འོད། (ཨུ་རུ་སུ།)
ཁ་སང་དུས་བབ་དྲ་ཚིགས་སུ་བཀོད་པའི་ཀླུ་སྨྱོན་གྱི་རྩོམ་ཡིག་དེ་ནི་གུང་ཁྲན་ཏང་གི་ཆེད་དམིགས་རྩོམ་ཡིག་དེ་དག་དང་ཁྱད་མ་མཆིས་པས་བསམ་ཚུལ་འདི་མི་འབྲི་ཐབས་མེད་བྱུང་། ཚེས་བརྒྱད་ཀྱི་དགོང་མོ་ཡ་ང་ཞིང་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཡང་བསྐྱར་བྱུང་། གནས་ཚུལ་འདིའི་རིགས་ནི་རྒྱ་ནག་གི་བཙན་གནོན་འོག་འབྱུང་གིན་ཡོད་ལ། ད་དུང་དོན་རྐྱེན་ནམ་འབྱུང་གི་སྐབས་སུ་རང་ལུས་མེར་སྲེག་གནང་མཁན་དེའི་ཤ་ཉེ་དང་སྤུན་མཆེད་བཅས་བཙོན་དུ་འཇུག་པ་དང་། ཉེ་འཁོར་ནས་སྐྱོབ་འདོད་མཁན་དང་པར་ལེན་མཁན་གང་ཡིན་ཡང་ཉེན་རྟོག་པའི་ལག་ཏུ་ཤོར་ཚེ་འཛིན་བཟུང་བྱེད་ངེས་ཤིང་། མེར་སྲེག་གསར་འགྱུར་ཕྱི་ལོགས་སུ་མི་འཆོར་བའི་ཆེད་དུ་དྲ་ལམ་ཉུལ་ཞིབ་བྱེད་ཀྱིན་ཡོད། དེ་དག་ང་ཚོ་ཚང་མས་ཤེས་གསལ་ཡིན་བཞིན་དུ་ཀླུ་སྨྱོན་གྱིས་དེའི་ཐད་ལ་“དེ་ནི་གསལ་བོར་བཤད་ན། ཁྱོད་ཀྱིས་རང་ལུས་མེར་བསྲེགས་ཐོངས་དང་། ང་ཚོས་ལྟད་མོར་བལྟ་ཆོག ང་ཚོས་པར་རྒྱག་ཆོག ང་ཚོས་བརྙན་ལེན་ཆོག ང་ཚོས་འུར་སྒྲོག་བྱེད་ཆོག་ཅེས་པ་ཞིག་རེད།”ཅེས་བརྙན་ལེན་པ་དེ་ལྟད་མོ་བ་ཙམ་ཡིན་ཚུལ་གྱིས་འཁྱོག་བརྗོད་གླིང་ན་མེད་པ་ཞིག་བྱས་འདུག གལ་ཏེ་སྐྱོབ་ཏུ་རྒྱུགས་ཚེ་ཡོད་ཚད་བཙོན་ཁང་དུ་བཅུག་ནས་གསར་འགྱུར་པར་རིས་ཙམ་ཡང་མཐོང་རྒྱུ་མེད་པར་འགྱུར་ངེས། ཚུལ་དེ་ནི་རྒྱ་གཞུང་གི་འདོད་པ་དངོས་ཡིན་ལ། ཀླུ་སྨྱོན་གྱི་ངོ་པགས་ཀྱང་དམར་རྗེན་དུ་བཤུས་ན་དེ་དང་གཅིག་མཐུན་རེད།
བོད་ཀྱི་བླ་མ་དང་མི་ཆེན་སོགས་བོད་ལ་ཤ་ཚ་བ་མང་བོ་རྒྱ་གཞུང་གིས་ཉེས་མེད་ཉེས་འདོགས་ཀྱིས་བཀྲོངས་ནས། བོད་མི་རིགས་ཀྱི་སེམས་ཁམས་སུ་སྡུག་བསྔལ་རྗེད་དུ་མེད་པ་གྲངས་མེད་བཞག་ཡོད་ལ། རྒྱ་བོད་བར་ལ་མངོན་སུམ་གྱིས་ཐོབ་ཐང་ཧེ་བག་ཆེན་པོ་བཟོས་པས་བོད་མི་གང་མང་ཞིག་གིས་མ་བཟོད་པར་ནང་མི་དང་བུ་ཕྲུག་སོགས་རྒྱབ་ཏུ་བསྐྱུར་ཏེ་རང་དབང་གི་ཆེད་དུ་ཚེ་སྲོག་འབུལ་གྱིན་ཡོད་པ་རེད། རང་དབང་མེད་ཚེ་སྒོར་མོ་དང་། ཟ་མ། གོན་གོས། སྡོད་ཁང་སོགས་ཡོད་ཀྱང་བདེ་སྐྱིད་ཞིག་ག་ནས་ཡོང་། ཚེ་སྲོག་འདི་དག་གིས་ང་ཚོའི་རང་དབང་རྩོད་ཀྱིན་ཡོད་པ་ལས་ལྟོ་གོས་རྩོད་ཀྱིན་མེད་པ་ཤེས་བཞིན་དུ་ཡང་ཀླུ་སྨྱོན་གྱིས་“རང་ལུས་མེར་བསྲེགས་མ་བྱས་ན་འཆི་ལམ་ལས་མེད་པ་དེ་འདྲ་ཞིག་ག་ལ་ཡིན། དཔེར་ན། དེང་སང་གི་བོད་མིའི་ཚོ་བ་རོལ་སྟངས་ཤིག་སྟེ། ཚོང་ཁང་དང་ཟ་ཁང་ཕྱེ་བ།” ཞེས་དང་། “ཆོས་དཔེར་སློབ་སྦྱོང་བྱེད་པ། གནས་སྐོར་ལ་འགྲོ་བ་སོགས་རང་གིས་འཇོན་ན་སྤྱི་ཁྱབ་ནས་སྒོ་མང་པོ་ཞིག་ཕྱེས་ཡོད་པ་རེད།” ཅེས་བསམ་བཞིན་གུང་ཁྲན་ཏང་གིས་བོད་མི་སྐྱིད་པོ་ཡིན་ཚུལ་གྱི་དྲིལ་བསྒྲགས་སྐྱུག་བྲོ་བོ་བྱེད་པ་དང་གཅིག་མཚུངས་སུ་གླེང་འདུག ཀླུ་སྨྱོན་འོན་པ་མིན་ན་ལོ་འདི་ཚོར་དབུས་ཀྱི་གདན་སའི་སློབ་གཉེར་བ་ཕྱིར་འཕུད་དང་། གསེར་རྟ་སྒར་གྱི་བཙུན་མ་སློབ་གཉེར་བ་བཙན་འཕུད་ཀྱིས་སྡོད་ཁང་བཤིགས་པའི་གནས་ཚུལ་སོགས་མ་གོ་བ་ག་ལ་སྲིད། མི་མང་སྐྱོ་བོ་ཚོར་བདག་པའི་ས་ཆ་ག་ཚོད་ཅིག་བཙན་འཕྲོག་བྱས་འདུག་པར་སོམས་དང་། སྐད་ཆ་འདི་འདྲ་བཤད་རྒྱུར་ངོ་མི་ཚའམ།
གུང་ཁྲན་ཏང་གིས་དུས་རྟག་ཏུ་བོད་ནང་ནས་གནས་ཚུལ་གང་ཞིག་བྱུང་ན་དེ་ནི་“ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་རེད།” ཅེས་དང་། “ཡུལ་གྱར་ཚོས་བཟོས་པའི་ཁ་བྲལ་ཇུས་ངན་རེད།” སོགས་རང་སྐྱོན་གཞན་འགེལ་རྐྱང་རྐྱང་ལས་དོན་དངོས་རྡོག་བརྫུས་བྱེད། དེ་བཞིན་ཀླུ་སྨྱོན་གྱིས་ཀྱང་“ཆབ་སྲིད་པ་མང་པོའི་ལས་ཀ་ནི། རྒྱལ་ཁབ་དང་རྒྱལ་ཁབ་བར་མི་མཐུན་པ་བཟོ་རྒྱུ་དང་། མི་རིགས་དང་མི་རིགས་བར་དབྱེན་དཀྲུག་བྱེད་རྒྱུ། མི་དང་མིའི་བར་གྱི་དཀའ་རྙོག་དེ་བེད་སྤྱད་ནས་ཁོ་ཚོའི་ཁེ་ཕན་གཉེར་རྒྱུ་དེ་རེད། ཁོ་ཚོའི་རིན་ཐང་མངོན་རྒྱུ་དེ་རེད། ཁོ་ཚོའི་མི་ཚེ་སྐྱེལ་རྒྱུ་དེ་རེད།”ཅེས་དོན་དངོས་ལ་འཁྱོག་བརྗོད་བྱས་ཡོད། སྤྱིར་ཀླུ་སྨྱོན་གྱིས་དེ་སྔོན་<མ་ཧཱ་བྷ་ར་ཏཱ།>ཡི་དྲ་ཚོམས་སུ་ཡང་“དགའ་ལྡན་ཕོ་བྲང་གི་ནག་ཉེས་ཤོད།”ཅེས་པ་དང་། “སྐྱོན་རྒྱག་ན་རྒྱལ་བ་རིན་པོ་ཆེ་ལ་རྒྱོབས།”སོགས་དྲན་ཡུལ་དུའང་འཁོར་མ་མྱོང་བའི་དཀྲུག་ཤིང་གི་བརྗོད་གཞི་བཏོན། ད་དུང་“ཕྱི་སྡོད་པ་ཚོས་ཁ་སོས་ཀྱི་མེད་པ”སོགས་ཀྱང་བཤད། འདི་ནི་ཀྲུང་གོའི་བོད་ལྗོངས་སུ་བཀོད་པའི་ “ཨ་རིའི་རོགས་དངུལ་ཙམ་དང་ནུབ་ཕྱོགས་ལ་སློང་མོ་བྱེད་མཚམས་ཆད་ཚེ་ཡུལ་གྱར་གཞུང་གིས་ཁ་གསོ་དཀའ།” ཞེས་པ་དེ་དང་གཅིག་མཚུངས་རང་ཡིན་འདུག
གཞན་ཡང་ཀླུ་སྨྱོན་གྱིས་རང་ལུས་མེར་སྲེག་མཚམས་འཇོག་གི་འགན་གླེང་སྐབས། “རང་ལུས་མེར་བསྲེགས་མཚམས་འཇོག་པར་གོང་ས་ཏཱ་ལའི་བླ་མར་འགན་ཁུར་ཡོད། ཁོང་ཚོ་ཁྱེད་ཀྱི་དད་ལྡན་རྗེས་འཇུག་པ་རེད།”ཅེས་སོགས་མང་བོ་བྲིས་འདུག ༸གོང་ས་མཆོག་གིས་འགན་མ་ཁུར་བ་མ་རེད། འགན་འཁུར་ས་མ་སོང་བ་རེད། འདི་ཡོད་ཚད་གུང་ཁྲན་ཏང་གིས་བཙན་གནོན་རྒོལ་རྡུང་ལས་བྱུང་བ་རེད། འགན་འདི་ཚང་མ་གུང་ཁྲན་ཏང་གིས་འཁུར་དགོས་པ་རེད། གུང་ཁྲན་ཏང་གིས་བསམ་བཞིན་བཙན་མནོན་དང་བརྙས་བཅོས་ཚད་མེད་བྱས་པའི་མཇུག་འབྲས་ངན་པ་དེའི་འགན་༸གོང་ས་མཆོག་གིས་འཁུར་དགོས་ཟེར་ན་སྣང་བར་མི་འགྲོ་བའི་གཏམ་རང་མ་རེད་དམ།
དེ་སྔོན་བོད་བཞུགས་དགེ་སློང་༼མིང་དངོས་སུ་མི་སྨྲ།༽ཞིག་གིས་ཁྱོད་ལ་“ཀླུ་སྨྱོན་ལོ་ལོ། རྒྱ་ནག་ལ་ཡོང་འདོད་ན་ཤོག་དང་། ཨ་ཞང་ཚང་དགའ་བའི་སྐད་ཆ་མང་བོ་མ་བཤད་ནའང་ལམ་ཁ་འགྲིག་གི་རེད།”ཅེས་པའི་སྐད་ཆ་དེས་སླར་ཡང་ཁྱོད་ལ་འགྲམ་ལྕག་ཚ་ལམ་པ་ཞིག་བྱས་ཏེ་རྩོམ་ཡིག་གི་མཇུག་བསྡུའོ།།
སྔ་མོ་བོད་ཀྱི་གཏམ་དཔེ་ཅིག་ལ།
དབྱར་ཁ་ལྕགས་དང་། དགུན་ཁ་རྫ། དབྱར་དགུན་མེད་པར་ཁ་ནང་ལྕེ། ཟེར་བའི་དོན་ཅི་ནམ། ལགས།
འོད་འབོད་པའི་མི་འདིར་ང་རང་མི་དགའ་ས་མང་བོ་ཡོད། ཡིན་ནའང་སྐད་ཆར་སྐད་ཆའི་རིན་ཐང་སྤྲོད། གྲོགས་པོ་གྲོགས་པོའི་ས་ནས་ཞོག ད་ཐེངས་བཤད་པར་རྒྱབ་སྐྱོར་ཡོད།
ཁ་ རོག་བསྡད་ན་ཁ་མཆུ་མེད། སྤྲོ་ལག་ཆ་མ་བླངས། ཤི་དགོས་མེད་ཀྱང་ཟེར་སྲོལ་འདུག