མི་བུ་དགའ་སྐྱིད་།
གི་སྒྲའི་ཐུན་མོང་མ་ཡིན་པའི་འཇུག་ཚུལ་འདི་ནི་བོད་ཀྱི་ཁ་སྐད་ནང་ན་ཡོད་ཡོད་འདྲ་ཡང་། སུམ་རྟགས་མཁན་པོ་རྣམས་ཀྱི་དགོངས་པའི་དབྱིངས་ནས་རིང་དུ་དོར་བའི་བོད་ཀྱི་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་དམིགས་བསལ་བ་ཞིག་ཡིན། བོད་ཀྱི་སྐད་ཡིག་ནང་དུ་བྱ་ཚིག་ཅིག་གི་རྒྱབ་ཏུ་གི་སྒྲ་བེད་སྤྱོད་གཏོང་གི་ཡོད་ལ། དེ་འདྲའི་བྱ་ཚིག་དེའང་དུས་གསུམ་ལས་ད་ལྟ་བའི་བྱ་ཚིག་ཁོ་ནར་བེད་སྤྱོད་བྱེད་པ་རེད། འདི་ནི་བོད་ཆོལ་ཁ་གསུམ་དུ་ཡིག་ངག་གཉིས་ཐོག་ན་འཁོར་རྒྱུག་ཧ་ཅང་ཆེ་བའི་བྱ་ཚིག་གི་ཚིག་གྲོགས་གལ་ཆེན་ཞིག་ཡིན།
མང་པོ་ཞིག་གིས་རྣམ་དབྱེ་དྲུག་གསུམ་གྱི་ཕྲད་དང་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཀྱི་དབྱེ་བ་འབྱེད་མ་ཐུབ་པར་ཉ་དང་ཉུང་མ་མཉམ་བསྲེས་བྱས་ཏེ་འགྲེལ་བརྗོད་ཀྱང་ཕྱིན་ཅི་ལོག་པ་རྒྱག་བཞིན་འདུག་ལ། སློབ་ཕྲུག་སྟོང་ཕྲག་མང་པོ་འདི་ལྟར་ལྔ་ལམ་དུ་རྫོང་བཞིན་ཡོད། བྱ་ཚིག་ད་ལྟ་བའི་ཚིག་གྲོགས་<གི་སྒྲ་>ལའང་རྣམ་དབྱེ་དྲུག་གསུམ་གྱི་ཐོབ་ཐང་སྦྱོར་ཚུལ་ལྟར་སྣ་འཐེན་ནས་ཁ་ནང་དུ་སླེབས་ཐབས་བྱེད་གི་འདུག འདི་ནི་རང་ལྕེར་རང་གིས་མདུད་པ་བརྒྱབ་པ་ཡིན།
སྔོན་མ་ཞིག་ལ་ས་རཱ་ངག་དབང་རྡོ་རྗེ་ལགས་ཀྱིས་ཀྱང་། གི་སྒྲས་བཙན་འཛུལ་སླེབས་འདུག་ཟེར་བའི་ཟིན་བྲིས་ཐུང་ངུ་ཞིག་བོད་ཀྱི་དུས་བབ་ཀྱི་མཚན་སྙན་དང་བོད་ཀྱི་སྐད་ཡིག་གི་བླ་སྲོག་ལ་བསམས་ཏེ་གཞེན་སྐུལ་ཙམ་དུས་བབ་ནང་དུ་བཀོད་ཡོད་པ་མཐོང་མྱོང་། འདི་ནི་སྐད་བརྡ་རིག་པ་རྒྱུས་མངའ་མེད་པའི་དན་རྟགས་ཤིག་ལས་གཞན་ཅི་ཡང་མིན། ཁོང་གིས་དཔེར་བརྗོད་སུམ་ཅུ་སོ་བཞི་ཙམ་བཙལ་བ་ཆ་ཚང་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་རྐྱང་རྐྱང་ལས་རྣམ་དབྱེ་དྲུག་པའི་ཕྲད་གཅིག་ཀྱང་མི་འདུག འདི་དག་ནི་རིག་གནས་གསར་བརྗེ་ཡི་སྐབས་སུ་བཅོས་པའི་བྱེད་འབྲེལ་དེ་དག་མི་འདྲ།
གི་སྒྲ་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཙམ་དུ་མ་ཟད། བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཤིག་ལའང་འཇུག་བཞིན་ཡོད་པས་གནད་ཀ་འདི་ངེས་ཤེས་རྙེད་དགོས། དཔེར་ན། ང་འགྲོ་གི་ཡོད། ཁོང་ན་གི་འདུག ཁྱོད་ཀྱིས་ཟས་ཟ་གི་ཡིན་ནམ། བྱ་བ་སྒྲུབ་གི་ཡོད། དེ་ལྟར་རེད་བསམ་གི་འདུག བསམ་ཚུལ་བཤད་གི་ཡོད། ཟེར་བ་ལས་ང་འགྲོ་ཡི་ཡོད། ཁོང་ན་ཡི་འདུག ཁྱོད་ཀྱིས་ཟས་ཟ་ཡི་ཡིན་ནམ། བྱ་བ་སྒྲུབ་ཀྱི་ཡོད། དེ་ལྟར་རེད་བསམ་གྱི་འདུག བསམ་ཚུལ་བཤད་ཀྱི་ཡོད། སོགས་བརྗོད་མི་བདེ་བ་འདིའི་རིགས་ལ་ཨུ་ཚུགས་ཀྱིས་རྣམ་དབྱེ་དྲུག་པའི་ཐོབ་ཐང་སྦྱོར་ཚུལ་ལྟར་འབྲི་དགོས་དོན་མེད། གལ་ཏེ་འདིའི་རིགས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་ན་འབྲེལ་སྒྲ་འདིའི་མིང་ལ་ཅི་ཞིག་གི་འབྲེལ་བ་ཟེར། འདིའི་རིགས་བྱ་ཚིག་ཅིག་གི་རྒྱབ་ཏུ་འཇུག་པ་གང་ཞིག་ལ་དུས་གསུམ་ལས་ད་ལྟ་བའི་བྱ་ཚིག་གི་ཚིག་གྲོགས་ཡིན།
དེ་མཚུངས་བྱ་ཚིག་གི་དུས་འདས་པར། ཚར་དང་། སོང་། ཟིན། བྱུང་སོགས་དུས་འདས་པའི་བྱ་ཚིག་གི་ཚིག་གྲོགས་འདི་དག་གིས་དོན་སྟོན་བཞིན་པ་རེད། ང་བོད་དུ་ཕྱིན་ཚར། ཁོས་བྱ་བ་བསྒྲུབས་སོང་། ངས་དེ་ལྟར་རེད་བསམས་བྱུང་། ངའི་བསམ་ཚུལ་བཤད་ཚར། ལྟ་བུ་སོགས་ལས་འདི་དག་རྗེས་འཇུག་ལ་བལྟ་དགོས་དོན་མེད། བྱ་ཚིག་འདས་པའི་ཚིག་གྲོགས་སྦྱར་བས་བརྗོད་དོན་ཁ་ཇེ་གསལ་དུ་བཏང་བ་རེད། མ་འོངས་པ་དེ་མཚུངས་ང་འགྲོ་རྒྱུ་ཡིན་སོགས་མ་འོངས་པའི་ཚིག་གྲོགས་སྦྱོར་དགོས་པ་རེད།
ང་ཚོས་ད་ལྟ་བར་དུ་ཉ་ཉོག་མཉམ་བསྲེས་བྱས་ཏེ་རང་ཉིད་མགོ་འཐོམས་པ་མ་ཟད་གཞན་ཡང་རྨོངས་བའི་གླིང་དུ་ཁྲིད་པའི་གཏམ་རྒྱུད་ཧ་ཅང་མང་། འདི་དག་ནི་རང་ཉིད་འཆིང་བྱེད་ཀྱི་ལྕགས་སྒྲོག་ཡིན་པ་ལས་མོའོ་ཙེ་ཏུང་དང་རིག་གནས་གསར་བརྗེ་ཡི་བཙན་འཛུལ་མིན། ང་ཚོ་ནི་ཕྱིིའི་བཙན་འཛུལ་ལས་ནང་གི་གཙན་ཤེད་ཀྱི་ད་ལྟ་བར་དུ་འཆི་ལམ་དུ་འདེད་བཞིན་ཡོད།
བསམ་ཚུལ་ཧ་ཅང་ལེགས་པོ་འདུག
ང་འགྲོ་ཡི་ཡིན་ལབ་ན་བརྗོད་ཤིན་ཏུ་མི་བདེ་བ་དངོས་བདེན་རེད།
བྱ་ཚིག་ད་ལྟ་བ་ལ་འཇུག་པའི་དཔེ་མཚོན་དེ་ཚོའི་ནང་གི་ ཁྱོད་ཀྱིས་ཟས་ཟ་གི་ཡིན་ནམ། ཟེར་བའི་གི་སྒྲ་དེ་བྱ་ཚིག་མ་འོངས་པ་ལ་འཇུག་པ་འདྲ། ཟ་གི་ཡིན། འགྲོ་གི་ཡིན། སྟེར་གི་རེད་ལྟ་བུ་སོགས་ནི་བྱ་ཚིག་མ་འོངས་པ་ལ་འཇུག་པའོ།
༼ང་འགྲོ་གི་ཡོད། ཁོང་ན་གི་འདུག ཁྱོད་ཀྱིས་ཟས་ཟ་གི་ཡིན་ནམ། བྱ་བ་སྒྲུབ་གི་ཡོད། དེ་ལྟར་རེད་བསམ་གི་འདུག བསམ་ཚུལ་བཤད་གི་ཡོད། ཟེར་བ་ལས་ང་འགྲོ་ཡི་ཡོད། ཁོང་ན་ཡི་འདུག ཁྱོད་ཀྱིས་ཟས་ཟ་ཡི་ཡིན་ནམ། བྱ་བ་སྒྲུབ་ཀྱི་ཡོད། དེ་ལྟར་རེད་བསམ་གྱི་འདུག བསམ་ཚུལ་བཤད་ཀྱི་ཡོད། སོགས་བརྗོད་མི་བདེ་བ་འདིའི་རིགས་ལ་ཨུ་ཚུགས་ཀྱིས་རྣམ་དབྱེ་དྲུག་པའི་ཐོབ་ཐང་སྦྱོར་ཚུལ་ལྟར་འབྲི་དགོས་དོན་མེད།༽ཅེས་པ་འདི་ནི་ཁྱེད་རང་དབུས་སྐད་ཀྱིས་གཙོས་པའི་བོད་ཀྱི་སྐད་རིགས་གཞན་ལ་ཆ་རྒྱུས་མེད་པའི་རང་མཚང་བསྟན་པ་ལས་མེད་དེ། དཔེར་ན། ཡོང་གི་རེད་དང། ན་གི་རེད་གཉིས་སྡུར་དང། གི་སྒྲ་སྔ་ཕྱི་གཉིས་ཀྱི་སྒྲ་མི་འདྲ། དེས་ག་རེ་བསྟན་པ་རེད་ཅེ་ན། ཕྱི་མ་དེ་གི་ཡིག་མིན་པ་བསྟན་པ་རེད། འོ་ན་དེ་གང་རེད་ཅེ་ན། ཡི་ཡིག་རེད། ན་ཡི་རེད་ཅེས་བརྗོད། དེ་བརྗོད་མི་བདེ་ཞེ་ན། ཡ་ཡིག་གི་རྩ་བའི་ཀློག་ཚུལ་་་བྱེད་པ་ལྕེའི་རྐེད་པར་ཅུང་ཟད་ཉེ་བ་་་བྱས་ཏེ་ཀློག་ཚེ་དེ་ཙམ་བརྗོད་མི་བདེ་བ་བདེན་ནའང། དེ་ལ་བྱེད་པ་དེ་དང་མི་འདྲ་བ་ཞིག་ཡོད། བྱེད་པ་རྐན་ལ་ཅུང་ཟད་ཉེ་བ་ཡིན། འོ་ན་ཡ་ཡིག་ལ་ཀློག་ཚུལ་མི་འདྲ་བ་གཉིས་ཡོད་པ་ཡིན་ནམ་ཞེ་ན། གསལ་བྱེད་ཀྱི་སྐབས་སུ་ཀློག་ཚུལ་གཅིག་ལས་མེད་ནའང། ཚིག་སྦྱོར་ནང་དུ་སླེབས་པའི་ཚེ་རྩ་བའི་ཀློག་སྟངས་དེའི་སྟེང་ནས་ཕྲན་བུ་རེ་འགྱུར་འགྲོ་བ་འདི་ཡི་གེ་མང་པོ་ལ་ཡོང་གི་ཡོད། དེ་བཞིན། ཡུལ་སྐད་ཁ་ཤས་སུ་ཞ་ཡིག་གི་སྒྲ་འདོན་སྐབས་བྱེད་པ་རྐན་དང་ཅུང་ཟད་ཉེ་བར་འདོན་པས་ཡ་སྒྲ་ཕྱི་མ་དེ་དང་ཤིན་ཏུ་འད། དེར་བརྟེན། ཁོ་ཚོའི་སྐད་དུ་ཞ་དང་ཡ་ཕན་ཚུན་ནོར་བའང་ཡོད། དཔེར་ན། ཚ་ཁོ་དང་ཐེ་རོང་གི་སྐད་དུ། གཡག་ལ་གཞག་དང། གཡས་ལ་གཞས། ཟེར་བ་ལྟ་བུ་ཡིན། ཁོ་ཚོའི་སྐད་དུ་ན་ཡི་རེད་ལ་ན་ཞི་རེད་ཅེས་ཟེར། འདི་ལ་བརྟགས་ན། ན་གི་རེད་མིན་པར། ན་ཡི་རེད་ཡིན་པ་ཤེས་ཐུབ། དབུས་སྐད་ཨམ་སྐད་གཉིས་ཀར་ཞིབ་ཏུ་བརྟགས་ན་གི་སྒྲ་མིན་པར་ཡི་སྒྲ་ཡིན་པ་ཤེས་ཐུབ། འདི་དག་འབྲེལ་སྒྲ་མིན་ནའང་ཐོབ་ཐང་འབྲེལ་སྒྲ་དང་གཅིག་པ་རེད། ཁྱེད་ཀྱིས་རང་ལྕེར་རང་གིས་མདུད་པ་མ་རྒྱག་རོགས།
༼ཟེར་བ་ལས་ང་འགྲོ་ཡི་ཡོད། ཁོང་ན་ཡི་འདུག ཁྱོད་ཀྱིས་ཟས་ཟ་ཡི་ཡིན་ནམ། བྱ་བ་སྒྲུབ་ཀྱི་ཡོད།
དེ་ལྟར་རེད་བསམ་གྱི་འདུག བསམ་ཚུལ་བཤད་ཀྱི་ཡོད། སོགས་བརྗོད་མི་བདེ་བ་འདིའི་རིགས་ལ་ཨུ་ཚུགས་ཀྱིས་རྣམ་དབྱེ་དྲུག་པའི་ཐོབ་ཐང་སྦྱོར་ཚུལ་ལྟར་འབྲི་དགོས་དོན་མེད།༽
ཅུང་མཐོང་ཕུལ་ཆུང་བའི་སྐྱོན་ཞིག་ཏུ་མཐོང།
རང་ཉིད་ཀྱི་ལྕེ་ལ་མི་བདེ་བ་ཡིན་ན་མི་བདེ་བ་ཡིན་པས་ག་ནས་ཁྱབ།
ཚིག་དེ་དག་ནི་ད་ལྟ་བོད་སྟོད་ཕྱོགས་ཀྱི་ཁ་སྐད་དུ་བཤད་དང་ཤོད་བཞིན་པ་ཡིན་པས་ལྕེར་མི་བདེ་བའི་ཚོར་སྣང་གང་ཡང་མེད། མ་གཞི་ནས་བོད་ཀྱི་བརྡ་དག་འདི་དག་གི་འགྲོས་རྣམས་ནི་ཐོན་མིའམ་མི་བུ་འགའ་ཞིག་གིས་རྡོ་བཅག་བཙན་གྱིས་བསྒྲིགས་པའི་འགྲོས་ཤིག་ལས་བོད་ལ་དེ་ཙམ་གྱིས་ཕན་ཐོགས་མེད།
བོད་ཀྱི་བརྡ་དག་གི་འགྲོས་ནི་ཤོག་ཐོག་ཏུ་འཇོག་རྒྱུ་ཞིག་ལས་ལྕེ་ནས་བཏོན་ཏེ་བེད་སྤྱོད་མེད།
དབྱིན་སྐད་ལས་སོགས་སྐད་ཡིག་མང་པོ་ཞིག་བརྡ་དག་གི་འགྲོས་རྣམས་ཡིག་ཐོག་ཙམ་དུ་མིན་པར་ལྕེ་ཐོག་ནས་ཀྱང་བེད་སྤྱོད་བྱེད་བཞིན་ཡོད།
དྲ་གྲོགས་ཚོས་དགོངས་ཚུལ་གསུངས་བར་གོང་བཀུར་ཞུ་བཞིན་ཡོད། བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཤིག་ལ་འབྲེལ་སྒྲའི་ཐོབ་ཐང་སྦྱོར་དགོས་དོན་ཡེ་ནས་མེད། གྲོགས་མདའ་ཚན་པས། མ་འོངས་པའི་བྱ་ཚིག་ལ་དབུས་སྐད་དུ་འགྲོ་ཡ་ཡིན་དང་། ཟས་བཟའ་ཡ་ཡིན། ལྟ་བུ་དང་། ཨམ་སྐད་དུ། འགྲོ་རྒྱུ་ཡིན་དང་། ཟ་རྒྱུ་ཡིན་ནམ་ཟེར་བ་རེད།
རྩོམ་པ་པོ་གང་གི་ཡིག་རྩོམ་དུ། (དཔེར་ན། ང་འགྲོ་གི་ཡོད། ཁོང་ན་གི་འདུག ཁྱོད་ཀྱིས་ཟས་ཟ་གི་ཡིན་ནམ། བྱ་བ་སྒྲུབ་གི་ཡོད། དེ་ལྟར་རེད་བསམ་གི་འདུག བསམ་ཚུལ་བཤད་གི་ཡོད། ཟེར་བ་ལས་ང་འགྲོ་ཡི་ཡོད། ཁོང་ན་ཡི་འདུག ཁྱོད་ཀྱིས་ཟས་ཟ་ཡི་ཡིན་ནམ། བྱ་བ་སྒྲུབ་ཀྱི་ཡོད། དེ་ལྟར་རེད་བསམ་གྱི་འདུག བསམ་ཚུལ་བཤད་ཀྱི་ཡོད། སོགས་བརྗོད་མི་བདེ་བ་འདིའི་རིགས་ལ་ཨུ་ཚུགས་ཀྱིས་རྣམ་དབྱེ་དྲུག་པའི་ཐོབ་ཐང་སྦྱོར་ཚུལ་ལྟར་འབྲི་དགོས་དོན་མེད། གལ་ཏེ་འདིའི་རིགས་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཡིན་ན་འབྲེལ་སྒྲ་འདིའི་མིང་ལ་ཅི་ཞིག་གི་འབྲེལ་བ་ཟེར། འདིའི་རིགས་བྱ་ཚིག་ཅིག་གི་རྒྱབ་ཏུ་འཇུག་པ་གང་ཞིག་ལ་དུས་གསུམ་ལས་ད་ལྟ་བའི་བྱ་ཚིག་གི་ཚིག་གྲོགས་ཡིན།)
ཞེས་བཀོད་གནང་འདུག་པ་ལ། དེ་ལྟར་གསུངས་ན་ལེགས་པའི་ཆ་མཆིས་མོད། འོག་ཏུ་ངས་བཤད་པ་འདི་ལྟར་བྲིས་ཀྱང་མ་འགྲིག་པ་མེད་པར་མ་ཟད་སྔོན་གྱི་གཞུང་ཁུང་ཐུབ་རྣམས་སུ་འདི་ལྟར་བཀོད་འདུག་པས་མཐའ་གཅིག་ཏུ་ཁྱེད་ཀྱིས་འདོད་པ་ལྟར་བྱས་ན་ཅུང་མི་ལེགས་པར་མངོན།
དཔེར་ན། ང་འགྲོ་གིན་ཡོད། ཁོང་ན་གིན་འདུག བྱ་བ་སྒྲུབ་ཀྱིན་ཡོད། དེ་ལྟར་རེད་བསམ་གྱིན་འདུག བསམ་ཚུལ་བཤད་ཀྱིན་ཡོད། ཅེས་བཀོད་པ་སྟེ་འདི་ནི་ཁྱེད་ཀྱིས་བྲིས་པའི་ནང་དུ་་་་(མང་པོ་ཞིག་གིས་རྣམ་དབྱེ་དྲུག་གསུམ་གྱི་ཕྲད་དང་བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཀྱི་དབྱེ་བ་འབྱེད་མ་ཐུབ་པར་ཉ་དང་ཉུང་མ་མཉམ་བསྲེས་བྱས་ཏེ་འགྲེལ་བརྗོད་ཀྱང་ཕྱིན་ཅི་ལོག་པ་རྒྱག་བཞིན་འདུག་ལ།
གི་སྒྲ་ནི་རྣམ་དབྱེ་དྲུག་པ་འབྲེལ་སྒྲ་ཙམ་དུ་མ་ཟད། བྱ་ཚིག་ད་ལྟ་བའི་ཚིག་གྲོགས་ཤིག་ལའང་འཇུག་བཞིན་ཡོད་པས་གནད་ཀ་འདི་ངེས་ཤེས་རྙེད་དགོས།)
ཞེས་པའི་བརྗོད་པ་དེ་དག་ཁྲོད་ཀྱི་་་་་་་ཕྱིན་ཅི་ལོག་རྒྱག་བཞིན་འདུག ཅེས་པ་དང་། འཇུག་བཞིན་ཡོད་པས། ཞེས་པ་འདི་གཉིས་ཀྱི་ཚབ་ཏུ་རྒྱག་གིན་འདུག ཅེས་དང་། འཇུག་གིན་འདུག་ཅེས་འབྲི་དགོས་པ་དོན་གྱིས་ཐོབ་པ་མ་ཟད་སྔོན་གྱི་ཡིག་མཁན་དང་བརྡའ་སྤྲོད་མཁན་པོ་རྣམས་ཀྱིས་ཀྱང་དེ་ལྟར་བྲིས་འདུག་པ་དེར་སྐྱོན་གང་ཡང་ཡོད་པར་མ་མཐོང་།
མ་ཟད་བོད་ཆོལ་ཁ་གསུམ་ཆར་གྱི་སྐད་ནང་དུ་ཐུན་མོང་ལྟར་བེད་སྤྱོད་གཏོང་ཡང་བརྡའ་སྤྲོད་དང་ཡིག་རྩོམ་གྱི་ཁྲོད་དུ་འགོད་མི་ནུས་པ་དུ་མ་ཞིག་ཡོད་པས་འགྲོ་རྒྱུག་ཆེ་བ་ཙམ་གྱིས་དེ་ལྟར་འགོད་དགོས་པར་བཤད་ན་ཅུང་མི་ལེགས་པར་སེམས།
བརྗོད་བདེ་འདྲེན་པ་ཅེས་པ་དེ་ལའང་ཚད་དང་གཞི་འཛིན་ས་ངེས་པ་ཞིག་འཇོག་དགོས་པ་ལས་གཞན་དུ། དབུས་གཙང་དང་ཁམས་པར་བརྗོད་བདེ་བ་མང་པོ་ཞིག་ཨ་མདོར་བརྗོད་མི་བདེ་ཞིང་། ཨ་མདོར་བརྗོད་བདེ་བ་མང་པོ་ཁམས་དང་དབུས་པར་བརྗོད་མི་བདེ། དེས་ན་རྩོམ་པ་པོ་རེ་རེས་བརྗོད་བདེ་འདྲེན་པའི་མཚན་གཞི་རེ་བཀོད་ན་བོད་ཀྱི་བརྡའ་སྤྲོད་དང་ཡིག་རྩོམ་ཁག་གི་གཞི་འཛིན་ས་མེད་པ་ཞིག་ཏུ་འགྱུར་ཞིང་། མཐར་ཆོལ་ཁ་གསུམ་པོས་ཐུན་མོང་དུ་ལོངས་སུ་སྤྱོད་ཐུབ་པའི་བརྡ་སྤྲོད་པའི་གཞུང་འདི་ཡང་ནུབ་ནས་འགྲོ། དཔེར་ན་དོན་གྲུབ་རྒྱལ་སོགས་རྒྱ་ནག་གི་རྩོམ་ཚུལ་བོད་དུ་གདན་འདྲེན་ཞུ་མཁན་མང་པོས་རྩོམ་གཞུང་ཁག་དབུས་པ་དང་ཁམས་པས་ཀློག་ཚེ་གོ་དཀའ་བར་བཤད། དེས་ན་ཆོལ་གསུམ་གྱི་སྤྱི་སྐད་འདི་ལ་རེས་སུ་ཆད་པའི་གྲོང་སྐད་མི་བསྲེ་རྒྱུ་ཤིན་ཏུ་གལ་ཆེ་བར་སེམས།
སྔོན་བྱོན་མེས་པོའི་བརྡའ་སྤྲོད་མཛེས་མའི་ཞལ།།
རང་མཐོང་སོར་མོས་བཙན་གྱིས་མ་འབྲད་གོང་།།
རྣམ་དཔྱོད་དངུལ་དཀར་མེ་ལོང་དྭངས་མ་རུ།།
གསལ་པོར་མཇལ་བ་གདམས་པའི་མཆོག་ཏུ་ངེས།།
ད་དུང་ཞུ་རྒྱུར། མི་རིགས་གཞན་དུ་སྐད་དུ་དུས་གསུམ་གྱི་འགྲོ་ཚུལ་དཀྱུས་སྐད་དུ་བཀོལ་བ་དང་བོད་པས་དུས་གསུམ་གྱི་འགྲོ་ཚུལ་དཀྱུས་སྐད་དུ་བཀོལ་སྤྱོད་གཏོང་བ་གཉིས་ལ་ཁྱད་པར་ཆེན་པོ་མེད་པར་མངོན། སྤྱིར་མི་རིགས་གང་གི་སྐད་ཡིན་ཀྱང་རྒྱུས་དེ་ཙམ་མེད་པ་ཞིག་གིས་བལྟས་ན་སྟབས་བདེ་བདེ་མོ་ལྟ་བུ་ཞིག་ཡིན་མོད། ཞིག་ཏུ་འདྲེས་ན་སྐྱོན་ཆ་དང་ལེགས་ཆ་གཉིས་རེ་ཡོད་པ་སྐད་ཡིག་སྤྱི་མཚུངས་ཀྱི་གནང་སྟངས་ཤིག་ཡིན།
མི་བུ་དགའ་སྐྱིད་ལགས།
“དཔེར་ན། ང་འགྲོ་གི་ཡོད། ཁོང་ན་གི་འདུག ཁྱོད་ཀྱིས་ཟས་ཟ་གི་ཡིན་ནམ། བྱ་བ་སྒྲུབ་གི་ཡོད། དེ་ལྟར་རེད་བསམ་གི་འདུག བསམ་ཚུལ་བཤད་གི་ཡོད། ཟེར་བ་ལས་ང་འགྲོ་ཡི་ཡོད། ཁོང་ན་ཡི་འདུག ཁྱོད་ཀྱིས་ཟས་ཟ་ཡི་ཡིན་ནམ། བྱ་བ་སྒྲུབ་ཀྱི་ཡོད། དེ་ལྟར་རེད་བསམ་གྱི་འདུག བསམ་ཚུལ་བཤད་ཀྱི་ཡོད།”
ངས་བྱས་ན།
ང་འགྲོ་བགྱིད་ཡོད།
ཁོ་ན་བགྱིད་འདུག
ཁྱོད་ཟས་ཟ་བགྱིད་ཡིན་པེ།
ལས་ཀ་བྱེད་བགྱིད་ཡོད།
འདི་འདྲ་རེད། བསམ་བགྱིད་འདུག
བསམ་ཚུལ་བཤད་བགྱིད་ཡོད།
ཁ་སྐད་དེ་ཚོ་འདི་འདྲ་ཟེ་ཡིག་ཐོག་ལ་འཁོད་དགོས་པས། གོང་གསལ་གཉིས་ཀར་ནོར་བར་འདོད་ལགས། དགེའོ།
ང་འགྲོ་བགྱིད་ཡོད། ཅེས་བྲིས་དགོས་པ་ལས། ང་འགྲོ་ཡི་ཡོད། དང་། ང་འགྲོ་གི་ཡོད། གཉི་ག་ནོར་བ་རེད་ལགས།
འདིའི་སྐོར་ལ་སྔར་རྩོད་པ་མང་པོ་བརྒྱབས་ཀྱང་ཕན་ཐོགས་བྱུང་མེད་པས། ད་རྩོད་པ་བརྒྱབས་ནས་ཡོང་རྒྱུ་མེད་ཀྱང། ནོར་བ་མཐོང་བཞིན་དུ་བཞག་ནའང་མ་འགྲིག་པས་ཅུང་ཟད་བཤད་ན།
1 དབང་འདུས་ལ། གི་དང་གིན་མི་འདྲ། ཡོང་གི་ཡོད་ལྟ་བུ་བྱ་བ་གཅིག་དང། འཐུང་གིན་བཤད་ལྟ་བུ་བྱ་བ་གཉིས་དུས་གཅིག་ཏུ་བྱེད་པ་སྟོན། ཕྱི་མ་འདི་ནི་དཔེར་ན་ཇ་འཐུང་ཞོར་ལ་སྐད་ཆ་བཤད་པ་ལྟ་བུའི་དོན་རེད། ཡོང་གི་ཡོད་ལྟ་བུ་ལ་ཡོང་གིན་ཡོད་བྲིས་ཚེ་ནོར་བ་རེད།
2 གཙུག་ལག་སློབ་དཔོན་ལ། ༼ང་འགྲོ་བགྱིད་ཡོད།ཁོ་ན་བགྱིད་འདུགཁྱོད་ཟས་ཟ་བགྱིད་ཡིན་པེ།ལས་ཀ་བྱེད་བགྱིད་ཡོད།
འདི་འདྲ་རེད། བསམ་བགྱིད་འདུགབསམ་ཚུལ་བཤད་བགྱིད་ཡོད།༽ཅེས་པ་འདི་དག་རྦད་དེ་ནོར་བ་རེད། འདི་འདྲ་ཞིག་བརྡ་སྤྲོད་ཀྱི་གཞུང་དང་མཁས་པའི་གསུང་རྩོམ་གང་དུའང་མེད། ད་ལྟ་བ་སྟོན་པའི་ཚིག་གྲོགས་ཡིན་ན་ཚིག་ཕྲད་ཡིན་དགོས་པ་རེད། བགྱིད་ནི་བྱ་ཚིག་དངོས་རེད། ཚིག་ཕྲད་མ་རེད། ཁྱེད་ཀྱི་སྐད་ཆ་འདི་ལ་བལྟས་ན། སུམ་རྟགས་ལ་སྦྱངས་པ་མཐར་ཕྱིན་པ་ཞིག་ཀྱང་རེད་མི་འདུག་པས། གཙུག་ལག་སློབ་དཔོན་ཞེས་པའི་མིང་འདི་ཁྱེད་ལ་གཏན་ནས་མི་འཚམ་པར་མངོན།
ཀརྐི་སྐྱབས་ལགས་ཀྱིས་རྩོམ་ཡིག་དུ་དཔྱད་པ་གཉིས་འདུག་པ་ལས་དང་པོར།
(1 དབང་འདུས་ལ། གི་དང་གིན་མི་འདྲ། ཡོང་གི་ཡོད་ལྟ་བུ་བྱ་བ་གཅིག་དང། འཐུང་གིན་བཤད་ལྟ་བུ་བྱ་བ་གཉིས་དུས་གཅིག་ཏུ་བྱེད་པ་སྟོན། ཕྱི་མ་འདི་ནི་དཔེར་ན་ཇ་འཐུང་ཞོར་ལ་སྐད་ཆ་བཤད་པ་ལྟ་བུའི་དོན་རེད། ཡོང་གི་ཡོད་ལྟ་བུ་ལ་ཡོང་གིན་ཡོད་བྲིས་ཚེ་ནོར་བ་རེད།)
སྤྱིར་བཏང་ཉིད་ཀྱིས་གསུངས་པ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་ངེས་ཀྱང་། ད་དུང་ངས་འདི་ལྟར་ཞུ་སྟེ། ང་རང་གིས་བཤད་ཚུལ་གྱི་དབང་དུ་བཏང་ན་ཡོང་གི་ཡོད་ཅེས་གི་སྒྲ་ཐོན་པ་ལས། ཡོང་གིན་ཡོད་ཅེས་གིན་སྒྲ་ཐོན་ཁྱོན་ནས་མེད། འོན་ཀྱང་འབྲི་སྐབས་ཡོང་གིན་ཡོད་ཅེས་འགོད་བཞིན་ཡོད། དེ་ལྟར་སུ་ལའང་ངག་ཏུ་བཤད་པ་དང་མི་མཐུན་པར་འབྲི་དགོས་པ་ཤིན་ཏུ་མང་སྟེ་དཔེར་ན། འདི་ཁྱོད་གི་རེད། དེ་ང་གི་རེད་ཅེས་ངག་ནས་ཐོན་ཀྱང་། འབྲི་སྐབས་འདི་ཁྱོད་ཀྱི་རེད། དེ་ང་ཡི་རེད་དམ་ཡང་ན་ངའི་རེད་ཅེས་འབྲིས་དགོས་པ་དང་གོང་གི་འགྲོ་ཚུལ་གཅིག་མཚུངས་ལྟ་བུར་མཐོང་། གལ་སྲིད་འབྲི་བ་པོ་རང་རང་གི་ངག་ནས་ཐོན་པ་ལྟར་འབྲི་ཆོག་ན་བརྡ་སྤྲོད་ཀྱི་གཞུང་དགོས་དོན་མེད་པ་འདྲ།
གོང་གི་དཔེར་བརྗོད་དེར་ང་རང་གིས་སྒྲ་འདོན་ཚུལ་དང་འབྲི་ཚུལ་དེ་ལྟར་ལགས་མོད། འོན་ཀྱང་ནམ་རྒྱུན་གཞན་གྱིས་སྐད་ཆ་བཤད་སྐབས། ང་ཡོང་གི་ཡོད། ང་ཡོང་གིན་ཡོད་ཅེས་བཤད་ཚུལ་གཉིས་ཡོད་པའི་དབང་དུ་བཏང་ན། རོབ་ཀྱིས་བལྟས་ཚེ་ང་ཡོང་གི་ཡོད་ཅེས་པ་མ་འོངས་པ་ལྟ་བུའི་སྐད་ཆ་དང་། ཡོང་གིན་ཡོད་ཅེས་པ་ད་ལྟ་བའི་སྐད་ཆ་ལྟ་བུར་གོ་ཡང་། སྔོན་གྱི་ཡིག་མཁན་རྣལ་མ་དང་བརྡ་སྤྲོད་མཁས་པའི་གཞུང་དུ་ལྟོས་དང་། སྔ་མ་ལྟར་ལྟར་བྲིས་པ་རྙེད་དཀའ། དེང་དུས་ཀྱི་རྩོམ་དེབ་རྣམས་སུ་རྩོམ་པ་པོ་སོ་སོའི་འདོད་པ་ལྟར་བཀོད་པ་ཤིན་ཏུ་མང་བས་མཐའ་གཅིག་ཏུ་ཚད་གཞི་འཛིན་ས་མེད་པ་ལྟ་བུར་འགྱུར་བཞིན་ཡོད་པས་དེ་དག་ཁུངས་སུ་མི་ཆེ། མདོར་ན་ཚིག་གྲོགས་འདི་ནི་ད་ལྟ་བའི་ཚིག་གྲོགས་ཤིག་ཡིན་ལ། ཁ་ནས་བཤད་སྐབས། ཡོང་གི་ལྟ་བུར་གོ་ཡང་ལག་ཏུ་བླངས་ནས་འབྲི་སྐབས། ཡོང་གིན་ཞེས་འབྲི་རྒྱུ་ལས་གཞན་མེད་པར་འདོད་ཀྱང་། ད་དུང་ཁུངས་ཐུབ་པའི་བཤད་པ་ཡོད་ན་དེ་ལྟར་ལོས་འདོད། སྔོན་གྱི་གཞུང་རྣམས་སུ་ཇི་ལྟར་བྲིས་ཡོད་པ་གསལ་པོར་ཡོད་ན་དེ་ལས་ལྟོག་སྟེ་བཤད་པ་གཞན་ཞིག་གནང་བ་ལ་རྒྱུ་མཚན་ཆེར་མེད་པ་འདྲ། དེས་ན་སྔོན་གྱི་བརྡ་སྤྲོད་མཁས་པའི་གཞུང་རྣམས་སུ་ཇི་ལྟར་བཀོད་སྤྱོད་བཏང་ཚུལ་ལ་ཐུགས་སྣང་གནང་དགོས་པ་གལ་ཆེ་བའི་གནད་དུ་ངེས། མདོར་ན་ངའི་བསམ་པར་མ་འོངས་པའམ་ཡང་ན་ད་ལྟ་བ་གང་གི་ཚིག་གྲོགས་སུ་བཀོད་ཀྱང་། གིན་ཞེས་བཞིན་སྒྲ་མཚུངས་པར་འགོད་དགོས་པར་འདོད་པ་ལགས།
དྲྭ་གྲོགས་ཚོ་དཔྱད་པ་མུ་མཐུད་ནས་གནང་དང་ཕན་པ་ཆེན་པོ་འདུག
ཀིར་སྐྱབས་ལགས།
འདས་པ།
ང་ ཕྱིན་པ་ ཡིན། ཁྱོད་ཕྱིན་པ ་རེད། ཁ་ ཕྱིན་པ་ རེད།
ད་ལྟ་བ།
ང་ འགྲོ་ བགྱིད་ ཡོད། ཁྱོད་ འགྲོ་བགྱིད་འདུག ཁོ་འགྲོ་ བགྱིད་ འདུག
མ་འོངས་པ།
ང་ འགྲོ་བགྱི་ ཡིན། ཁྱོད་ འགྲོ་བགྱི་ རེད། མོ་ འགྲོ་བགྱི་ རེད།། ཅེས་པ་འདི་སྐད་གཞན་དང་འགྲན་ཐུབ་ལགས།
ང་ འགྲོ་གིན་ ཡོད། ཡང་ངས་བྱས་ན། ང་ འགྲོ་བགྱིན་ ཡོད། ནི། I am going.དང་མཚུངས་སོ། །
དྲ་གྲོགས་ཚོས་དགོངས་ཚུལ་གསུང་བར་ཐུགས་རྗེ་ཆེ། གིན་དང་ཀྱིན་གྱིན་གསུམ་ནི་གི་སྒྲ་དང་མི་འདྲ། གི་སྒྲ་ནི་སྤྱིར་བཏང་གི་ད་ལྟ་བ་ཙམ་སྟོན་བྱེད་ཀྱི་ཚིག་གྲོགས་ཤིག་རེད། དཔེར་ན། ང་འགྲོ་གི་ཡོད་ཟེར་བ་ལྟ་བུར་མཚོན་ན་ད་ལྟ་བའི་ནང་གི་དུས་ངེས་ཅན་ཞིག་དམིགས་སུ་མ་བཟུང་པར་སྤྱིར་བཏང་གི་སྐད་ཆ་ཞིག་རེད། འདི་དབྱིན་སྐད་དུ་present simple ཟེར་བ་དང་མཚུངས།
གིན་དང་གྱིན་ཀྱིན་གསུམ་ནི་བཞིན་དང་མཚུངས་པར་རྩོལ་བ་བྱེད་བཞིན་པའི་སྐབས་ཀྱི་དུས་ད་ལྟ་བ་སྟོན་བྱེད་ཀྱི་ཚིག་གྲོགས་ཤིག་རེད། འདི་ནི་དབྱིན་སྐད་དུ་present continuous ཟེར་བ་དང་མཚུངས། འདི་ལའང་དཔྱད་པར་བྱ་བ་འདི་ཡོད་དེ། གིན་དང་གྱིན་ཀྱིན་གསུམ་ལས་ཡིན་དང་འིན་གཉིས་བྱེད་འབྲེལ་གྱི་ཐོབ་ཐང་ལྟར་མི་འགྲོ་བའི་རྒྱུ་མཚན་གང་ལ་ཐུག་གམ། ང་འགྲོ་གིན་ཡོད་ཟེར་ལས་ང་འགྲོའིན་ཡོད་དང་། ང་འགྲོ་ཡིན་ཡོད་མི་ཟེར་བའི་རྒྱུ་མཚན་སོགས་ཀྱིས་ངས་འདིའི་རིགས་བྱེད་འབྲེལ་དང་འབྲེལ་བ་མེད་པར་ད་ལྟ་བའི་ཚིག་གྲོགས་རྐྱང་རྐྱང་རེད་ཟེར་བཞིན་ཡོད།
གིན་དང་གྱིན་ཀྱིན་གསུམ་ཀྱི་བརྡ་ཐབས་སྟོན་ཚུལ་ནི་བཞིན་ཟེར་བའི་རྗེས་འཇུག་ན་སྒྲ་གིའི་རྗེས་སུ་ཞུགས་ནས་གིན་ཟེར་བའི་བརྡ་ཐབས་ཡོང་བ་རེད། གིན་ལ་བལྟས་ཏེ་ཀྱིན་དང་གྱིན་གཉིས་རྗེས་འཇུག་གི་ཐོབ་ཐང་ལྟར་ལད་ཟློས་བྱས་པ་རེད། འིན་དང་ཡིན་གཉིས་ཀྱི་སྐབས་སུ་རྗེས་འཇུག་གི་ཐོབ་ཐང་སྦྱར་ན་བོད་ཀྱི་སྐད་བརྡ་རིག་པའི་འགྲོ་ཚུལ་དང་མི་མཐུན་པ་ཆགས་པ་རེད།
ང་འགྲོ་གི་ཡོད། ཟེར་བ་སྤྱིར་བཏང་གི་ད་ལྟ་བ་དང་། ང་འགྲོ་གིན་ཡོད་དང་། ང་འགྲོ་བཞིན་ཡོད་སོགས་རྩོལ་བ་བྱེད་བཞིན་པའི་ད་ལྟ་བ་རེད།
འགྲོ་བགྱིད་ཡོད་ཡོད་ཟེར་བ་རག་ར་རིན་པོ་ཆེ་སོགས་ཀྱིས་ཨུ་ཚུགས་ཀྱིས་སྦྱོར་བཞིན་བའི་བརྡ་སྤྲོད་པའི་འགྲོས་གསར་བ་ཞིག་རེད། ང་འགྲོ་རྒྱུ་ཡིན་དང་། ང་འགྲོ་བགྱི་ཡིན་གཉིས་ལས་སྔ་མ་དག་པར་སེམས།
དེ་ལྟར་རེད། ཕལ་ཆེར་ང་ཚོའི་བསམ་ཚུལ་མཚུངས་པར་འདུག འོན་ཀྱང་གསུང་གི་འདུག ཡོང་གི་ཡོད། ཅེས་བྲིས་པའི་ཁུངས་གང་དུ་མེད་པར་སེམས། དེའི་ཚབ་ཏུ་གསུང་གིན་འདུག ཡོང་གིན་འདུག བཤད་ཀྱིན་ཡོད། ཅེས་པ་ནི་སྔོན་ནས་ད་ལྟའི་བར་དུ་བྲིས་དང་འབྲི་བཞིན་པ་འདི་ཡོངས་གྲགས་དང་རྒྱུ་མཚན་ཅན་ཞིག་ཏུ་ངེས།
འི་ཡི་སོགས་དྲུག་པའི་ཚིག་གྲོགས་རེ་ཟུང་ལ་འིན་ཡིན་སོགས་ད་ལྟ་བའི་ཚིག་གྲོགས་སུ་འཇུག་པར་དཀའ་བ་ཙམ་གྱིས་སྦྱོར་ཚུལ་འདི་ད་ལྟ་བའི་ཚིག་གྲོགས་རྐྱང་རྐྱང་ཡིན་པར་གང་གིས་སྒྲུབ། དཔེར་ན་སྐུལ་ཚིག་སྐབས་སུ། གྱིས་གཅིག་པུ་ལས། ཀྱིས་གིས་ཡིས་འིས་སོགས་མི་འཇུག་ཀྱང་དེ་ད་ལྟ་བའི་ཚིག་གྲོགས་དམིགས་བསལ་བ་ཞིག་ཏུ་བརྩི་མི་དགོས་བཞིན་རེད་འདུག
སྤྱིར་དམིགས་བུས་གསུངས་པ་ལྟར་ད་ལྟ་བ་སྤྱིར་བཏང་དང་། ད་ལྟ་བ་རྒྱུན་ལྡན་གཉིས་དབྱིག་ཡིག་ཏུ་ཡོད་ཅིང་། དེའི་ཚབ་བོད་ཀྱི་སྐད་ཡིག་ཁྲོད་དུ་བྱ་ཚིག་མང་པོ་མང་པོ་ཞིག་ཚིག་གྲོགས་ལ་ལྟོས་ནས་གོ་བ་སྟོན་རྒྱུ་ལས་གཞན་མེད་པར་སེམས། མ་ཟད་དབྱིན་སྐད་དུ་འཚམས་འཚམས་སུ། I am going tomorrow ཞེས་བཤད་ན་ད་ལྟ་བའི་འབྲི་ཚུལ་ལས་གཞན་མེད་ཀྱང་སང་ཉིན་ཞེས་པའི་ཚིག་དང་འབྲེལ་སྟོབས་ཀྱིས་མ་འོངས་པ་གོ་བ་ཡོད་པར་སེམས།
མདོར་དྲིལ་ན་སྔོན་གྱི་བརྡ་སྤྲོད་ཀྱི་གཞུང་དང་བཀའ་བསྟན་རྣམས་སུ་ཕལ་ཆེར་གིན་དང་གྱིན་ཀྱིན་གསུམ་ལས་གཞན་པའི་ད་ལྟ་བ་སྟོན་བྱེད་དུ་གི་གྱི་ཀྱི་བྲིས་པ་མེད་པར་སེམས་ཤིང་། གིན་དང་གྱིན་དང་ཀྱིན་གསུམ་པོས་ད་ལྟ་བ་སྤྱིར་བཏང་དང་། ད་ལྟ་བ་རྒྱུན་ལྡན་གཉིས་ཀ་ད་ལྟའི་བར་དུ་སྟོན་བཞིན་པ་ལ། ད་སྐབས་ང་རང་ཚོའི་ཁ་ནས་སྒྲ་གང་ལྟར་ཐོན་བཞིན་པ་དེ་ཞིབ་འཇུག་གི་གཞི་རྩར་བཟུང་ནས་བརྟགས་དཔྱད་སྣ་ཚོགས་ཤིག་མཛད་ཀྱང་། དོན་དུ་སྐད་ཡིག་གང་དུའང་ཁ་སྐད་དང་འབྲི་ཚུལ་རྣམ་པ་ཀུན་ཏུ་མཚུངས་པ་མིན་པས་དེ་ལྟར་སྒྲུབ་ཚུལ་མེད་པར་སེམས།
འདི་དག་གསལ་པོ་ཡོང་ཆེད་དྲི་བ་གསུམ་བཀོད་ཡོད་པ་འདིར་གཟིགས་རོགས་ཞུ།
༡ སྔོན་གྱི་གཞུང་རྣམས་སུ་ཚིག་གྲོགས་འདི་དང་འབྲེལ་བའི་ད་ལྟ་བ་རྒྱུན་ལྡན་མ་གཏོགས། ད་ལྟ་བ་སྤྱིར་བཏང་བསྟན་མེད་པ་རེད་དམ།
༢ བསྟན་ཡོད་ན་གིན་གྱིན་ཀྱིན་གསུམ་པོས་རྒྱུན་ལྡན་དང་སྤྱིར་བཏང་གཉིས་ཀ་སྟོན་པ་རེད་དམ།
༣ ཡང་ན་སྔོན་གྱི་གཞུང་རྣམས་གི་གྱི་ཀྱི་གསུམ་པོ་འདི་ཡང་ད་ལྟ་བའི་ཚིགས་གྲོགས་སུ་སྦྱར་འདུག་གམ།
སྔོན་གྱི་གཞུང་རྣམས་སུ་བསྟན་མ་ཐུབ་པའི་དོན་གནད་ཅིག་སྟོན་པའི་ཚིག་གྲོགས་གསར་པ་ཞིག་རྙེད་ཚེ། བརྡ་སྤྲོད་གཞུང་ལ་ཁ་གསབ་བྱས་ན་ཤིན་ཏུ་ལེགས་པར་སེམས། སྔོན་གྱི་གཞུང་རྣམས་སུ་དོན་གང་ཞིག་སྟོན་པའི་ཚིག་གྲོགས་ངེས་ཅན་ཞིག་ཡོད་བཞིན་དུ་དེ་དོར་ནས། ད་དུང་གཞན་ཞིག་བསྣན་ཐུབ་རྒྱུ་ཅུངཁག་པོ་རེད།
འགྲོ་བགྱིད་ཡོད་ཅེས་འབྲི་དགོས་པར་དང་པོ་བཤད་མཁན་འདི་ཕལ་ཆེར་ཁམས་པ་ཞིག་ཡིན་པར་ངེས། དེ་ཁམས་པའི་སྒྲ་གདངས་དང་མཐུན་པ་ཙམ་ཞིག་ལས་ཁུངས་ཐུབ་ཀྱི་ཚིག་གྲོགས་ཤིག་ཡིན་པར་འདོད་རྒྱུ་ཧ་ཅང་ཁག་པོ་རེད། མ་ཟད་ཀརྟི་སྐྱབས་ནས ༼བགྱིད་ནི་བྱ་ཚིག་དངོས་རེད། ཚིག་ཕྲད་མ་རེད།༽ཅེས་བྱ་ཚིག་དངོས་ཡིན་པས་བྱ་ཚིག་གི་ཚིག་གྲོགས་ཡིན་པ་ཇི་ལྟར་བཤད། ཅེས་པ་འདི་གནད་དུ་འཁེལ་བའི་སྐད་ཆ་ཞིག་ཡིན་པ་འདྲ། དེ་ལ་གསལ་བཤད་ཡག་པོ་ཞིག་གནང་རྒྱུ་མེད་ན་ཕྱིན་ཆད་དེ་ལྟར་མི་འབྲི་བའི་རེ་སྐུལ་ཞུ། རྒྱུ་མཚན་གང་རེད་ཟེར་ན་དེང་དུས་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་གིས་སོ་སོའི་ཁ་སྐད་ལྟར་བྲིས་ཏེ། བོད་ཀྱི་ཡིག་སྐད་འདི་གཅིག་གྱུར་ཀྱི་ལམ་ནས་རྒྱང་རིང་དུ་གྱེར་བཞིན་པ་འདིར་རྣམ་དཔྱོད་ཅན་རྣམས་ཀྱི་ཐུགས་སྣང་དགོས་པར་ངེས། ང་ཚོའི་བོད་སྐད་འདི་འཐུས་སྒོ་ཚང་ཞིང་སྟབས་བདེ་བ་ཞིག་གི་ལམ་དུ་བསྐྱོད་དགོས་པ་ལས། ཡུལ་ལུང་སོ་སོའི་ཁ་ནས་ཐོན་པ་དེ་ངེས་པར་བོད་ཡིག་ཏུ་འགོད་དགོས་པར་བསམས་ནས་ཨུ་ཚུགས་མཐར་སྐྱེལ་བྱས་ན། མཐར་བོད་སྐད་འདི་རྙོགས་ཟིང་ཇེ་ཆེ་དང་། འཐུས་སྒོ་ཇེ་ཞན་དུ་འགྲོ་རྒྱུ་གཞན་མེད།
ང་ཚོའི་གཞུང་ནས་བོད་ཀྱི་རིག་གཞུང་སྲུང་སྐྱོབས་བྱེད་དགོས་པར་བཤད་ཀྱང་། དོན་དུ་གཞུང་ངོས་ནས་བོད་སྐད་དང་བོད་ཡིག་ལ་བརྟེན་ནས་ཚེ་འདིའི་འདུན་ལམ་གོམས་པ་སྤོ་ཐུབ་པའི་ལམ་སྟོན་དང་འཆར་གཞི་རྣལ་མ་ཞིག་མ་བཏང་བ་འདི་ནི་ངེས་པར་དུ་ང་ཚོས་སེལ་ཐབས་བྱེད་དགོས་པའི་གནད་དམ་པ་ཞིག་ཡིན།
གཞུང་ངོས་ན་དེ་ལྟར་འཆར་གཞི་མ་བཏང་བའམ་ཡང་ན་འཆར་གཞི་མ་གྲུབ་པ་གང་ལྟར་ཡང་། དོན་དུ་བོད་ཡིག་ལ་བརྟེན་ནས་འཚོ་ཐབས་ཀྱི་ལམ་བུ་མེད་པ་འདི་སྐྱ་བོའི་སྤྱི་ཚོགས་སུ་བོད་ཡིག་ལ་ཤེས་རྟོགས་ཞན་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།
དྲ་གྲོགས་དབང་འདུས་ལགས། དགོངས་ཚུལ་གསུངས་བར་རྗེས་སུ་ཡི་རང་ཞུ། ང་ཚོའི་བརྡ་སྤྲོད་པའི་གཞུང་དུ་ད་ལྟ་བ་ཞེས་སྤྱི་བམ་པ་ཞིག་ལས། ད་ལྟ་བའི་ནང་དུའང་དུས་ཀྱི་ཁྱད་པར་དང་བརྡ་ཡི་སྟོན་ཐབས་མི་འདྲ་བ་མང་། འདི་རིགས་ནི་ང་ཚོའི་བརྡ་སྤྲོད་ནང་དུ་འཐུས་སྒོ་མ་ཚང་བའི་རིགས་རེད། དཔེར་ན་ད་ལྟ་བ་གཅིག་བུ་ལ་མཚོན་ནའང་།
༡ རྒྱུན་ལྡན་གྱི་ད་ལྟ་བ་ནི། འཁོར་ལོ་འཁོར་གི་རེད་ལྟ་བུ་དང་།
༢ བྱེད་བཞིན་པའི་ད་ལྟ་བ་ནི། འཁོར་ལོ་འཁོར་བཞིན་འདུག་གམ། འཁོར་ལོ་འཁོར་གྱིན་འདུག་ལྟ་བུ།
༣ མ་འོངས་པའི་ལྟོས་གཞིའི་སྐབས་ཀྱི་ད་ལྟ་བ། སང་ཉིན་ཚོགས་འདུ་འཚོག་སྐབས་སུ་ངས་རོགས་རམ་བྱེད་ངེས།
༤ འདས་པའི་ལྟོས་གཞིའི་སྐབས་ཀྱི་ད་ལྟ་བ། ན་ནིང་བོད་དུ་ཞི་བའི་སྐད་འབོད་བྱེད་བཞིན་པའི་སྐབས་སུ་དཔའ་བོ་དོན་གྲུབ་ལགས་ཀྱིས་རང་སྲོག་བློས་བཏང་བ་རེད།
ལྟ་བུ་སོགས་ཀྱིས་བརྡ་ཐབས་སྟོན་སྟངས་མི་འདྲ། སྐད་ཆའི་དོན་དག་མི་འདྲ། དངོས་ཤུགས་ཀྱི་གོ་བ་མི་འདྲ། འདི་ཡོད་ཚད་ལ་ད་ལྟ་བ་རེད་ཟེར་ནས་སྤྱི་བམ་པ་ཞིག་འགྲེལ་བརྗོད་བྱས་པ་དེས་ང་ཚོའི་བརྡ་སྤྲོད་པའི་བརྡ་ཐབས་གསལ་བོ་མེད་པའི་སྐྱོན་དུ་མཐོང་།
གྲོགས་པོ་ཚོ་་་སུམ་རྟགས་རང་རྩད་ནས་གཏིང་སྔོགས་ཐུབ་ཀྱི་འདུག་གམ། ཕྲན་ཆུང་དུས་སྒང་ལ་རྒན་ལགས་ཀྱི་འདི་འདྲ་ཞིག་གསུངས་མྱོང་། སུམ་རྟགས་བརྡ་སྤྲོད་ཀྱི་གཞུང་འདི་སྲན་མའི་ཁེངས་བའི་སྐྱེ་མོ་ཞིག་གི་གཏིང་སྔོགས་བ་བཞིན་དུ་གཏིང་མཐོང་ཐབས་ཡོད་བ་མ་རེད་ལབ་སོང་། སུ་འཇོན་པོ་འདུག་བལྟ་རྒྱུ་ཡིན།
ནོར་བཅོས་་་་སྐྱེ་མོ་མ་རེད།སྒྱེ་མོ་རེད།
ཾལགས་སོ་མཁྱེན་ལྡན་དམིགས་སུ་ལགས། ཁྱེད་ཀྱིས་གསུངས་པ་ལྟར་བྱ་ཚིག་ད་ལྟ་བ་གཅིག་པུ་དུས་ཚིགས་གསུམ་པོ་སོ་སོ་དང་སྦྱར་རྒྱུ་ཡོད་པ་བཤད་མི་དགོས་ཀྱང་། དེ་ནི་ཚིག་གྲོགས་སམ་གོ་དོན་སྔ་ཕྱི་ལ་བརྟེན་ནས་གོ་བ་ཐ་དད་པར་སྟོན་ཐུབ། དེ་དག་རེ་རེ་བཞིན་བརྡ་སྤྲོད་པའི་གཞུང་དུ་མ་བཤད་པའི་རྒྱུ་མཚན་གྱང་དེ་ཡིན་པར་སེམས། རྟགས་འཇུག་ནང་དུ་ད་ལྟ་བ་ཞེས་པ་བྱེད་པ་པོ་གཙོ་ཕལ་ལམ་ཡང་ན་དེ་དང་དངོས་སུ་འབྲེལ་བ་ཞིག་ལ་ད་ལྟ་བའི་མིང་བཏག་ནས་ཡོད། དེ་འདྲའི་ད་ལྟ་བ་དེ་དུས་གསུམ་གའི་ནང་དུ་འགྲོ་སྲིད་པ་རེད། དབྱིན་སྐད་དུ་ད་ལྟ་བ་ཞེས་པ་དུས་ལ་ལྟོས་ནས་སྦྱར་བར་བརྟེན་དེ་ལ་དབྱེ་བ་མང་པོ་ཞིག་བྱེད་དགོས་པ་ཐུག་པ་རེད། བོད་ཡིག་བྱ་ཚིག་ད་ལྟ་བ་འཇོག་ཚུལ་གྱི་གནད་དེ་ནི་སུམ་རྟགས་ལ་ཅུང་འདྲིས་ཕྱིན་སུས་ཀྱང་རྟོགས་ངེས་ཡིན་ལ་གལ་སྲིད་དེ་མ་རྟོགས་ན་ཧ་ཅང་མགོ་རྙོགས་ཤིག་ཏུ་མཐོང་ངེས་ཡིན།
བོད་སྐད་དུ་ང་ཡོང་གིན་ཡོད་ཅེས་པ་དེ་གཅིག་པུ་དེ་ཚིག་གྲོགས་ཀྱིས་བསྒྱུར་ན་ད་ལྟ་བ་སྤྱིར་བཏང་དང་། ད་ལྟ་བ་རྒྱུད་ལྡན་གཉིས་སྟོན་པར་འདོད་ན་སྔོན་གྱི་བརྡ་སྤྲོད་མཁན་རྣམས་དང་ཆེས་མཐུན་ཞིང་སྐྱོན་ཡང་མེད་པ་ཡིན། དེ་ནི་དཔེར་ན་དབྱིན་སྐད་དུའང། I am reading book ཞེས་བརྗོད་པ་གཅིག་པུ་དེ་སྐབས་དེར་ཀློགས་བཞིན་པ་ལའང་གོ་སྲིད་ལ། སྤྱིར་དེབ་དེ་ཀློག་རྒྱུ་འགོ་འཛུགས་ནས་མཇུག་མ་རྫོགས་པའི་སྐབས་ཀུན་ཏུ་བེད་སྤྱོད་གཏོང་ཆོག་པ་རེད། དེ་དང་མི་མཚུངས་པའི་རྒྱུ་མཚན་ཁྱོན་ནས་མི་འདུག་པར་འདོད།
དཔེར་ན་ད་སྐབས་འཁོར་ལོ་འཁོར་གྱིན་འདུག ཁྱོད་རང་མགྱོགས་པོ་ཤོག་ཅེས་བརྗོད་ན་སྐབས་དེ་དུས་འཁོར་བཞིན་པར་གོ་ཞིང་། དེང་སང་འཁོར་ལོ་འཁོར་གྱིན་འདུག་སེམས་ཁྲལ་མ་བྱེད་ཅེས་བརྗོད་ན་སྤྱིར་ད་ལྟ་བ་ཙམ་སྟོན་པ་ཚིག་གྲོགས་སྔ་ཕྱི་ལས་ཤེས་ནུས། དེས་ན་ཚིག་གྲོགས་དེ་གཅིག་པུ་དོན་གཉིས་ཀ་སྟོན་ཐུབ་ཅིང་། དེ་ལྟར་སྔོན་ནས་ད་ལྟའི་བར་དུ་ལག་ལེན་དུ་བསྟར་བ་ཡིན་པས་ད་སྐབས་གསར་དུ་བཅོས་དགོས་པའི་གནད་གང་ཡང་མ་མཐོང་།