ཆབ་སྲིད་དཔྱད་གླེང་འདོན་ཐེངས ༣ པ་ལས་དྲངས།
ད་བལྟས་དུས་དབུ་མའི་ལམ་གྱི་ནང་དོན་རྒྱ་ནག་གཞུང་ལ་དངོས་ར་གསལ་འཕྲོད་བྱུང་ཡོད་ཅེས་པའི་སྡོམ་ཚིག་དེ་ནི་ཞེ་དྲག་དོན་དངོས་ཡིན་པ་རྟོགས་ཤིང། ཀྲུང་གོའི་བོད་ལྗོངས་དྲ་བའི་རྩོམ་སྒྲིག་པ་ཉིང་ཀྲེང་གིས་ཁ་སང་ཕྱི་ཚེས ༢༡ ཉིན་བསམ་ཚུལ་སྤེལ་བའི་ནང་”ཏཱ་ལའི་ཡིས་བརྗོད་བཞིན་པའི་དབུ་མའི་ལམ་ཞེས་པ་གང་ལ་གོ་དགོས་ཞེ་ན། བོད་རང་སྐྱོང་ལྗོངས་དང་བོད་ཁུལ་གཞན་པ་བཞིའི་བོད་མི་ཡོངས་གཅིག་གྱུར་གྱི་སྲིད་འཛིན་མངའ་ཁོངས་ནང་དོན་དངོས་དང་མཐུན་པའི་རང་སྐྱོང་བྱས་པ་བརྒྱུད། རང་ཁྱིམ་རང་བདག་བྱེད་པ་མངོན་འགྱུར་ཡོང་རྒྱུ་དང། ཕྱི་འབྲེལ་དང་རྒྱལ་སྲུང་ལས་དོན་ཕུད་པའི་བོད་ཀྱི་ལས་དོན་གཞན་པ་ཡོངས་རྫོགས་བོད་རིགས་མགོ་ཁྲིད་དང་བོད་རིགས་ལས་བྱེད་པས་འགན་ཁུར་དང་ཐག་གཅོད་རྒྱུ་དེ་རེད། ”ཟེར།
ཡིན་ནའང། ད་དུང་གནས་ཚུལ་ཁ་ཤས་གསལ་ཁ་བྱས་མེད་པ་ཞིག་ནི་ཕྱི་འབྲེལ་ལས་ཆབ་ཆབ་སྲིད་ཕྱི་འབྲེལ་ཕུད། ཚོང་ལས་དང་རིག་གནས་བརྗེ་རེས་ཀྱི་ཕྱི་འབྲེལ་རང་སྐྱོང་གཞུང་ལ་ཡོད་དགོས་པ་བསྟན་ཡོད། གཞན་དུ་བོད་ཀྱི་ལས་དོན་ཡོངས་རྫོགས་བོད་རིགས་ལས་བྱེད་རྐྱང་པས་ལེན་དགོས་པའི་ཁ་ཚོན་གཅོད་ཐུབ་ཀྱི་མ་རེད། ཅི་ལྟར་ཞེ་ན། ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་ཆ་རྐྱེན་ནི་བོད་ཀྱི་རང་སྐྱོང་གཞུང་ནང་མི་རིགས་གཞན་ཅི་ལྟར་གནས་མིན་སྐོར་རེད། གལ་སྲིད་རང་སྐྱོང་གཞུང་དེའི་ཁོངས་མི་རིགས་གཞན་གནས་མཁན་ཡོད་ཚེ། ཁོང་ཚོའང་འགྲོ་བ་མི་ཞིག་ཡིན་པས་འགྲོ་བ་མི་ལ་ཡོད་པའི་ཐོབ་ཐང་དང་འོས་འགན་ལ་རང་སྐྱོང་གཞུང་དེས་བརྩི་བཀུར་བྱེད་དགོས་སྟབས། རང་སྐྱོང་གཞུང་གི་ལས་བྱེད་ཡོངས་རྫོགས་བོད་པ་རྐྱང་རྐྱང་དགོས་ལབ་ན། རྩོམ་སྒྲིག་པ་ཉིང་ཀྲེང་ད་ལྟའི་རྒྱ་ནག་གི་གཅིག་སྡུད་སྒེར་གཅོད་ལམ་ལུགས་ལ་གོམས་དྲག་ནས་མཁྲིས་པ་ཅན་ལ་གནམ་ས་སེར་པོར་གྱུར་སོང་བ་རེད།
དབུ་མའི་ལམ་གྱི་ཚིག་ནི་ཆོས་ཚིག་རེད། ཆོས་ཀྱིས་ཕྱི་ཐུམ་རྒྱབ་པའི་ཆབ་སྲིད་ཀྱི་ལག་ཆ་ཁོ་ན་རེད། དེའི་རྒྱབ་ཏུ་རང་བཙན་འདུག དེའི་ངོ་བོ་རང་བཙན་དང་ཁྱད་པར་མེད། དབུ་མའི་ལམ་ལ་བརྟེན་ནས་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་གྱི་ཡོད་པ་དང། ༧གོང་ས་མཆོག་གིས་”ང་ཚོས་བོད་རང་བཙན་བྱེད་པ་དེ་ཕྱི་རྒྱལ་གྱི་བོད་པར་བརྟེན་དགོས་པ་མ་ཟད། ལྷག་པར་དུ་རྒྱལ་ནང་གི་བོད་པ་རྣམས་ལ་བརྟེན་དགོས་ལ། ཕ་ཡུལ་གྱི་བོད་པ་རྣམས་སྐུལ་སློང་ཐུབ་ན་ད་གཟོད་ཀྲུང་གུང་གི་དབང་སྒྱུར་མགོ་མཇུག་སློག་ཐུབ་ཅེས་བརྗོད་འདུག་”ཟེར།
རིག་པ་རྣལ་དུ་གནས་མཁན་ཞིག་ཡིན་ན་གཏམ་འདི་འདྲ་ལ་ལན་བཟློ་རྒྱུ་ནི་རྒྱ་སོས་དལ་ན་བྱ་དེ་ཆུ་ཁར་འདེད་ཅེས་པ་དང་གཅིག་པ་གཅིག་རྐྱང་རེད། ཆོས་ཀྱི་ཐ་སྙད་ཡིན་ན་འདྲ་ལ། བོད་ཀྱི་ནང་དོན་རིག་གནས་ནས་རྙེད་པའི་མིའི་དོན་དམ་གྱི་འཚོ་གནས་འཆའ་ཕྱོགས་ཀྱི་རིགས་པའི་གཞུང་ལུགས་ཤིག་ཡིན་ནའང་འདྲ། དེས་རྒྱ་ནག་རྒྱལ་ཁབ་དང་མི་མང་གི་མ་འོངས་པར་ཕན་པ་མ་གཏོགས་གནོད་དོགས་ཅི་ཞིག་འདུག་གམ། རྒྱ་ནག་རིག་གནས་ཕྱུག་པོ་དང་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་ཡིན་པ་བསྙོན་མེད་ཡིན་སྟབས། རྒྱ་ནག་མི་མང་ལ་CCTVསི་སི་གྲི་ཝེའི་ངོ་གདོང་གཅིག་པུ་མིན་པའི་འཛམ་གླིང་སྤྱིའི་གནས་ཚུལ་དང། བྱེ་བྲག་དབུ་མའི་ལམ་གྱི་རིགས་པའི་གཞུང་ལུགས་ཤེས་རྟོག་བྱེད་བཅུག་པ་ཡིན་ན། ད་གཟོད་རྒྱ་ནག་གཞུང་དང་རྩོམ་སྒྲིག་པ་ཉང་ཀྲིང་གཉིས་ཀས་དབུ་མའི་ལམ་ནི་ཆོས་ཀྱི་ཕྱི་ཐུམ་རྒྱབ་པའི་ཆབ་སྲིད་ཀྱི་རྩེད་ཆས་ཤིག་ཡིན་མིན་གྱི་ལན་འདེབས་གསལ་བོར་རྙེད་ཀྱི་རེད།
དབུ་མའི་ལམ་གྱི་ངོ་བོ་རང་བཙན་དང་ཁྱད་པར་མེད། དེའི་རྒྱབ་ཏུ་རང་བཙན་འདུག དབུ་མའི་ལམ་གྱིས་བོད་དོན་རྒྱལ་སྤྱི་ཅན་དུ་བསྒྱུར་སོང་ཞེས་འུ་ཐུག་པའི་སྡུག་སྐད་རྒྱབ་ན་དེས་ཅི་ཞིག་ཕན་ནམ། དབུ་མའི་ལམ་གྱི་ངོ་བོ་རང་བཙན་དང་ཁྱད་མེད་ན་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འདུག་རྒྱུར་ཅིའི་ཕྱིར་མོས་མཐུན་བྱས་པ་རེད་དམ། རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་པ་ཡིན་ན་རྒྱ་ནག་གི་རྒྱལ་དར་འཕྱར་བ་མ་རེད་དམ། རང་བཙན་རྩོད་ཀྱི་ཡོད་ན་རྒྱ་ནག་གི་རྒྱལ་དར་འཕྱར་གྱི་རེད་དམ། དབུ་མའི་ལམ་གྱི་རྒྱབ་ཏུ་རང་བཙན་ཡོད་ན། ཅི་ལྟར་ཡོད་པ་རེད་དམ། གོང་དུ་བཤད་པའི་རང་སྐྱོང་གི་གནས་བབ་དེ་འདྲ་ཞིག་བོད་ལ་སྤྲོད་སྐབས་རྒྱ་ནག་གཞུང་གིས་བྱིས་པར་པེད་ཤག་སྤྲོད་སྤྲོད་བྱེད་དམ། རང་སྐྱོང་སྤྲོད་པ་ལ་ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྐུ་ཚབ་ཀྱིས་མོས་མཐུན་དང་རང་དབང་ཡོད་པའི་ཐོག གྲོས་མཐུན་དོན་ཚན་བཅུ་བདུན་ལྟར་མིན་པའི་གྲོས་མཐུན་ཞིག་གམ་ཁྲིམས་ཡིག་གསར་བཟོ་བརྒྱུད་དེ་ལག་བསྟར་བྱེད་དགོས་པ་མ་རེད་དམ། གང་ལྟར་ལམ་སྲོལ་ཞིག་གི་ཐོག་ནས་རང་སྐྱོང་ངོ་མའི་ལམ་བུར་བསྐྱོད་ཐབས་བྱ་རྒྱུ་ནི་རྒྱ་ནག་གཞུང་ལ་ཉམས་མྱོང་ཆེན་པོ་ཡོད་པ་ལྟར། ཧོང་ཀོང་བརྗེད་ག་ལ་སྲིད།
དབུ་མའི་ལམ་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་བྱེད་པ་དེ་རྒྱ་ནག་ཁ་ཕྲལ་གྱི་ཆེད་དུ་ཡིན་ན། “ཕྱི་རྒྱལ་ཀྲུང་རྒོལ་ཚོགས་པ་”ཟེར་བའི་གཡོ་བྱུས་ཡིན་ན། བཙན་བྱོལ་བོད་མི་ཚོར་རང་བཙན་གྱི་མེ་སྦར་ཏེ་དཔལ་འབྱོར་གྱི་འགྲོ་སོང་ཕོན་ཆེ་བཏང། བོད་ནང་དུ་དཀྲོག་གཏམ་སྤེལ་བ་དང་རྒྱ་ནག་གི་ས་གནས་གནད་འགག་ཅན་ལ་གཏོར་སྐྱོན་གཏོང་བར། མི་བཞི་ནས་ལྔ་ཙམ་འདུས་པའི་སྒྲིག་འཛུགས་ཤིག་གིས་རྒྱ་ནག་དབུས་གཞུང་གཉིད་མི་ཁུག་པ་ཞིག་བཟོ་མི་ཐུབ་པ་ཅི་ལ་སྲིད། འོན་ཀྱང་བོད་མི་རྣམས་ཀྱིས་རང་བཙན་རྩོད་ཀྱི་མེད་པ་དང་༧གོང་ས་མཆོག་གི་བཀའ་དང་རྒྱུ་མཚན་རྙེད་པའི་ཐོག་ནས་འཚེ་མེད་ཞི་བའི་ལམ་ལ་ཤར་བསྐྱོད་བྱེད་ཀྱི་ཡོད་པས། དངོས་གནས་”རྒྱལ་ཕྱིའི་ཀྲུང་རྒོལ་ཚོགས་པ”་ཟེར་བ་ཞིག་ཡོད་ནའང་༧གོང་ས་མཆོག་གི་ལམ་སྟོན་ཡག་དག་ལ་ཡིད་ཆེས་རྙེད་པའི་བོད་མི་ཚོར་ཁོང་ཚོས་འབྲེལ་བ་བྱ་ཐུབ་པ་ཞིག་ཡོང་ཤེས་མེད། ལོ་རྒྱུས་ཀྱི་དཔེར་མཚོན་གཅིག་བཤད་ན། ༧བོད་གཞུང་བཙན་བྱོལ་དུ་འབྱོར་མ་ཐག་ཐའེ་ཝན་གོ་མན་ཏང་སྲིད་གཞུང་གིས་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་ཞི་དྲག་གི་མཐུན་རྐྱེན་བསྐྲུན་གྱི་ཡིན། གོ་མིན་ཏང་གི་མཉམ་དུ་གུང་བྲན་ཕམ་པར་རྒྱབ་སྟེ་སྐམ་ས་ཆེན་མོ་ཕྱིར་བླངས་རྗེས་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་རྒྱུར་ཅང་ཅེ་ཧྲི་རང་གིས་ཡི་གེར་བྲིས་པ་རེད། ཡིན་ནའང། ༧གོང་ས་མཆོག་གིས་སྐབས་དེ་ནས་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལངས་ཕྱོགས་འཛམ་གླིང་རྒྱལ་ཁག་གང་གིའང་བེད་སྤྱོད་འོག་མི་འགྲོ་བ་གསལ་བཏོན་བྱས་པ་དེ་བཞིན། གོ་མིན་ཏང་ལའང་དངོས་ཡོད་གསལ་སྟོན་གྱི་གསུང་ལན་གནང་སྟེ་ལངས་ཕྱོགས་དེ་ད་བར་འགྱུར་བ་ཕྲན་བུ་ཙམ་ཡང་ཐེབས་མེད་པས། རྩོམ་སྒྲིག་པ་ཉེང་ཀྲིང་གིས་ཡིག་ཚགས་རྙིང་པ་དེ་ཚོ་མཐོང་གིན་མཐོང་གིན་འདི་ལྟར་བརྗོད་ན། སྨྱུག་འཛིན་པའི་གཤིས་བབ་ཅིག་གང་ན་འདུག་གམ།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། རྒྱལ་སྤྱིའི་གཞུང་མང་ནང་དབུ་མའི་ལམ་གྱི་རྒྱབ་སྐྱོར་གནས་ཚད་ངེས་ཅན་དུ་སླེབས་པའི་ཁྲོད་ནས། ཨ་རིའི་ཕོ་བྲང་དཀར་པོ་གཙོས་སྲིད་འཛིན་ལས་ཁུངས་ཁག་ནས་དབུ་མའི་ལམ་ལ་ཅིའི་ཕྱིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ། སྐུ་ཞབས་ཨའོ་པ་མས་སྲིད་འཛིན་ཧུའུ་ཅིན་ཐོར་མཇལ་འཕྲད་གནང་སྐབས་གསལ་བོར་གསུངས་ཡོད་པ་མིན་ནམ། རྒྱ་ནག་གཞུང་གི་གནོད་ཤུགས་ལ་ཅི་མི་སྙམ་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལ་ལངས་ཕྱོགས་གསལ་བོ་ཞིག་ཡོད་པ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཚད་ལྡན་ཡིན་པ་དེ་གསལ་སྟོན་གནང་རྒྱུ་དེ་རེད་ལ། དེ་ནི་སྲིད་འཛིན་རྣམས་རྒྱ་གཞུང་གི་མགོ་ཁྲིད་ཚོར་མཇལ་འཕྲད་སྐབས་གསལ་ཞུ་ཟིན་པའི་གནད་དོན་ཞིག་ཀྱང་ཡིན་སྟབས། ལར་ནས་བོད་དོན་རྒྱལ་སྤྱི་ཅན་དུ་གྱུར་བའི་གཞི་རྩ་དབུ་མའི་ལམ་ལ་བརྟེན་ནས་ཅིའི་ཕྱིར་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་རྒྱལ་སྤྱིས་རྒྱ་ནག་ཁ་ཕྲལ་དུ་བཏང་བས་བྱུང་མ་རེད་ལ། རྒྱ་ནག་གི་ནང་སྲིད་ཁྲིམས་མཐུན་དང་མང་གཙོའི་ཕྱོགས་སུ་བསྐྱོད་འདོད་ཀྱིས་བྱུང་བ་རེད།
ཡང་རྩོམ་སྒྲིག་པས། ” ཏཱ་ལའི་ཡིས་བརྗོད་བཞིན་པའི་དབུ་མའི་ལམ་ཞེས་པས་ད་ཡོད་ཀྱི་ཀྲུང་གོའི་བོད་ལྗོངས་ཀྱི་སྲིད་ཇུས་མགོ་མཇུག་སློག་བསམ་གྱི་ཡོད་ཅིང་། དེའི་རྒྱབ་ལོགས་སུ་བོད་ཆེན་པོའི་དམིགས་ཡུལ་ངན་པ་སྤས་ཡོད། དེ་ནི་གཙོ་བོ་གཤམ་གྱི་དོན་ཚན་འགའ་ལས་མཐོང་ཐུབ། དང་པོ་ནི་བོད་དེ་ལོ་རྒྱུས་དང་རིག་གནས་སྟེང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་ལྟ་བ་འཛིན་པ་དང་། བོད་ནི་གནའ་ནས་བཟུང་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ་ཁས་མི་ལེན་པ། གཉིས་པ་ནི་ལོ་རྒྱུས་སྟེང་ཡོད་མ་མྱོང་བའི་བོད་ཆེན་པོའི་རེ་ངན་བཅངས་པ། གསུམ་པ་ནི་བོད་ལྗོངས་ཀྱི་ད་ཡོད་ལམ་ལུགས་མགོ་མཇུག་སློག་བསམ་པ། བཞི་བ་ནི་ཀྲུང་དབྱང་ལ་དམག་དཔུང་ཡོངས་རྫོགས་བོད་ཁུལ་ཡོངས་ནས་ཕྱིར་འཐེན་བྱེད་དགོས་པའི་བླང་བྱ་བཏོན་པ། ལྔ་བ་ནི་མི་རིགས་གཞན་པ་ཡོངས་རྫོགས་བོད་ནས་ཕྱིར་ལོག་དགོས་པའི་བླང་བྱ་བཏོན་པ་བཅས་རེད།” ཟེར།
འདི་ནི་རྩོམ་སྒྲིག་པས་གོ་བ་ལེན་ཕྱོགས་ནོར་མེད་པའི་ངོས་དག་རེད། ཀྲུང་གོའི་བོད་ལྗོངས་ཟེར་བ་ཙམ་མིན་པར་བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་གི་འོག་གནས་དགོས་པ་དང། དེར་འཛིན་པའི་སྲིད་བྱུས། དེའི་མི་མང་གི་མངོན་འདོད་དང་འཚམས་པ་དགོས་སྟབས། ད་ལྟའི་བོད་ཐོག་འཛིན་པའི་སྲིད་བྱུས་མགོ་རྟིང་སློག་དགོས་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། བོད་ལོ་རྒྱུས་སྟེང་རང་བཙན་གཙང་མའི་རྒྱལ་ཁབ་མིན་པ་སྐབས་རེར་གཅིག་གིས་གཅིག་ལ་དབང་བསྒྱུར་དུས་ཐུང་ཙམ་བྱུང་བས་སྒྲུབ་མི་ཐུབ་ལ། ལོ་རྒྱུས་སྟེང་མེད་པའི་གཞི་འཛིན་ས་ཞིག་འཚོལ་གྱི་ཡོད་ན། རྒྱ་ནག་གཞུང་གིས་བོད་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བ། ༡ གནའ་སྔ་མོ་སྔ་མོ་ཞིག་ནས་ཟེར་བ་དང། ༢ རྒྱ་མོ་ཀོང་ཇོ་བཙན་པོའི་ཁབ་ཏུ་བཞེས་རྗེས། ༣ ཡོན་རྒྱབ་རབས་སྐབས་ནས་ཟེར་བ་སོགས། མཐར་བཤད་སྟངས་གསུམ་པ་དེར་ཟགས་ཡོད་ཀྱང། ཉིན་ཞིག་གྲོས་མཐུན་དོན་ཚན་བཅུ་བདུན་ནས་ཟེར་མི་དགོས་པའི་ངེས་པ་མེད་སྟབས། ལོ་རྒྱུས་ཀྱི་གཞི་འཛིན་ས་ཡོད་པ་བལྟས་པ་ཙམ་གྱིས་ཤེས་ཐུབ།དོན་ཚན་ ༤ དང་ ༥ གཉིས་ནི་དེ་སྔ་གུས་བས་ལན་འདེབས་ཚོགས་ཆུང་དུ་ལས་ཀ་བྱེད་དུས་ནས་ཡང་ནས་བསྐྱར་དུ་ལན་འདེབས་ཟིན་པ་ཞིག་ཡིན་སྟབས། རྫུན་གཏམ་ལན་བརྒྱར་སྨྲས་ཏེ་བདེན་པར་རེ་བའི་མའོ་ཙེ་ཏུང་གི་བསླབ་བྱ་དེ་ད་དུང་རྒྱ་ནག་གཞུང་གིས་དོར་མེད་པ་གསལ་བོ་རེད།
དབུ་མའི་ལམ་ནས་བཏོན་པའི་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ནང། བོད་ཁུལ་དུ་གྲངས་ཚད་ངེས་ཅན་གྱི་དམག་དཔུང་འཇོག་དགོས་པ་དང། རྡུལ་ཕྲན་མཚོན་ཆའི་རིགས་ལྐོག་བཟོ་བྱེད་པ་རྣམས་ཡོངས་སུ་ཕྱིར་འཐེན་བྱ་རྒྱུ་ལས། དམག་དཔུང་ཡོངས་རྫོགས་ཕྱིར་འཐེན་དགོས་ཚུལ་སུས་ཚུལ་ཅི་ལྟར་གནས་གང་དུ་བརྗོད་འདུག་གམ། དེ་བཞིན་དེ་འདྲའི་རང་སྐྱོང་ས་ཁུལ་ནང་མི་རིགས་གཞན་པ་ཡོངས་རྫོགས་ཕྱིར་སློག་དགོས་ཚུལ་ཚིག་ཟུར་ཙམ་ཡང་ཐོན་མེད་པ་རེད། དེ་ནི་རང་སྐྱོང་༼ བསམ་འཆར ༽་དོན་ཚན་༤ པའི་ནང་གསེས ༡༠ པའི་ཕྱོགས་མི་དོ་དམ་བྱེད་ཕྱོགས་ཀྱི་ནང་དུ། ” བོད་ནང་གཏན་དུ་གཞིས་ཆགས་པ་དང་། དུས་ཡུན་རིང་པོ་ནས་གནས་སྡོད་འཚར་ལོངས་བྱས་པ་རྣམས་ཕྱིར་འབུད་བྱེད་རྒྱུ་ང་ཚོའི་ཀུན་སློང་མིན། ང་ཚོའི་སེམས་འཚབ་བྱེད་གཞི་རྒྱ་རིགས་གཙོས་པའི་མི་རིགས་གཞན་འབོར་ཆེན་སྤོ་ཤུགས་བྱེད་རྒྱུའི་སྐུལ་སློང་བྱེད་པའི་དབང་གིས་ད་ཡོད་སྤྱི་ཚོགས་ལ་འཕོ་འགྱུར་དང། བོད་མི་རྣམས་གྲངས་ཉུང་ཆགས་པ། ཧ་ཅང་འཇིག་སླ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཉེན་ཚབས་བཟོས་ཡོད་པ་དེ་དག་ཡིན།”ཅེས་ཉི་ཤར་སྤར་མོས་ཁེབས་མི་ཐུབ་པ་ཞིག་གསུང་མི་འདུག་གམ།
དེས་ནས་རྩོམ་སྒྲིག་པ་ཉེང་ཀྲིང་ལགས་ནས་ཁོ་བོས་དེ་རིང་གཟའ་ཉི་མ་ཡིན་པ་སྟབས་འགྲིག་ནས་ཁྱེད་ཀྱི་ལོག་གཏམ་ལ་ལམ་སྟོན་བྱས་ཡོད་པ་འདི་གཞར་ཡང་མི་ནུབ་པར་སེམས་སུ་ཉར་ནས། དངོས་གནས་བོད་རྒྱ་མི་རིགས་ལ་ཕན་སེམས་ཡོད་པ་དང། ཀྲུང་གོའི་འོད་སྟོང་འབར་བའི་མདུན་ལམ་ལ་བསམ་བློ་གཏོང་གི་ཡོད་ན། བོད་རིགས་ཚུད་པའི་གྲངས་ཉུང་མི་རིགས་ཁག་གི་དངོས་ཡོད་གནས་བབ་རྩོམ་ཡིག་གི་ལམ་ནས་རྒྱ་ནག་གཞུང་ལ་མིག་སྟོན་གནང་སྟེ་ཡང་དག་པའི་ལམ་བུར་བསྐྱོད་པ་ཡིན་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་བོད་མི་རིགས་གཉིས་ཀྱི་འཕྲལ་ཕུགས་གཉིས་ལ་དེས་ཕན་པ་ཡིན།།།
༢༠༡༢། ༧། ༢༢། ཉིན།
རྒྱ་ནག་གཞུང་གི་འཁྱོག་བཤད་ལ་དུས་ལྟར་ལན་འདེབས་བྱ་རྒྱུ་ནི་བོད་རིགས་ཤེས་ལྡན་པ་སྤྱི་ལ་འཁྲི་བའི་འོས་འགན་ཞིག་ཡིན་སྟབས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལན་འདེབས་ཀྱི་རྩོམ་འབྲི་བ་མང་དུ་ཐོན་རྒྱུར་ཆབ་སྲིད་དཔྱད་གླེང་གསར་འཕྲིན་གྱིས་རེ་བ་བྱེད་ཀྱིན་ཡོད།
འཇམ་དབྱངས་ནོར་བུས་འདི་ཟེར་གྱི་འདུག
སྒྲིག་འཛུཊ་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད།
འདོན་སྤེལ། ༢༠༡༢/༠༧/༠༢
ཉེ་བའི་ལོ་འགའི་ནང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་པའི་ཐད། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལུགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་མེར་བསྲེགས་ལས་འགུལ་ཐོག་ཕྱག་ལས་གནང་སྟངས་ལ་འདོད་པ་ཁེངས་ཀྱི་ཡོད་མེད་དང་། མེད་ཚེ་ལས་དོན་གང་འདྲ་ཞིག་བརྩམ་དགོས་པར་མཐོང་གི་ཡོད་དམ།
ལན། ད་སྐད་ཆ་དྲང་པོར་བཤད་ན། སྔོན་མ་བཙན་བྱོལ་གཞུང་ཞིག་ཡོད་པ་རེད། ད་ལྟ་སྒྲིག་འཛུགས་ཡིན་གཞུང་མིན་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ལ་ཅི་གང་ལབ་རྒྱུ་མེད། སྒྲིག་འཛུགས་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད། སྔོན་མ་ནས་རེ་བ་བཅོལ་བསྡད་ན་མར་ཆགས་ཡོང་དུས། ངས་མང་པོ་བཤད་བསྡད་ན་ཆོ་མི་འདུག ཕན་ཐོགས་ཀྱི་མི་འདུག དངོས་ནས་རང་གི་གཞུང་ཡིན་ན་བརྩེ་དུང་ཞུ་དགོས་པ་རེད། ད་འདི་སྒྲིག་འཛུགས་ཤིག་རེད། ད་ང་རང་ཚོ་བོད་མི་སོ་སོ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་དགོས་ཀྱི་འདུག འདི་ལ་རེ་བ་བཅོལ་ནས་བསྡད་ན་ཆོ་གཅིག་ཀྱང་མི་འདུག འདི་ནས་ཅིག་མ་འགྲིག་པར་ཁ་བཏང་སྟེ། ལས་ཀ་ཞིག་བྱེད་དགོས་པ་རེད་ཟེར་ནས་ལབ་ས་ཡོད་པ་མ་རེད། ཁོ་ཚོར་འདི་ལས་ལྷག་པ་ཞིག་འཇོན་རྒྱུ་ཡོད་པ་མ་རེད། དཔེར་ན། མི་མིག་མེད་མཁན་ཞིག་ལ་མཐོང་དགོས་པ་རེད་ཅེས་ལབ་ན་འགྲིག་གི་མ་རེད། ཁོ་ཚོས་ད་ལྟ་ད་དུང་རྒྱ་ནག་ལ་རེ་བཅོལ་བསྡད་ཡོད་པ་རེད།
འཐབ་རྩོད་ཀྱི་གནས་བབ་དཔེ་དང་སྦྱར་བ།
༧གོང་ས་མཆོག་གི་ཐུགས་དགོངས་ལས་འཁྲུངས་པའི་བོད་ཀྱི་ལས་དབང་ཐག་གཅོད་ཀྱི་སྣེ་མོ་གཅིག་སྟེ། མིང་དུ་གྲགས་པའི་དབུ་མའི་ལམ། འདིའི་སྲོལ་གོང་ས་མཆོག་གིས་བཏོད་ཅིང་། དད་པའི་རྗེས་འབྲང་ཁག་དང་གྲགས་པའི་རྗེས་འབྲང་ཁག་ནས་འདྲ་ཆགས་ཆགས་དང་འབྲེལ་ཡོད་ཡོད་ལྟ་བུས། ཁ་མཁས་དང་ཚིག་སྙན་ལྟ་བུས། འཇམ་པོ་དང་རྩུབ་པོས། བཙན་དབང་དང་རྒྱུད་བསྐུལ་སོགས་གང་འདུལ་གྱི་ཐབས་ཚུལ་སྣ་ཚོགས་བེད་སྤྱད་དེ་དར་ཁྱབ་ཕྱིན་པ་རེད་འདུག
དེ་མིན་རང་བཙན་གྱི་ལྟ་གྲུབ་ནི། མགོ་ཁུངས་ལོ་རྒྱུས་ལ་ཐུག་ཅིང་། རྩ་བ་སེམས་ཤུགས་དང་ལ་རྒྱ་ལ་བརྟེན་དེ་ད་སྐབས་མ་ཤི་གསོན་ཙམ་བྱུང་བ་ཡིན་འདུག འདི་གཉིས་ཀ་བོད་ཀྱི་རྩ་དོན་བསྒྲུབ་པའི་ཐབས་ལམ་རེ་ཡིན་པ་ཡོངས་སུ་ཁ་མཐུན་པ་ཡིན་ལ། གཉིས་ཀར་འཚེ་མེད་ཞི་བའི་ཐབས་ལམ་བརྒྱུད་དེ་ཕེབས་ན་དུས་དང་འཚམས་མིན་མི་ཤེས་ཀྱང་། འུ་ཚོའི་འཐབ་རྩོད་པའི་ཁ་སྟབས་དང་གནས་བབ་ལ་བལྟོས་ན་ནི་འོས་འཚམས་ཡིན།
དམིགས་ཡུལ་འདྲ་ས་ནི་བོད་ཀྱི་མདུན་ལམ་རེད་ལ་མི་འདྲ་ས་ནི་རང་བཙན་དང་རང་སྐྱོང་གི་བར་ཁྱད་རེད། དམིགས་ཡུལ་རེ་བསྙེགས་ཀྱིས་ཐབས་ལམ་སྒྲུབ་བྱེད་ནི་མཐུན་རྐྱེན་ཉུང་ལ་འགལ་རྐྱེན་མང་བས། བློས་གཏོང་ཆེ་ཆུང་དང་བསྟུན་མཁས་བྱས་མིན་གྱིས་རྒྱུ་ཚོགས་ལ་ཕན་དགེ་གནོད་གྲོགས་འགྲོ་བ་དེ་འདྲ་ལར་ནས་མ་རེད།
སྒྲུབ་ཚུལ་ནི། སློང་སྟེ་བསྒྲུབས་པ་དང་བརྩད་དེ་བསྒྲུབས་པའི་ཁྱད་པར་ཏེ། དཔེར་ན། ལོངས་སྤྱོད་རང་ཉིད་དང་བཅས་པར་དབང་བའི་བདག་པོར་བྲན་འབང་གིས་ཁ་དབང་སློང་བ་དང་། ལོ་རྒྱུས་ཀྱི་དཔང་ཐུབ་པའི་ཁ་དབང་ས་ཁང་དང་བཅས་པར་གཞན་གྱིས་བཙན་འཕྲོག་བྱས་པར། རང་ནོར་རང་བདག་དང་ཁ་དབང་ཕྱིར་སློག་དགོས་པ་འདྲ་མཉམ་དང་གནས་ལུགས་ལྡན་པའི་སྒོ་ནས་འཐད་སྒྲུབ་དང་འཐབ་རྩོད་བྱེད་པ་ལྟ་བུའོ།
ཁྱོད་དང་ཁ་དབང་ཡོངས་རྫོགས་དབང་བའི་བདག་པོས་ཁྱོད་ལ་བྱམས་བརྩེས་གཟིགས་པ་མི་དམན་ན། ཁྱོད་ཀྱི་རེ་འདོད་བསྐང་སྲིད་ལ་མི་བསྐངས་ཤས་ཀྱང་ཆེ། གལ་སྲིད་མ་བསྐངས་བའི་དབང་དུ་བཏང་ན་ཁྱོད་ཀྱིས་གཏུགས་བཤེར་བྱེད་ས་མེད་ལ་ངོ་རྒོལ་བྱེད་ས་ཡང་དེ་བས་མེད། རྒྱུ་མཚན། ཁྱོད་དང་ཁ་དབང་བཅས་པ་ཁོ་ལ་དབང་ཞིང་ཁོ་ལ་དག་པས་སོ།
སྐབས་དེ་དུས་དྲང་བདེན་གྱིས་ཐིག་བཟུང་བའི་བར་དཔང་དང་གཟུ་བ་རྣམ་པས་ཀྱང་། དགེ་བལྟོས་ཉམས་གཟིགས་ལྟ་བུས་གཅིག་གནང་ན་ལས་མ་གནང་ཡང་ཟེར་མེད་གཏམ་མེད་ལྟ་བུའི་གཟུ་དང་དཔང་འཕེན་ངེས་པས། ཁྱོད་ནི་བདག་པོ་དང་འགྲས་ཤིང་ཁ་དབང་ཡང་མེད་པའི་ཚ་ཤོར་མཛོ་ཤོར་ལས་འོང་རྒྱུ་ཅི་ཡང་མེད་དོ། དེའི་ཚེ་བཙན་གནོན་དང་སྒེར་སྤྱོད་སོགས་ཀྱང་དེ་ཙམ་འབོད་འོས་མི་ཆེ་སྟེ། ཁོ་རང་ལ་དབང་བའི་ཅ་དངོས་དང་། ཁོ་རང་སྒེར་གྱི་བྲན་གཡོག་བེད་སྤྱོད་ཇི་ལྟར་གཏང་རུང་ཁོ་རང་བདག་དབང་ཡིན་པས་སུ་ལ་ཡང་ཐེ་གཏོགས་བྱ་དབང་མེད་པས་སོ།
གཞན་ལོ་རྒྱུས་ཀྱི་དཔང་དང་བཅས་པའི་གྱོད་དོན་གཏུགས་བཤེར་གྱིས་སྒོ་ནས་ཁ་དབང་ས་ཁང་དང་བཅས་པར་ཕྱིར་སློག་བྱ་དགོས་ངན་བགྲང་རྩོད་བརྒྱག་གིས་རྒྱུན་བསྐྱངས་ཕྱིན་ཚེ། ཁ་དབང་ཕྱིར་སློག་བྱ་སྲིད་ལ་མི་སློག་ཀྱང་སྲིད། གལ་སྲིད་ཕྱིར་སློག་མ་བྱས་ཀྱང་དེ་ཙམ་གྱིས་ཚར་བ་མ་ཡིན་པས་གཟུ་དཔང་བཙལ། ངོ་བསྲུང་ཟས་ཕྱིར་མི་འབྲང་བར་བདེན་པའི་རྒྱབ་ཏུ་ལང་བའི་གཟུ་དཔང་ཞིག་ད་སྔོན་འཇིག་རྟེན་འདིར་སྐྱེ་མེད་དབང་དུ་བཏང་ཡང་། ད་ཕྱིན་མི་སྐྱེ་བའི་མ་ངེས་པས་དེའི་ཁ་རྩར་ཉེས་དོན་གཏུགས་བཤེར་གླེང་། སྟབས་ཡག་ན་ཁ་དབང་ས་ཁང་བཅས་པར་ཁྱོད་ལ་དབང་བའི་བཅད་ཁྲ་ཞིག་བདེན་དོན་ལ་གཞི་བཅོལ་ནས་གཏང་སྲིད་པ་རེད།
དེ་ནས་དོ་བདག་གཟུ་དཔང་དང་བཅས་པས་དྲང་གཏམ་ཞིག་གཏན་ནས་མ་གླེང་ན། ད་ནི་ཁྱོད་རང་ལམ་འགག་གཉིས་ལས་མེད་པ་རེད། གཅིག་དེ་ཁོའི་ཁ་འོག་ལག་འོག་ཏུ་འགྲོ་ཤེས་ཝ་མོ་དང་། འདུག་ཤེས་རི་བོང་བཟོ་རྒྱུ་རེད། གཅིག་དེ་རང་ནུས་ལ་དཔག་པའི་ངོ་རྒོལ་ཐག་ཆོད་པ་གཅིག་བཟོ་རྒྱུ་དེ་རེད། དཔེ་དེ་དང་འདྲ་བར་འུ་ཚང་གི་འཐབ་རྩོད་ཀྱང་གཅིག་པ་རེད་པས་ད་ནི་གདམ་ཁ་ནོར་མི་ཉེན་པའི་དུས་ལ་སླེབས་ནས་འདུག་བསམ།
གཞན་གནས་བབ་དང་དགོས་དབང་ལྟ་བུའི་ཁ་མཛེས་ཀྱིས་བཤད་པ་རིང་མོ་དེ་ཚོར། རྣ་བར་དེ་ཙམ་འཕྲོད་མ་བྱུང་ལ། ཡིད་ལ་དེ་ཙམ་ཞིམ་མ་བྱུང་། མ་ཟད་གཏམ་བཤད་ལ་བློ་ཡིད་འགུགས་པའི་བདེན་དོན་མེད་ན། ཚིག་ཚོགས་ཙམ་གྱིས་ཡིད་ཆེས་མི་སྐྱེ་འདུག་ལ། བཤད་ཡམ་ཙམ་གྱིས་དྭང་བ་མི་འདྲེན་འདུག་པས་དགོས་དམིགས་དང་འབྲེལ་བའི་བཤད་པ་རིང་ཐུང་ཅི་ཞིག་ཡིན་རུང་གནས་ལུགས་ཀྱིས་ཕྱུག་དགོས་ལ། རྒྱུ་མཚན་གྱིས་བལྟམ་དགོས།
དབུ་མའི་ལམ་ལས་གཞན་དུ་བྱོལ་ནས་བསམ་ཚུལ་གྱི་གླེང་ཞིག་བསླངས་ན། ༧རྒྱལ་བའི་བཀའ་ལ་གྱེན་ཟློག་དང་། བཙན་བྱོལ་གཞུང་གི་ཁ་གཏད་ཡིན་པ། མཐོ་བ་ཟམ་གདོང་བླ་མ་ནས་ཐ་མ་ཤར་ཁུག་བར་གྱིས་བརྗོད་ཅིང་བཤད་པས། ད་སྐབས་རང་བཙན་འཐབ་རྩོད་པ་དག་ནི་མི་གྲལ་ནས་བུད་གྲབས་འདུག འདི་ནི་འུ་ཚང་ལ་བདེན་རྫུན་སྲང་ལ་འཇལ་བའི་བློ་མིག་དང་རང་ཚུགས་ཅན་གྱི་མི་མེད་སོང་བས་རེད་མ་གཏོགས་དངོས་གནས་བྱས་ན། བོད་འཆི་ལམ་ནས་བསྐྱབ་མཁན་རང་བཙན་པ་དང་དབུ་མ་པ་སུ་ཡིན་ཟམ་གདོང་རང་ཉིད་ལ་ཅི་ཆ་མེད་ན་གཞན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ།
དེས་ན་ད་ནི་མི་ཁས་འཇིགས་མིན་ཙམ་དང་གྲགས་པས་འུར་རྒྱུག་ཙམ་མིན་པར་འདིའི་ཕྱོགས་ལ། སྒྲུབ་བྱེད་སྔོན་དུ་བཙལ་ནས་དམ་བཅའ་རྗེས་ལ་འཇོག་པའི་གནས་སྟངས་ལས་དམ་བཅའ་སྔོན་ལ་བཞག་སྒྲུབ་བྱེད་རྗེས་སུ་བཙལ་བའི་ལད་མོ་འདི་ཚོ་གནང་ཐལ་ཆེ་རྒྱུ་མི་འདུག་བསམ་མོ།
འདོན་སྤེལ།: ༢༠༡༢/༠༩/༠༤
གོང་གི་རྩོམ་ཡིག་དེ་ནི་གྱད་ལྷ་དགས་དུས་བབ་ཏུ་ཟིན་བྲིས་བཏབས་པ་ཁོ་བོས་འདིར་བཀོད་པ་ཡིན་ནོ།
ལྷ་མཚོ་ཟེར་ན་འདྲ། ཤར་ཁུག་ཟེར་ན་འདྲ། བློ་བཟང་ཆོས་འབྱོར་ཟེར་ན་འདྲ། མི་གཅིག་རེད་འདུག་བ། ཡང་འཇམ་ནོར་ལ་རྙོག་འཛིན་བྱེད་གི་འདུག་བ། ལྟས་ངན་ཁྱོད་ཁ་ཚུམ། བོད་སྤྱི་ལ་ཕན་པའི་སྐད་ཆ་ནི་ཚིག་གཅིག་བཤད་རྒྱུ་ཡོད་མ་རེད། དྲྭ་ཚུགས་དུ་མི་འདི་འདྲ་ཞིག་གི་མཆན་བུ་ག་རེ་བྱས་ནས་བཏང་གཅུག་གི་ཡོད་ན་ཨ།