པཀྵི།
རང་སྲེག་གི་མེ་ལྕེ་མཆེད་པ་ནས་ད་ལྟའི་བར་བོད་མི་བརྒྱ་ལ་ཉེ་བ་ཞིག་གི་སྐུ་སྲོག་བཏང་ཟིན། ཡིན་ནའང་། བོད་ཀྱི་གནད་དོན་ཐོག་དོན་ཕན་ལྡན་པའི་ནུས་པ་མིག་མཐོང་ལག་ཟིན་ཡོད་པ་ཞིག་མ་བྱུང་བས། མང་པོ་ཞིག་གིས་རང་སྲེག་མཚམས་འཇོག་ཡོང་བའི་འབོད་སྐུལ་ཞུ་བཞིན་འདུག འབོད་སྐུལ་ཞུ་མཁན་ཚོར་མཚོན་ནའང་བོད་ལ་ཤ་ཚ་མཁན་དང་སྙིང་ཉེ་མཁན་ཞེ་ཅིག་ཡིན་པ་དང་། བོད་མི་གཅིག་གི་ཚེ་སྲོག་ཤོར་སོང་ནའང་མཆིན་པ་གཏིང་འོག་བརྗེ་བ་ལྟ་བུའི་ཚོར་སྣང་ཡོད་མཁན་རྐྱང་ཡིན་པས་ངས་ཁོང་ཚོའི་བཞེངས་ཕྱོགས་དང་དགོངས་ཚུལ་ལ་བརྩི་བཀུར་ཞུ་རྒྱུ་ཡིན། ཡིན་ནའང་། ངས་ཁོང་ཚོའི་དགོངས་ཚུལ་ལ་རྒྱབ་སྐྱོར་དང་ཁས་ལེན་ཞུ་མ་ཐུབ་པས་གཤམ་ནས་འབོད་སྐུལ་དེའི་ལྡོག་ཕྱོགས་ཀྱི་བསམ་ཚུལ་འགའ་ཞུ་ན་འདོད་བྱུང་།
སྤྱིར་ན་རང་སྲེག་ནི་གཉའ་གནོན་མྱོང་མཁན་དེས་གཉའ་གནོན་བྱེད་མཁན་ལ་ངོ་རྒོལ་བྱེད་སྟངས་ཀྱི་རྣམ་པ་གཞན་ཞིག་རེད། ཁྱེད་ཀྱི་བསམ་ཤེས་མེད་པའི་བྱ་སྤྱོད་དང་གདུག་རྩུབ་འཁུར་ནས་སྡོད་པ་ལས་འཆི་བ་དགའ་བའི་བསམ་སྤྱོད་བློས་མི་དཔོག་པ་ཞིག་རེད། དེ་ནི་སྔར་རྒྱ་གར་རང་བཙན་བསྐྱར་གསོ་སྐབས་རྒྱ་གར་བ་མང་པོ་མེ་འཁོར་ལྕགས་ལམ་སྟེང་ཉལ་ནས་བཙན་འཛུལ་བར་ངོ་རྒོལ་བྱས་པ་དང་གཅིག་པ་རེད། གདུག་རྩུབ་ལ་ཁ་གཏད་གཅོག་བྱེད་ཀྱི་ལས་འགུལ་མཐར་ཐུག་གམ་མཐའ་མ་ཞིག་རེད། ལས་འགུལ་འདིས་གཉའ་གནོན་གཏོང་མཁན་གྱི་མི་སྒེར་བའམ་སྲིད་གཞུང་གང་ཡིན་རུང་། ཧང་སངས་བར་བྱེད་པ་ཡིན་ལ། གནོན་ཤུགས་ཚ་ནན་སྤྲོད་པ་ཡིན། མ་ཟད་ཕ་རོལ་བོ་འུ་ཐུག་ཐབས་ཟད་ལ་གཏོང་ཞིང་། སྤ་བཀོང་བར་བྱེད་པ་ཡིན། འདི་ནི་ལས་འགུལ་འདིའི་རིགས་ཀྱི་ནུས་པ་དེ་རེད།
ལོ་རྒྱུས་ལས་ཤེས་པ་ལྟར་ན། སྔར་ལྦེ་ཏི་ནམ་གྱི་བཙུན་པ་ཞིག་གི་རང་སྲེག་གི་ངོ་རྒོལ་གནང་བ་ལ་བརྟེན་ནས། ཨ་རི་དང་ལྦེ་ཏི་ནམ་གྱི་དམག་འཁྲུགས་མཇུག་བསྒྲིལ་ཏེ། ལྦེ་ཏི་ནམ་ལྷོ་བྱང་གཅིག་གྱུར་གྱིས་དམར་པོར་འགྱུར་བར་ནུས་པ་བླ་ལྷག་ཐོན་ཡོད་པར་གྲགས་ལ། ཉེ་ཆར་ཀྲོ་ནས་ཤི་ཡའི་མི་ཞིག་གིས་རང་ལུས་མེར་སྲེག་གནང་བ་ལ་བརྟེན་ནས་ཀྲོ་ནས་ཤི་ཡའི་སྲིད་གཞུང་མགོ་རྟིང་བསློགས་པ་དང་ཨ་རབ་ཀྱི་གསར་བརྗེ་བསླངས་པ་ལྟ་བུ་ནི་རང་སྲེག་གི་ནུས་པ་མངོན་དུ་གྱུར་ཟིན་པ་དག་རེད། ཡིན་ནའང་། ང་ཚོའི་རང་སྲེག་གི་འཐབ་རྩོད་ལ་དེ་ལྟའི་ནུས་པ་མངོན་གསལ་དོད་པོ་ཞིག་ཐོན་ཐུབ་མེད་པ་ལ་བརྟེན་ནས། རང་སྲེག་གི་རིན་ཐང་དང་ནུས་པ་ལ་དོགས་འདྲི་བྱེད་མཁན་རེ་ཟུང་བྱུང་བ་ལའང་ཁག་མེད་དེ། མི་ཤི་བའི་ཚོད་ཀྱི་འབྲས་བུ་མ་བྱུང་བ་ལ་བློ་ཕམ་ཡོང་གི་རེད། འདི་ལ་ང་ཚོས་ཅུང་བསམ་དགོས་ཏེ། སྔར་ཉིས་སྟོང་བརྒྱད་ཀྱི་ཞི་རྒོལ་སྐབས་བོད་མི་བརྒྱ་ཕྲག་མང་པོ་དམར་བསོད་བཏང་སོང་ལ། སྟོང་ཕྲག་མང་པོ་བཙོན་འཇུག་བྱས་ཟིན་མོད། བོད་ཀྱི་གནད་དོན་ད་དུང་སྔར་ལྟར་སེལ་ཐུབ་མེད་པས། ང་ཚོས་དེ་ལྟའི་ཞི་རྒོལ་ཡང་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ནམ། སྐབས་དེའི་ཤི་རྨས་ནི་མེར་སྲེག་ལས་ལྡབ་འགས་མང་བ་ཚང་མས་མཁྱེན་གསལ་ལྟར་རེད།
ཕྱོགས་གཞན་ཞིག་ནས་ང་ཚོའི་འཐབ་རྩོད་ནི་ལྦེ་ཏི་ནམ་གྱི་དམག་འཁྲུགས་མཇུག་བསྒྲིལ་བ་དང་། ཀྲོ་ནི་ཤི་ཡའི་སྲིད་གཞུང་མགོ་རྟིང་སློག་པ་ལྟ་བུའི་ལས་སླ་བོ་ཞིག་མ་རེད། དེ་ནི་བདག་དབང་གི་གནད་དོན་དང་འབྲེལ་བ་ཞིག་རེད། རྒྱ་མི་རང་གི་སྐད་ཆ་ལྟར་བཤད་ན་”ཁྱོད་ཤི་ང་གསོན”གྱི་འཐབ་རྩོད་ཅིག་རེད། འཐབ་རྩོད་འདི་ངོ་རྒོལ་རེ་གཉིས་ཤིག་གིས་ཐག་ཆོད་འགྲོ་བ་དེ་འདྲ་ཞིག་གཏན་ནས་མ་ཡིན་ལ། དེ་ལྟར་ཐག་མ་ཆོད་པས་ངོ་རྒོལ་མཚམས་འཇོག་བྱེད་དགོས་དོན་ཡང་གཏན་ནས་མེད། གལ་ཏེ་ང་ཚོས་དེ་ལྟར་མཚམས་འཇོག་བྱས་ན་དེ་ནི་རྒྱ་མིར་དགོས་རྒྱུ་དེ་རེད། དེའི་ཆེད་དུ་རྒྱ་མིས་དམ་པོ་བྱེད་གི་ཡོད་པ་རེད། མི་རྒྱུ་གཉིས་ཀྱི་འགྲོ་སོང་གཏོང་གི་ཡོད་པ་རེད། རྒྱ་མིས་ཅི་ཙམ་གྱིས་མཁྲེགས་པོ་དང་དམ་པོ་བྱས་ན་ང་ཚོས་དེ་བསྟུན་གྱིས་ངོ་རྒོལ་བྱེད་དགོས་པ་རེད། ༢༠༠༨ ཀྱི་རྗེས་སུ་རྒྱ་མིས་དེ་ལྟའི་ཞི་རྒོལ་སླར་ཡང་མི་འབྱུང་བར་འགྲོ་སོང་ག་ཚོད་གཏོང་གི་ཡོད་པ་རེད། མི་ཇི་ཙམ་བེད་སྤྱོད་གཏོང་གི་ཡོད་པ་རེད། འགྲོ་གྲོན་འདི་དག་ཁོ་ཚོ་དགའ་ནས་གཏོང་གི་ཡོད་པ་མ་རེད། འུ་ཐུག་ནས་གཏོང་གི་ཡོད་པ་རེད། རྒྱ་མིས་ནང་྄ཁུལ་བདེ་འཇགས་ཐད་གཏོང་བའི་འགྲོ་གྲོན་ནི་ཚད་ལས་བརྒལ་བ་ཡོངས་གྲགས་རེད། འདི་ཡང་གནོན་ཤུགས་ཤིག་རེད།
ཁོ་ཚོའི་མ་བསམ་ས་ཞིག་ནས་མེར་སྲེག་གི་ངོ་རྒོལ་མཚམས་མ་ཆད་པར་བྱུང་བ་རེད། ཐོག་མར་ཁོ་ཚོ་ཧང་སངས་ཏེ་བལྟས་ནས་སྡོད་རྒྱུ་མ་གཏོགས་བསམ་བློའི་ནང་ཅི་ཡང་མ་དྲན། ཞི་རྒོལ་ལྟ་བུ་ཡིན་ན་དམག་དཔུང་བཀོལ་ནས་བསོད་རྒྱུ་བསད་བཟུང་རྒྱུ་བཟུང་ནས་དོན་རྐྱེན་ཅི་ཡང་མ་བྱུང་བ་ལྟ་བུ་བྱས་ན་འགྲིག་མོད། མེ་སྲེག་ནི་དོན་རྐྱེན་ཚང་མ་བྱུང་ཚར་བའི་རྗེས་ནས་མ་གཏོགས་མི་ཤེས་པས་ཁོ་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་བ་རེད། མེར་སྲེག་འགོག་པའི་ཆེད་དུ་ཁོ་ཚོས་ཅི་ཡང་བྱེད་མ་ཐུབ་ལ་གང་ཡང་བྱ་མི་ཐུབ། བོད་མི་ས་ཡ་དྲུག་གི་རྐུབ་ལ་རྒྱ་མིའི་སོ་བ་ས་ཡ་དྲུག་འཛུགས་རྒྱུ་ཡིན་ནམ། མི་སྲིད་པ་ཞིག་རེད། ཁ་པར་ལ་ལྐོག་ཉན་བྱེད་རྒྱུ་དང་ཉན་རྣ་འཛུགས་རྒྱུ་ཙམ་རེད། འདི་ཙམ་གྱིས་མེར་སྲེག་འགོག་ཐུབ་བམ། གཏན་ནས་འགོག་མི་ཐུབ། ད་ལྟ་ཁོ་ཚོས་ཐབས་ཤེས་གཞན་ཞིག་འཐེན་གི་ཡོད་པ་རེད། སུ་ཞིག་གིས་རང་ཉིད་མེ་རུ་སྲེག་ན་དེའི་ནང་མི་དང་དགའ་ཉེ་གྲོགས་པོ་དག་ལ་བསུན་པོ་བཟོ་རྒྱུ་དང་བཙོན་འཇུག་བྱེད་རྒྱུ། སྟབས་ཉེས་ན་སྲོག་ཁྲིམས་ཀྱང་གཅོད་སྲིད་པའི་ཉེན་བརྡ་གཏོང་གི་ཡོད་པ་རེད། འདི་དག་ཚང་མ་ཁོང་ཚོ་ཉེས་ཅན་ཡིན་པའི་བདེན་དཔང་ཆ་ཚང་ཡོད་ནས་དེ་ལྟར་བྱེད་ཀྱི་ཡོད་པ་རེད་དམ་ཞེ་ན། གཏན་ནས་མ་ཡིན་ཏེ། དེ་ནི་འོག་རིམ་ནས་མེར་སྲེག་གི་དོན་རྐྱེན་ཐད་ཅི་ཞིག་བྱེད་ཀྱིན་ཡོད་པའི་རྣམ་པ་གོང་རིམ་ལ་སྟོན་ཆེད་དང་། གནོན་ཤུགས་འདི་འདྲ་ལ་བརྟེན་ནས་སུ་ཞིག་གི་རང་ཉིད་ལ་བསམ་བློ་མི་གཏོང་རུང་ནང་མི་ལ་བསམ་བློ་བཏང་མི་ཡོང་ངམ་སྙམ་པའི་རེ་སྟོང་བཅངས་པ་རེད།
ད་ཁོ་ཚོ་འུ་ཐུག་པ་མ་རེད་དམ། འཆི་བར་བསམ་བློ་མི་གཏོང་ས་ཞིག་ན་བསམ་བློ་གཏོང་རྒྱུ་གཞན་པ་ཞིག་ལྷག་ཡོད་དམ། གཏན་ནས་ཡོད་པ་མ་རེད། ཁོ་ཚོས་རང་སྲེག་ཐད་འདི་འདྲའི་དཀའ་ལས་བརྒྱབ་ཏེ་འགོག་དགོས་དོན་ཅི་རེད། ངོ་ཚ་གི་ཡོད་པ་རེད། ཁོ་ཚོས་སྡུག་པོ་གཏོང་སའི་མི་ཚོ་རེ་རེ་བཞིན་རང་སྲེག་བྱེད་གི་ཡོད་པ་རེད། སྐྱིད་ན་སུས་ཀྱང་རང་སྲེག་བྱེད་གི་མ་རེད། འདི་གླེན་པ་ལུག་འདྲ་ཞིག་ཡིན་ཀྱང་ཤེས་གི་རེད། དེ་བས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་མིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་དགོས་པའི་འབོད་སྐུལ་རབས་དང་རིམ་པ་གནང་བ་རེད། འདི་ཡང་མེར་སྲེག་གི་ནུས་པ་གཞན་ཞིག་རེད། ནུས་པ་གཅིག་སྤུངས་གཉིས་སྤུངས་ཀྱིས་ང་ཚོའི་བདེན་མཐའ་གསལ་དགོས་པ་རེད་མ་གཏོགས། ནུས་པ་རྡོག་རྡོག་ཅིག་མ་ཐོན་པས་ཡོད་ཚད་མཚམས་འཇོག་དགོས་ན་དབུ་མའི་ལམ་ཡང་མཚམས་འཇོག་དགོས་པ་མ་རེད་དམ།
ང་ཚོས་ད་དུང་བསམ་བློ་གཏོང་དགོས་ཏེ། ཚེ་སྲོག་གི་འགྲོ་སོང་གང་ཡང་མ་བཏང་བར་རང་དབང་སྐྱིད་པོ་ཞིག་ཐོབ་བསྡད་ཡོད་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ཨེ་ཡོད། མི་གཅིག་ཤི་མ་དགོས་པར་རང་གི་བདག་དབང་བསྐྱར་གསོ་བྱས་པའི་མི་རིགས་ཤིག་ཡོད་སྲིད་དམ། རང་གི་དངོས་པོ་ཆུང་ཆུང་ཞིག་མི་གཞན་གྱི་ས་ནས་ལེན་དགོས་ན་ཁ་འཛིང་ལག་འཛིང་ག་ཚོད་བྱེད་དགོས་པ་རེད། བཟོད་པ་ཟེར་བ་ངོ་རྒོལ་མི་བྱེད་པ་ལ་མི་གོ་བ་བཞིན་དུ་ཞི་བ་ཟེར་བ་ཡང་འཆི་རྨས་མེད་པ་ལ་གོ་རྒྱུ་མ་རེད། བདག་ཉིད་ཆེན་པོ་གན་ངྷི་མཆོག་གི་བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ཁྲོད་མི་ག་ཚོད་ཅིག་འཆི་རྨས་བྱུང་བ་རེད། ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་གྱི་འཐབ་རྩོད་ནང་མི་ཅི་ཙམ་ཞིག་གི་ཚེ་སྲོག་ཤོར་ཡོད་པ་རེད། གལ་ཏེ་ཁོང་ཚོས་འཆི་རྨས་ལ་འཛེམས་ནས་ལས་འགུལ་དེ་དག་མཚམས་འཇོག་བྱས་ཡོད་ན། རྒྱ་གར་ལ་ད་ལྟའི་རང་དབང་དེ་ཡོད་མི་སྲིད་ལ། མི་རིགས་ནག་པོ་ཚོར་ད་ལྟའི་ཐོབ་ཐང་འདི་ཡང་ཡོད་མི་སྲིད། དེ་མིན་ན་འཆི་རྨས་གང་ཡང་མ་དགོས་པར་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པའི་ཐབས་ལམ་ཡ་མཚན་ཅན་དེ་འདྲ་ངོ་སྤྲོད་གནང་རྒྱུ་ཡོད་དམ། ཡོད་ན་གནང་རན་ནས་མི་ཚད་འཕྱི་དྲགས་འདུག་ག
ཁ་ཤས་ཤིག་གིས་རང་སྲེག་འཚེ་བ་རེད། འདི་མཚམས་འཇོག་དགོས་ཟེར། མི་འདི་དག་གིས་ད་དུང་འཚེ་མེད་ཞི་བའི་དོན་དག་ལའང་གོ་དོན་ཡག་པོ་ཞིག་རྙེད་མི་འདུག འཚེ་མེད་ཞི་བའི་ཚིག་ཟུར་གྱི་འཚེ་མེད་ཀྱི་ལྡོག་ཟླའི་འཚེ་བ་དེ་སུ་ལ་འཚེ་བ་རེད། རང་གི་ཆབ་སྲིད་དང་ཆོས་ལུགས་ཀྱི་དགོས་དོན་ཞིག་གི་ཆེད་དུ་གཞན་ལ་འཚེ་བ་དེ་ལ་ཟེར་གི་ཡོད་པ་རེད། ངོ་རྒོལ་བྱེད་ས་དེའི་ེརིགས་སུ་གཏོགས་སོ་ཅོག་ལ་འཚེ་བ་བྱས་ནས་འུ་ཐུག་ཏུ་འཇུག་པའི་ཆབ་སྲིད་ཀྱི་ལས་འགུལ་སྙིང་རྗེ་བྲལ་བ་ཞིག་རེད། གལ་ཏེ་མེར་སྲེག་ལས་འགུལ་འདི་འཚེ་བ་ངོ་མ་ཞིག་ཡིན་ན་ད་ལྟ་རྒྱ་མི་ག་ཚོད་ཤི་རྨས་བྱུང་ཡོད་ཀྱི་རེད། སྟོང་ཕྲག་མང་པོར་ཤི་རྨས་དང་གོད་ཆག་ཉམ་ང་བ་བྱུང་ཡོད་ངེས་རེད། ཤི་རྒྱུར་མ་སྐྲག་ན་རྒྱ་མི་བསོད་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མེད། ཡིན་ནའང་། ང་ཚོའི་རང་སྲེག་སྐྱེས་ཆེན་ཚོས་རྒྱ་མི་ལ་སེན་བཏོག་ཙམ་ཡང་མ་གནང་བར་བདེན་པའི་ཆེད་དུ་སྐུ་སྲོག་བློས་བཏང་བ་རེད། འདི་ནི་ཧ་ཅང་རླབས་ཆེན་རེད། བདེན་པའི་ཨུ་ཚུགས་ཟེར་ནའང་འདི་ལས་དམིགས་བསལ་བ་གང་ཡང་མེད། བདེན་པའི་ཨུ་ཚུགས་ཀྱིས་རང་ཉིད་བློས་གཏོང་གི་ཡོད་པ་དང་། བདེན་པའི་ཨུ་ཚུགས་ཀྱི་ལས་འགུལ་ལ་ཞུགས་ན་འཆི་བར་སྐྲག་མི་རུང་བ་གན་ངྷི་རང་ཉིད་ཀྱིས་གསུངས་པ་རེད། ཡིན་ནའང་། གཞན་ལ་འཚེ་བའི་བསམ་བློ་ཙམ་ཡང་འཁོར་མི་རུང་བར་གསུངས་འདུག བདེན་པའི་ཨུ་ཚུགས་ཟེར་བ་དེ་ལག་པ་གནམ་ལ་བཀྱགས་ནས་ཁྲོམ་སྐོར་བྱེད་རྒྱུ་དེ་ཙམ་ཞིག་ལ་གོ་ན་ཧ་ཅང་ནོར་བ་རེད།
ཡང་ཕྱོགས་གཞན་ཞིག་ནས་བཤད་ན། གལ་ཏེ་རང་སྲེག་འཚེ་བ་ཡིན་ན་༧གོང་ས་མཆོག་གིས་རང་སྲེག་ལ་ངོ་རྒོལ་མ་ི་གནང་བའི་རྒྱུ་མཚན་ཅི་ལ་ཡོད་དེ། འཚེ་བ་མེད་པའི་ལྟ་བ་ནི་ཁོང་གི་མི་ཚེ་གཅིག་རིང་གི་བོད་དོན་འཐབ་རྩོད་གནང་སྟངས་ཀྱི་ལམ་ཁ་གཅིག་བུ་དེ་མ་ཡིན་ནམ། ངས་བལྟས་ན་རང་སྲེག་གི་ནུས་པ་ནི་ཚད་ལས་བརྒལ་བ་རེད། རང་སྲེག་ནི་རླུང་བུ་བཞིན་གང་ནས་ལྡང་བ་མི་ཤེས་པས་དེ་ལ་སྟངས་འཛིན་བྱེད་ཐབས་བྲལ་ཞིང་། ཁུ་ཚུར་སྟོང་ཕྲག་བསྒྲེངས་པའི་ཤེད་མོང་ཡོད་པས་བཙན་པོ་དག་སྤ་བཀོང་བར་བྱེད་པ་ཡིན། རང་སྲེག་ནི་རླབས་ཆེན་གྱི་སེམས་བསྐྱེད་ཅིག་ཡིན་པས། ནམ་ཞིག་གི་ཚེ་ཉམ་ཐག་རྣམས་ཉམ་ངའི་གནས་ནས་ཐར་བར་བྱེད་ངེས་ལ། རང་སྲེག་ནི་དབང་ཤུགས་ཀྱིས་གཅུན་དཀའ་བའི་བདེན་པའི་ཨུ་ཚུགས་ངོ་མ་དེ་ཡིན་པས། དྲག་ཤུགས་དང་གདུག་རྩུབ་ལས་རྣམ་པར་རྒྱལ་ངེས་ཡིན། དེ་བས་ངས་རང་སྲེག་ལ་ཞི་བའི་འཇབ་དམག་ཅེས་འབོད་ན་འདོད་དོ།།
སྐད་ཆ་ལ་གནས་ལུགས་འདུག རང་སྲེག་ལ་འབྲས་བུ་གང་ཡང་མེད་པར་བཤད་པ་ནི་བཤད་མཁན་ལ་དམིགས་ཡུལ་ངན་པ་ཞིག་ཡོད་པའམ། ཡང་ན་བསམ་བློ་གཏོང་མི་ཤེས་པའི་རྟགས་རེད། རང་སྲེག་ཀྱི་ནུས་པ་ནི་བོད་མི་རིགས་ནམ་གནས་ཀྱི་བར་དུ་གནས་པ་ལས་ནམ་ཡང་མེད་པར་འགྱུར་མི་སྲིད། དེ་སྔོན་འབྲ་བུ་མ་བྱུང་བར་བཤད་པ་རྫུན་རེད་ལ། མ་འོང་པར་ཡང་འབྲས་བུ་མུ་འཐུད་ནས་འབྱུང་ངེས་རེད།
འབྲས་བུ་ཟེར་བ་དེ་རྔ་ལ་རྔ་ལྕགས་བཞུས་པ་དང་སྡིང་སྒྲ་གྲགས་པ་ལྟར་དེ་མ་ཐག་ཡིན་དགོས་ན་ནི་འབྲས་བུ་མིན་འདུག་ཟེར་ན་ཆོག་ཙམ་རེད། ཡིན་ནའང་བོད་མི་རབས་ཚ་བརྒྱུད་ལོ་ནས་ལོ་བསྟུད་དེ་ཇི་སྲིད་བར་གནས་རྒྱུ་ལ་འདིའི་འབྲས་བུ་ཡང་དེའི་བར་འབྱིན་ངེས་རེད།
གནས་སྟངས་འདི་ཁྱོད་དང་ཨོ་ཉི་ཏང་སོགས་ཀྱིས་ཧ་གོ་སྙིང་གས་རྒྱུ་རེད།
ངས་ཡང་ཅིག་བཤད་ན་འདོད། སྐད་ཆ་འདི་འདྲ་གོ་དགོས་ནིའི་ལྟོ་འཚོལ་བ་མང་ཤས་ཞིག་རྡ་སའི་ཡུལ་ན་ངོ་ཚ་མེད་པར་ཀླད་པ་སྟོང་པར་ལྷག་ཡོད།
མེ་ལ་བསྲེགས་ན་ནུས་བ་མི་འདུག་ཞུ་བ་འདི་སེམས་ལ་དྲན་ན་ཡང་ཁ་ནས་ཤོད་མི་ཐུབ་ཞིག་ཡིན་ལོས་དགོས་སྟེ། སྐབས་འཚོལ་བ་འགས། སྟག་གི་མགོ་ལ་ཁྱིའི་སྔ་མ་སྐྱེས་ཡོད་པར་དངོས་འཛིན་མི་བྱེད་པར། ནམ་ཞིག་ཡིན་ན་ཡང་ཕྱི་མི་གསུམ་པ་ཞིག་ལ་འཁང་ར་རྐྱང་བྱེད་པ་ལས་གཞན་གང་ཡང་མི་ཤེས་བར། དབུ་མ་བ་ཡིན་ཟེར་ནས་མང་པོ་ཞིག་སྒུང་། ང་ལ་ནུས་བ་མི་འདུག་ཟེར་ནས་ཡང་མང་པོ་ཞིག་བྱོལ། རྒྱ་ཁྱི་འཁྲབ་ནས་ཡང་མང་དག་ཞིག་གིས་ལོག་འགྲེལ་བྱས། གང་ལྟར་ད་ལྟ་བར་དུ་བེ་ཐི་ནམ་གྱི་གྲྭ་བ་དང་དོ་ནེ་ཤེ་ཡའི་ཁེ་བ་གཉིས་ཀྱི་མཛད་རྗེས་ལ་རྗེས་ཡི་རང་བའི་མི་མང་གིས་སྟོབས་ཤུགས་ཕུལ་ལྟར་ང་ཚོ་ལ་དེ་འདྲའི་ནུས་བ་གཅོག་མཁན་ཞིག་ལས་ནུས་བ་བསྡུ་མཁན་ཞིག་མེད་པས་ད་ལྟ་ཡང་མེ་སྲེག་མང་པོ་ཞིག་ལ་རེ་ནས་འདུག་པ་ནི་སེམས་སྐྱོ་ནས་ཤི་འགྲོ་ས་རེད། ང་ཚོ་ལ་སྡེབས་ལངས་བྱེད་བསམ་པའི་སྤོབས་པ་མེད་ན་སྟག་ཤི་མས་ཁྱི་སྨྱོས་ནས་འདུག་རྒྱུ་ལས་མེད་པ་འདྲ་ཞིག་རེད་འདུག་ན། ལོ་གསར་བའི་ནང་ཚང་མ་མཉམ་དུ་དགྲ་ངོ་ལ་འབུད་ཐུབ་པའི་རེ་བ་ཡོད། དེ་དུས་ནུས་བ་ཡོད་པ་རེད། སྐུ་ཚེ་རིང་།
རང་སྲེག་མཚམས་འཇོག་དང་མི་འཇོག་རང་སྲེག་གཏོང་མཁན་ཁོང་རང་ཚོ་ལ་རག་ལས་པ་རེད། རྒྱ་དམར་དང་ཁྱོད་ཚོས་རང་སྲེག་ཐོཔངས་ཟེར་བའི་ཐོབ་ཐང་ཡོད་པ་མ་རེད་ལ་མ་གཏོང་ཟེར་བའི་ཐོབ་ཐང་ཡང་ཡོད་པ་མ་རེད། ནུས་པ་ཟེར་བ་དེ་བཟི་སྨན་བརྒྱབ་པ་ནང་བཞིན་ཐོན་མཁན་མི་ཐོན་མཁན་མང་པོ་ཡོད་པ་རེད། གང་ལྟར་རྒྱ་དམར་ལ་གནོད་གི་འདུག ངོ་རྒོལ་གང་ལས་ཀྱང་ངོ་རྒོལ་འདིས་ཁོང་ཚོར་ན་ཚ་གཏོང་གིན་འདུག་ག དེ་ནུས་པ་མིན་ན་གང་རེད
སྒོང་། སྟག་ཤི་ནས་ཁྱི་སྨྱོས་ནས། ཡིག་ནོར་རྣམས་བཅོས་རོགས་ཞུ།
སྐུ་ལུས་མཆོད་མེ་སྒྲོན་ནས་དོན་དག་གསོན་མ་སོང་གསུང་མཁན་དེ་དག་ལ་ཞུ་རྒྱུར་ཞིབ་མཇུག་ཡག་པོ་ཞིག་གནང་ནས་གསུང་ན་ཡག་པོ་འདུག་གོ། ང་ཚོ་མི་མང་ཚོས་འདི་ཕྱོགས་ནས་ཁོང་རྣམས་ལ་འདི་བྱས་དང་དེ་མ་བྱེད་ཟེར་དབང་ཞིག་ཡོད་ན།
མེར་སྲེག་གི་འབྲས་བུ་ནི་མེ་ཏོག་དཀར་པོའི་བཤད་པ་ལྟར་བོད་ཀྱི་ལོ་རྒྱུས་འདི་མ་ཡལ་བར་ཏུ་
མ་འོང་པའི་མ་འོང་པར་རྒྱང་རིང་ཇི་ལྟར་ཕྱིན་ཀྱང་ལོ་རྒྱུས་འདི་ཡལ་མི་སྲིད་ལ། འོན་ཀྱང་
ད་ལྟའི་ཆར་བོད་པ་མེར་སྲེག་གི་གྲངས་འབོར་བརྩི་ན་བརྒྱ་ལྷག་འགྲོ་གྱི་ཡོད་པས་ཁོ་བོས་བསམ་
ན་ད་དུང་མེར་སྲེག་དགོས་དོན་གང་ཡང་མེད་ཅེས་ལབ་ཀྱི་ཡོད། མེར་སྲེག་མི་དགོས་པའི་སྐད་
ཆ་འདི་བཤད་དགོས་དོན་ནི་ངས་སྔོན་མ་ནས་ཞུས་ཟིན་པ་ཡིན། མེར་སྲེག་མཚམས་འཇོག་ཅེས་
པ་རྣ་ལམ་ཐོས་མ་ཐག་རྦད་སྟེ་རྣམ་རྟོག་ཟ་མཁན་མང་པོ་ཡོད་པ་རེད། དེས་མུ་མཐུད་
དེ་མེར་སྲེག་གཏང་དགོས་ལབ་པ་དང་ཁྱད་པར་ཡོད་པ་མ་རེད། དཔེར་ན་བཙན་བྱོལ་དུ་ཡོད་
པའི་མི་ཞིག་གིས་ཕ་ཡུལ་ནང་མི་ཚ་བོ་ཚ་མོ་སྤུན་མཆེད་རྣམས་ལ་མེར་སྲེག་ནི་རླབས་ཆེ་བའི་བྱ་
བ་ཞིག་དང་འཛམ་གླིང་དུ་གྲགས་ཆེ་ཞིང་བོད་དོན་ལ་ཕན་འབྲས་ཟབ་རབས་མང་པོ་བཤད་
པ་ཡིན་ན་སོ་སོའི་སྐྱེ་བོ་སུ་དང་གང་ཡིན་ཀྱང་བདག་འཛིན་མེད་མཁན་དང་རང་ཕྱོགས་ལ་
ལ་རྒྱ་མེད་ཅིག་ཡོད་མི་སྲིད་པ་ལྟ་བུ་ཡིན་དུས། དེས་ཀྱང་རྩ་བ་ནས་བསྐུལ་མི་ཐུབ་ལབ་ཐུབ་
ཁག་པོ་རེད། ངས་དེ་ལྟ་བུ་རེད་ཞུ་ཡིས་མེད་ཀྱང་སྔོན་མ་མེར་སྲེག་གི་ལས་དོན་ལ་དགའ་བོ་
དང་དེ་དགོས་ལབ་མཁན་ཁ་གཅིག་གི་སྤུན་ཚ་འགའ་རེ་མེར་སྲེག་གི་དོན་རྐྱེན་བྱུང་སྐབས་དྲ་
ཐོག་འདིར་སྨྲེང་སེམས་ཀྱི་སྐད་ངག་འདོན་མཁན་ཡང་བྱུང་དང་བྱུང་བཞིན་པ་རེད། དེ་དག་
གིས་བརྒྱུད་བསྐུལ་རེད་ཞུ་གྱིས་མེད་ན་ཡང་མི་སྒེར་སོ་སོ་ལྟ་བུའི་ད་ནས་བཟུང་མེར་སྲེག་གི་
ཕན་འབྲས་དང་བརྟོད་བརྗོད་སོགས་མ་བྱས་ན་ལེགས་པར་མཐོང། གང་ཞེ་ན་ད་བར་
བསྲེགས་ཚར་བའི་ཕོན་ཆེ་ཆུང་དང་མིའི་ཚེ་སྲོག་གི་རིན་ཐང་སོགས་ལ་བསམ་ན་གང་བདེ་
བདེ་བཤད་རྒྱུ་ཞིག་གཏན་ནས་མིན་སྙམ། ཕན་འབྲས་བཟང་ངན་དེ་ཡར་འགེལ་མར་
འགེལ་ཇི་ལྟར་བྱས་ཀྱང་དངོས་དོན་ལ་ད་ནས་མེར་སྲེག་གཏང་རྒྱུ་མཚམས་བཞག་སྟེ། གཞོན་
སྐྱེས་དཔའ་བོ་དཔའ་མོ་རྣམས་མ་འོང་བོད་ཀྱི་སོན་རྩ་རུ་སྐྱེ་བསྲེང་ཡང་དག་པ་ཞིག་བྱས་
ན་ལེགས་པ་ལས་ད་དུང་མི་གཅིག་གཉིས་མེར་སྲེག་གཏང་བས་མཐུ་སྟོབས་ཀྱིས་ནུས་པ་
གསར་པ་ཞིག་རྩ་བ་ནས་མི་ཐོན་སྙམ།།
རང་སྲེགས་ནི་མ་གུས་བའི་ཚིག་ཡིན་པས་བཏང་མཁན་ཀུན་ལ་ངོ་རྒོལ་ཡོད།