ཨ་འདུས་མིག་ཆུ།
དབྱངས་གསལ་སོ་བཞི་ཡི་རྒྱུན་ཐག།
མི་རིགས་ཚེ་སྲོག་ཉིད་ལགས་ན།།
བསྲེས་སྐད་རྣོ་ཟུར་གྱི་སྟ་རེས།།
དུམ་བུར་གཅོད་པ་རང་མ་བྱེད།།
བོད་མི་ཡང་དག་ཅིག་འདོད་ན།།
ཕ་སྐད་གཙང་མ་ཞིག་བཤད་དེ།།
ཉམ་ངའི་མི་རིགས་ཀྱི་ཚེ་སྲོག།
སྐྱོབ་པའི་བསམ་བློ་ཞིག་ཐོངས་དང་།།
མི་རིགས་ལ་རྒྱ་ཞིག་ཡོད་ན།།
ཡོད་ཚད་བློ་གཏོང་ཤིག་མི་དགོས།།
ཉམ་ཆུང་མི་རིགས་ཀྱི་སྐད་ཡིག།
དོན་མེད་སྣང་ཆུང་ཞིག་མ་བྱེད།།
བོད་པའི་སྐད་ཡིག་ཅེས་འཆད་དུས།།
ཁ་གཉེར་སྣ་གཉེར་རང་མ་བྱེད།།
ཕ་མེས་ཡང་མེས་ཀྱི་གསུང་སྐད།།
འདི་ཉིད་ཁོ་ན་ལ་བརྟེན་ཡོད།།
ཕ་སྐད་ཡང་དག་ཅིག་བཤད་པར།།
སྒྲོ་ལ་སྔོན་པོ་རང་མེད་ཀྱང་།།
གདོང་དམར་མི་རིགས་ཞེས་འབོད་པ།།
སྐུ་ཚེ་ཡུན་བརྟན་ལ་ཕན་ཨང་།།
དབྱིན་ཡིག་ཡག་པོ་ཞིག་ཤེས་པས།།
མགོ་སེར་གྱུར་བ་རང་མིན་དུས།།
དབྱིན་སྐད་འབའ་ཞིག་ལ་མ་བརྩོན།།
བོད་པའི་ཤ་རུས་དེ་བྲལ་མེད།།
རིགས་ཞེན་འདུ་ཤེས་ཤིག་མེད་ན།།
སྨྲ་མཁན་ནེ་ཙོ་དང་ཅི་ཁྱད།།
ཕ་སྐད་གཙང་མ་ཞིག་མེད་ན།།
བོད་པ་ཡིན་དོན་ཞིག་མི་འདུག།
སུམ་རྟགས་དག་གསུམ་ལ་སྦྱངས་ཀྱང་།།
ལག་ལེན་ངོ་མ་ཞིག་མེད་ན།།
ཁ་བཤད་དོན་གནས་ཤིག་མིན་པས།།
རེ་བ་བྱེད་དོན་རང་མི་འདུག།
ཕྱི་སྐད་ཏ་ཏིག་ཅིག་ཤེས་པས།།
རང་སྐད་གཡུགས་པ་རང་མ་གནང་།།
ཚེ་གཅིག་ལུས་གཅིག་གི་རིང་ལ།།
སྐད་ཆ་འདི་ཉིད་ལ་བཅོལ་དགོས།།
ང་རང་སྐད་ཡིག་ལ་དུང་ནས།།
སེམས་ཀྱི་དུང་འཕྲིན་འདི་ཤོར་སོང་།།
སྤུན་ཟླ་སྙིང་ཁོང་ལ་མ་གནོད།།
ཡིད་ལ་འཛིན་རོག་གནང་ཞུ་འོ།།
སྦྲགས་མའི་སྐད་ཆ་རེ་བཤད་དུས།།
ཁ་ཕོའི་རྫིགས་མདོག་ཅིག་བལྟན་ཀི།།
དོན་ཀྱི་རང་སྐད་ལ་བལྟས་ན།།
ཀ་ཁ་མི་ཤེས་མཁན་ཚོ་སྐྱོ་ཨང་།།
གོང་གི་སློབ་གསོ་དེའི་བར་ནས།།
རང་སྐད་རིན་པོ་ཆེའི་ལས་དབང་།།
མི་འགྱང་མི་རྟག་པའི་མཆི་བ།།
ཡོང་པས་སེམས་པ་ནི་སྐྱོ་ཨང་།།
གཞན་སྐད་ཤེས་མཁན་རེ་ཡོད་ན།།
རང་གི་འཇོན་ཐང་ཞིག་ཡིན་ཀྱང་།།
མེས་པོའི་ཤུལ་བཞག་གི་ཕ་སྐད།།
ནམ་ཡང་ང་ཚོ་ཡི་སྲོག་ཡིན།
བོད་ལ་རྒྱལ་ཁབ་མེད་ན།
བོད་སྐད་ཡོད་པས་ཅི་ཕན།
གོ་ས་མེད་པའི་བོད་སྐད།
བཀོལ་རུང་གོ་ནི་མེད་ཀི།
རྒྱལ་ཁབ་དང་པོ་ཤོར་ན།
སྐད་དེ་གཉིས་པར་ཤོར་འགྲོ།
རིགས་གཞུང་གསུམ་པར་ཤོར་འགྲོ།
ཤོར་གསུམ་ཤོར་བ་ཆོས་ཉིད།
སྐད་འདི་མ་སྐྱོབས་གོང་ལ།།
བོད་འདི་སྐྱོབས་རྒྱུ་བྱུང་ན།
དོན་གོ་ཉིས་ཆོད་རེད་འདུག།
དེ་མིན་དོན་མེད་ལས་རེད།
ཨ་ཨ་་་་ད་ཡིན་ན་མི་མང་པོ་སྐུ་ཚེ་གཤེགས་སོང། དཀོན་མཆོག་གསུམ་པོ་མཁྱེན། འདི་རྣམས་ཀྱིས་རྣམས་ཤེས་བདེ་བ་ཅན་དུ་སྐྱེ་བར་ཤོགས། ༧རྒྱལ་བ་རིན་པོ་ཆེ་མཁྱེན།
བོད་མི་ཕོ་མོ་ནི་འགའ་རེའི།
བོད་པའི་རང་སྐད་སོགས་སྦྱངས་ཏེ།
མི་ཚེ་ཕྱེད་ཁ་རེ་རྫོགས་ཀྱང།
བསྒྲུབས་རྒྱུས་ལས་ག་ནི་མ་སྙེད།
མི་རིགས་མདུན་ལམ་གྱི་ཆེད་དུ།
རང་གི་མདུན་ལམ་དེ་བོར་ན།
བོད་རིགས་དྲག་ཞན་ནི་ཡོང་གྱིས།
འདི་ལ་བསམ་ཞིབ་ཞིག་གནང་རོག།
རིགས་གཞུང་མཁར་རྔ་རེ་སྡུང་ཀྱང།
རང་རིགས་མཁས་པ་འདི་རྣམས་ནི།
གོ་མེད་ཚོར་མེད་དུ་བཞག་ན།
རིན་ཐང་དེ་ཙམ་ཞིག་མིན་ནམ།
ལྕེ་དགུའི་གླེང་བ་ཡིས་དངོས་པོ།
གང་ལ་ཡོད་པ་ཡི་མི་དེ།
རིན་ཐང་དེ་ཙམ་ལས་མེད་ན།
དངོས་དེ་རྫུན་མ་རང་ཆག་འདུག།
དེ་ཕྱིར་གང་ཅན་པ་རྣམས་ལ།
གསོལ་བ་རྩེ་གཅིག་དུ་འདེབ་རྒྱུར།
རང་རིགས་ཤེས་ཡོན་ཅན་རྣམས་ལ།
ཕྱོགས་མེད་གུས་བཀུར་ཅིག་བྱས་ནས།
རང་གི་རིགས་གཞུང་གི་དངོས་འདིའི།
རིན་ཐང་རང་ཉིད་ཀྱི་གཞལ་ནས།
མ་འོང་གཞོན་སྐྱེས་ཀྱི་ཚོགས་རྣམས།
དུང་བའི་འོད་སྣང་ཞིག་བརྩལ་རོག།
ཕ་སྐད་ཀྱི་གཙང་མ་དུ་དགོས་ན།
རང་རིག་གི་སྐད་ཡིག་དེ་ཡོངས་རྫོགས།
འཆོལ་གསུམ་གྱི་བོད་སྐད་ཙམ་་མིན་པ།
ཧི་མ་ཡི་ལ་ད྄གས་་ཁུ་ནུ་དང་།
སྤི་ཏི་ཡི་ག་་ཤ་སླེ་མི་སོགས།
ལ་ཕྱི་དང་རྟ་དམགས་ཤར་པ་དག།
གནས་པ་་ཡི་ངག་སྒྲོས་ཡོད་ཚད་དུ།
ཕྱོགས་གཅིག་ཏུ་བསྡུས་སྟེ་ཚིག་མཛོད་ལ།
སྒྲིག་ན་ནི་ཕལ་ཆེརསྤྱི་སྐད་ལ།
གཅིག་སྒྱུར་གྱི་་ཐབ་ལམ་དེ་བརྟེན་རྗེས།
ཕན་འབྲས་ཀྱི་རེ་བ་ཨེ་ཡོད་བསམ།
དེ་མིན་གྱི་འདི་འཐད་མི་རུང་ཞེས།
ཕྱོགས་ཞེན་གྱི་ན་བུན་དེ་འཁྲིགས་ན།
ངལ་བ་་ཡི་རྩོལ་བས་ཅི་སྒྲུབས་ཀྱང།
མི་ཕན་གྱི་རྡོ་ཐོག་ཆུ་བླུག་དེ།
དགོས་མེད་ཀྱི་དཀའ་ལས་ཆེ་རོགས་ལས།
མི་སྒེར་གྱི་ཁེ་ཕན་སྒྲུབ་ཡག་གོ།
ད་དུང་རང་ཉིད་ཀྱི་སྐད་ཡིག་ལ་རང་ཉིད་ཀྱིས་གོ་ས་མ་བསྐྲུན་ན་སུ་ཞིག་གིས་བསྐྲུན་ངེས་སམ་གྲོགས་པོ་ཚོ་།
མིག་ཆུ་ལགས་ནས་གོ་བདེ་བའི་སྙ་ངག་ཡང་པོ་ཞིག་བྲིས་འདུག་ད་དུང་མང་ཟམ་ཡིན་ནོ་།
ཕ་སྐད་ལ་དུང་བ་དང་རྒྱུད་ང་མེད་ཚེ་རང་ཉིད་ཨ་ཕ་འི་ཡི་བུ་ཡིན་ཟེར་བ་མིང་ཙམ་དུ་ལུས་་པ་རེད་ལགས་།
ཕ་སྐད་ཤོད་པ་གལ་ཆེ་ཡང་། །
མ་སྐད་བོར་ན་གླེན་པ་ཡིན། །
མ་སྐད་ལས་ཀྱང་རྩ་ཆེ་བ། །
ཕ་སྐད་ཡིན་པའི་རྒྱུ་མཚན་ཅི། །