སོག་མདའ།
ཁྱིམ་གྱི་བཟའ་ཟླ་བོད་པའི་རིགས་རྒྱུད་མིན།།
སྒོ་ཡི་སྒོ་ཁྱི་འབྲོག་གི་སྟག་ཕྲུག་མིན།།
རང་ཉིད་འདུག་ས་བོད་པའི་ཕ་ས་མིན།།
རང་ཉིད་སུ་ཡིན་མ་ཤེས་ཧད་དེ་ཡོད།།
སྐད་ཆ་བཤད་པ་བོད་སྐད་གཙང་མ་མིན།།
ལྭ་བ་གོན་པ་བོད་ལྭ་གྲལ་དག་མིན།།
ཁ་ཟས་ཟ་བ་བོད་ཟས་ངོ་མ་མིན།།
བོད་པ་གཙང་མ་ཡིན་མིན་ཐེ་ཚོམ་ཡོད།།
སྐེ་ན་འཁྱིལ་བའི་བ་སོའི་ཕྲེང་བ་མེད།།
ལག་ན་སྐོར་བའི་མ་ཎིའི་འཁོར་ལོ་མེད།།
ངག་ནས་འདོན་པའི་ཡིག་དྲུག་མ་ཎི་མེད།།
བོད་པ་ཡིན་མིན་སྐད་ཆ་དྲིས་ནས་ཡོད།།
གཞུང་རྒྱུད་དྲང་བའི་གཤིས་བཟང་ཡིད་ན་མེད།།
གཞན་ཕན་བསམ་པའི་སེམས་རྒྱ་ཁོག་ན་མེད།།
གུས་པའི་ཚིག་གི་ཞེ་ས་བློ་ན་མེད།།
ཡ་རབས་བོད་པ་ཡིན་མིན་དོགས་པ་ཡོད།།
ཕུག་ན་མཆོད་ཁྲིར་བཤམས་པའི་ཐང་ཀ་མེད།།
བར་ན་མཆོད་པ་འབུལ་སའི་མཆོད་རྐོང་མེད།།
འདབས་ན་གཙང་སེལ་བྱེད་པའི་གཟིམ་སྤོས་མེད།།
བོད་པའི་སྲོལ་རྒྱུན་ཉར་མིན་དོགས་པ་ཡོད།།
ཕྱི་ན་བསང་གསོལ་ཕུད་སའི་བསང་ཁྲི་མེད།།
གམ་ན་ཚ་གསུར་ཕུལ་སའི་གསུར་རྐོ་མེད།།
ལོགས་ན་འཕྲེད་ཀྱིས་འཐེན་པའི་དར་ལྕོག་མེད།།
བོད་པའི་ཁྱིམ་ཚང་ཡིན་མིན་དོགས་པ་ཡོད།།
སྒོ་ན་རྡང་ལ་འདོགས་པའི་སྒོ་ཕྱུགས་མེད།།
ཞིང་ན་ཡུར་མ་ཡུར་པའི་འབྲུ་རིགསམེད།།
དགོན་ལ་མཆོད་མཇལ་བྱེད་སའི་འདུ་ཁང་མེད།།
བོད་པའི་གནས་ཡུལ་རང་གིས་བོར་ནས་ཡོད།།
བྱམས་སྐྱོང་སེམས་ནས་བྱེད་སའི་ཕ་མ་མེད།།
བརྩེ་བ་གཅིག་ལ་བརྒྱུས་པའི་ཕུ་ནུ་མེད།།
སེམས་ཀྱི་གཏིང་ནས་གཅེས་པའི་བུ་ཕྲུག་མེད།།
རང་སེམས་བོད་པ་ཡིན་པ་བོར་ནས་ཡོད།།
སྦྲ་ནག་གྲུ་བཞིའི་གཡང་གི་མགོ་སྦྲ་མེད།།
སྒྲོ་བ་སྣུམ་པོ་བརྩིགས་པའི་དོ་བོ་མེད།
སྒྱེད་བུ་འོ་ཇ་སྐོལ་སའི་ཐབ་ཀ་མེད།།
བོད་ཁྱིམ་གཙང་མ་ཡིན་མིན་དོགས་པ་ཡོད།།
གནའ་གཏམ་རིང་མོ་བཤད་པའི་ཨ་མྱེས་མེད།།
ཨ་མེད་མེད་དགུ་བཤད་ནས་ཁེད་པ་མེད།།
གེ་སར་སྒྲུང་རིང་བཤད་པའི་སྒྲུང་བ་མེད།།
གནའ་མྱི་བོད་པ་ཡོད་མིན་ཐེ་ཚོམ་ཡོད།།
ཨ་ལ་ཐ་ལ་འགུགས་པའི་དྲུག་འགྱུར་མེད།།
ལ་གཞས་དབྱངས་ལ་འགུགས་པའི་རྩེད་ར་མེད།།
རྟ་ནག་སྒྲོག་འགྲོས་ལེན་པའི་གླིང་བུ་མེད།།
བོད་པའི་དབྱངས་རྟ་ཨེ་ཡོད་ཐེ་ཚོམ་ཡིན།།
མེད་མེད་འདྲ་བའི་མུ་གེའི་སྐད་ངན་འདི།།
རང་གིས་རང་ལ་བྲིས་པའི་ཐེར་འདོན་ཡིན།།
ང་དང་མཚུངས་པའི་མི་འདྲ་ཡོད་གྱུར་ན།།
ཀུན་གྱི་བགོ་བྱ་བྱས་ཀྱང་རང་དབང་ཡིན།།
གང་ན་མེད་དང་འདི་ན་མེད།
གསལ་ཁ་མེད་པར་མ་གསུང་རོགས།།
མེད་དགུ་ཤོར་བའི་མི་བུ་ལ།།
དེ་འདྲའི་བསམ་བློ་གུད་པོ་ཞིག།
་་་་་་་་་ ་་་་་་་་་
ཀློག་ཡ་ལ་ཡག་པོ་འདུག། ཁྱོད་འདྲ་བ་མང་ན་ཡང་། ཁྱོད་འདྲ་བའི་བསམ་བློ་གུ་དོག་ཅན་ཡོད་ཚོད་མི་འདུག། ཨ་དགའ་ལོ་ལོ།
རང་སྐད་གཙང་མ་ངག་ན་མེད།།
བོད་པའི་ཕྱུ་བ་ལུས་ལ་མེད།།
རྩམ་པ་སྐྱ་བོ་ཟ་མྱོང་མེད།།
རང་ཡུལ་བརྗེད་པའི་བོད་པ་མང་།།
བོད་སར་དགའ་དང་བོད་ཆོས་དད་དང་ལྡན། །
བོད་ཀྱི་ལེགས་གཞུང་དག་ལ་དགའ་འཚོར་ཅན། །
བོད་རིགས་ཡོད་ཚད་བོད་རིགས་གཙང་མ་རེད། །
བོད་སྐད་ཤེས་དང་མི་ཤེས་གཉིས་ཀ་ཡོད། །
ཕེབས་པ་དགའ་དྲ་གྲོགས་ཚོ།འདི་ནི་ང་རང་ལ་བྲིས་པ་ཡིན་པ་ལས།གཞན་དེ་འདྲ་རེད་ཅེས་བརྗོད་ཀྱི་།གསལ་ཁ་ངེས་པ་གལ།
སོག་མདའ་ལགས་རྒྱུན་རིང་པོ་ཞིག་ལ་དྲ་ཐོག་ལ་སླེབས་ཐུབ་མ་སོང་ཡིན་ཡང་དེ་རིང་གློ་བར་དུ་ཁྱོད་ཀྱི་སྙན་ངག་དེ་རོལ་མྱོང་བྱས་རྗེས་དངོས་གནས་ཁྱོད་ཀྱི་འཆད་ཡོད་པ་དེ་བདེན་བདེན་འདྲ་ཞིག་འདུག། རོལ་མྱོང་བྱས་ཚར་ཡིན་ཡག་པོ་འདུག།
བོད་པ་ལ་བ་སོའི་ཕྲེང་བ་མེད་ཀྱང་ཆོག དེ་མིན་ཡག་ཐག་ཆོད་གསུངས་འདུག