ཐོག་ཏུ་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༢༠ ཡས་མས་སུ། མདོ་བ་འབྲོག་ཡོ་ལག་ཡུལ་ཚོའི་རང་ལོ་༡༩ ཡིན་པ་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ཀྱིས། མདོ་བ་ཞང་ཐོག་ཏུ་རང་ལུས་མེར་སྲེག་བཏང་རྗེས་སྐུ་གྲོངས་ཡོད། གནས་ཚུལ་བྱུང་མ་ཐག་ས་གནས་བོད་མི་ཚོས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར། མདོ་བ་དགོན་པའི་གྲྭ་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་དགོན་པའི་དགེ་འདུན་པའི་སྦྱིན་སྲེག་བྱེད་སར་སྐུ་ཕུང་ཞུགས་འབུལ་བྱས་ཡོད་པ་དང་། སྐབས་དེར་དམག་མིའི་རླངས་འཁོར་༧ ས་གནས་སུ་འབྱོར་ཏེ་གདུང་སེམས་མཉམ་བསྐྱེད་ཆེད་ཕེབས་མི་རྣམས་བོན་ཁག་ཟམ་ཁ་རུ་དམག་མིས་བཀག་འགོག་དང་དམ་དྲག་བྱས་པར་བརྟེན་ད་བར་དུ་ཁོང་གི་སྐུ་པར་ལག་སོན་མ་བྱུང་བ་དང་། སྐབས་དེར་ཁོང་གི་མིང་ནོར་ནས་བརྒྱུད་ལམ་ཁག་ཏུ་(ཀླུ་འབུམ་རྒྱལ་)བྲིས་ཡོད།
རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ནི། རེབ་གོང་མདོ་བ་ཡོ་ལག་སྡེ་བའི་མི་ཡིན་པ་དང་། དེ་སྔོན་རེབ་གོང་རོང་བོ་དགོན་ཆེན་དུ་གྲྭ་བ་བྱས་ཏེ་རྗེས་སུ་སྐྱ་སར་ཕབ་ཡོད། ཁོང་གི་ཕ་མིང་ལ་ཚེ་གོ་འམ་(དམག་ཚེ་གོ)ཟེར་ཞིང་། ད་ལྟ་རང་ལོ་༦༠ ཡས་མས་ཤིག་ཡིན་པ་དང་། ཁོང་གི་ཨ་མ་ཚེ་ལས་འདས་ཟིན་པ་དང་། ཁོང་ལ་མིང་སྲིང་༧ ཡས་མས་ཤིག་ཡོད་འདུག
ཕྱི་ལོ་༢༠༡༢ ཟླ༡༡ ཚེས་༡༧ ཉིན་གྱི་དགོང་དྲོ་བོད་ནང་གི་ཆུ་ཚོད་༧ ཡས་མས་ཙམ་ལ། རེབ་གོང་མགོན་ཤུལ་ནས་ཡིན་པ་རང་ལོ་༢༤ ཅན་གྱི་རྒྱལ་གཅེས་དཔའ་བོ་གསང་བདག་ཚེ་རིང་ལགས་ཀྱིས། བོདམདོ་སྨད་རེབ་གོང་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཞང་སྲིད་གཞུང་ཡོད་ས་ནས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། སྐབས་དེར་རྒྱ་གཞུང་གི་སོ་སྲུང་མྱུལ་ཞིབ་མི་སྣས་མེ་རུ་འབར་བཞིན་པའི་ཁོང་གི་ལུས་སྟེང་དུ་ཆུ་བྱོ་སྟེ་མེ་གསོད་ཐབས་བྱས་ཡོད་ཀྱང་མ་ཕན་པར་སྐུ་གྲོངས་ཡོད་འདུག སྐབས་དེར་དམ་དྲག་གིས་ཁོང་གི་སྐུ་པར་དང་ཁ་ཆེམས་དངོས་ལག་སོན་མ་བྱུང་ཡང་། ད་ལམ་ཁོང་གི་སྐུ་པར་དང་ཁ་ཆེམས་དངོས་ལག་སོན་བྱུང་བ་ལྟར་ན། ཁོང་སྐུ་མ་གྲོངས་སྔོན་གྱི་ཉིན་བདུན་བརྒྱད་ཙམ་གྱི་དུས་ལ་ཁོང་གི་འདྲ་པར་ཞིག་གི་སྟེང་གྲོགས་པོ་ཞིག་ལ་གློག་ཀླད་ནང་། གདུང་དམར་བོད་ཀྱི་རྒྱུད་པ།། གངས་སེང་དཀར་མོའི་ཚ་བོ།། གངས་རིའི་ཕོ་རྒོད་རྣམ་པ།། གངས་དཀར་ལ་རྒྱ་མ་བརྗེད།། ༢༠༡༢ ལོར་ཞེས་འབྲི་རུ་བཅུག་ཡོད་པ་དང་། ཉིན་གསུམ་གྱི་སྔོན་དེར་སྡེ་བ་ནང་གི་ཕོ་གསར་ཞིག་ལའང་བོད་ལ་རང་དབང་མེད་པ་དང་། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་མ་ཐུབ། ༸པཎ་ཆེན་རིན་པོ་ཆེའང་བཙོན་ལ་བཅུག་ནས་བཞག་ན་འཇིག་རྟེན་འདིར་བསྡད་ཀྱང་སྙིང་བོ་མི་འདུག་ཅེས་ཁ་བརྡ་བྱས་ཡོད་འདུག
རྒྱལ་གཅེས་དཔའ་བོ་གསང་བདག་ཚེ་རིང་ལགས་ནི་རེབ་གོང་རྩེ་ཁོག་མགོན་ཤུལ་སྒར་བ་རུ་ཁག་བརྒྱད་པ་ནས་ཡིན་པ་དང་། ཁོང་གི་ཕའི་མིང་ལ་ཆོས་དབྱིངས་ལོ་༥༡དང་། མའི་མིང་ལ་སྨན་བླ་འཚོ་ལོ་༤༩ སྲིང་མོ་གཅིག་ཡོད་པའི་མིང་ལ་ཚེ་དབྱངས་སྐྱིད་ལོ་༢༩ཡིན་འདུག རྒྱལ་གཅེས་དཔའ་བོ་ཁོང་གི་བཟའ་ཟླའི་མིང་ལ་རྟ་མགྲིན་འཚོ་ལོ་༢༤ ཡིན་པ་དང་། ཁོང་གཉིས་ལ་བུ་གཅིག་ཡོད་པའི་མིང་ལ་འདན་སྐྱབས་ཟེར་ཞིང་ལོ་༣ ཡིན་འདུག སྡེ་བའི་ནང་ཁོང་གི་བཟའ་ཟླ་རྟ་མགྲིན་འཚོའི་མིང་ལ་འཕགས་མོ་འཚོ་ཞེས་ཀྱང་འབོད་ཀྱི་ཡོད་འདུག