ཨ་རིག་དགེ་མཐོང་།
དྲག་རྩལ་༼ཐ་སྙད་འདི་གློག་བརྙན་ཁྲོད་ཀྱི་འབོད་སྟངས་ཤིག་ཡིན་པ་དང་བདག་ནི་གློག་བརྙན་ལ་མིག་ཟུང་ཅེར་མཁན་ཞིག་ཡིན་པས་མིང་འདི་བསམ་བཞིན་བཏགས་པ་ཡིན།༽
ཉེ་སྔོན་ཁོ་བོའི་ལག་ཏུ་ཧ་ཅང་ཀློག་འདོད་ཆེ་བའི་བསྒྱུར་རྩོམ་ཞིག་རག་སོང་། དེ་ནི་ཨར་ནེསྚི་ཧེ་མིང་ཝེས་བརྩམས་ཤིང་ཨ་རིར་གནས་བཞུགས་སྐུ་ཞབས་དགེ་འདུན་རབ་གསལ་གྱིས་བསྒྱུར་འདུག ད་དུང་དགོད་སྤྲོ་བ་ཞིག་ལ་དེབ་དེ་ངས་ཝཱར་ཎའི་སློབ་ཕྲུག་ཅིག་གི་ལག་ནས་དེབ་ཅིག་དང་ཚོང་བརྒྱབས་ཏེ་ཚུར་ལག་ཏུ་འབྱོར། མགོ་ནས་སྐུ་ཞབས་མྱི་ནག་ཚང་ལུང་རིགས་རྒྱལ་གྱིས་བྲིས་པའི་སྔོན་གླེང་གི་གཏམ་དང་། བསྒྱུར་མཁན་ཁོང་གི་༼ང་དང་རྒད་པོའི་ལོ་ཟླ་རིང་མོ་སྟེ། འགྱུར་གྱི་གོ་རིམ་ངོ་སྤྲོད།༽ཅེས་པ་གཉིས་བཀླགས་རྗེས་གཞུང་དངོས་སུ་འཇོག་འདོད་ནི་སྐོམ་པས་གདུང་བའི་སེམས་ཅན་ཆུ་བཏུང་བར་བྲེལ་བ་ལྟར་ཏུ་གྱུར། སྟབས་མ་ལེགས་པ་ཞིག་ལ་དགོང་ག་དེར་གུས་པ་ཡུལ་གཞན་དུ་གློ་བུར་འགྲོ་དགོས་བྱུང་བ་དང་། ཟླ་གཅིག་ལྷག་རིང་ཕྱིར་མ་འབྱོར། ཐག་རིང་ལ་འགྲོ་སྐབས་རྒྱུན་ལྡན་དེབ་ཅིག་ཀློག་རྒྱུར་ཁྱེར་རྒྱུའི་ལུགས་སྲོལ་ཡོད། དེ་རིང་ཁེར་རྐྱང་ངང་སུན་སྣང་དང་བཅས་འགྲོ་དུས་གཞི་ནས་དེབ་དེ་ཡིད་དུ་དྲན་པས་རང་གིས་རང་ལ་ལེ་བདའ་གང་མང་བྱས། ད་དེ་ཚར་སོང་བའི་ལས་ཀ་ཡིན་པས་གླེང་ན་དགེ་མཚན་ཅི། ཕྱིར་ཡོང་ནས་ངལ་གསོ་ཡང་མ་བརྒྱབ་པར་དེབ་དེ་མགོ་ནས་མཇུག་དབར་དུ་བཀླགས་ཤིང་སླར་ཡང་མ་ཀློག་ན་སེམས་སུ་ཅི་ཡང་མ་ཤར་བ་ལྟ་བུ་ཞིག་ཆགས་སོང་། བལྟས་ཀྱིན་བལྟས་ཀྱིན་ད་བཟོད་བསྒྱུར་རྩོམ་ཟེར་བ་དེའི་རིན་ཐང་རྙེད་པ་མ་ཟད་ད་སྔ་ཡན་བསྒྱུར་རྩོམ་གྱི་མིང་གིས་བསྙད་པ་ཁག་ཅིག་ལ་བལྟས་པ་རང་ཉིད་ལ་མགོ་བསྐོར་ཐེབས་པ་དང་། ཚོང་ཁང་ནང་ནས་ཅ་དངོས་རྫུན་མ་ཉོས་པ་ལྟར་འགྱོད་སེམས་སྐྱེས། དེས་ན་དེ་ལྟ་བུའི་ཁྱད་ཆོས་དེ་བསྒྱུར་རྩོམ་འདིའི་གང་དུ་འདུག་ཅེས་དྲི་བ་ཞིག་དོན་གྱིས་བསླེབས་པ་རེད། ཡིན་ནའང་དེ་ནི་སྒྱུ་རྩལ་གྱི་རོ་མངར་ཡིན་པས་ངས་མྱོང་བ་གཞན་དུ་བཤད་ཐབས་བྲལ་བ་མ་ཟད། ཇི་ལྟར་བཤད་དགོས་པའི་ཐབས་ཞིག་རང་གིས་མ་རྙེད་པར་མགོ་འཐོམས་ནས་བསྡད། མ་གཞི་རང་གིས་མྱོང་བ་དག་གཞན་ལ་ཇི་བཞིན་བཤད་མི་ཐུབ་པ་དང་བཤད་ཀྱང་ཕ་རོལ་གྱིས་རྟོགས་དཀའ་བ་ནི་ཕལ་ཆེར་སྒྱུ་རྩལ་ཡོད་དོ་ཅོག་གི་ཁྱད་ཆོས་རེད་ཅེས་བརྗོད་ཀྱང་མི་འགྲིག་པ་ཆེར་མེད་སྙམ།
འོན་ཀྱང་དཔེ་དེབ་འདིའི་ཁྱད་ཆོས་སམ་བསྒྱུར་བའི་རྐང་གང་ན་ཡོད་པ་སེམས་ལ་ཤར་བ་ཁ་ནས་བརྗོད་མི་ཐུབ་པ་དང་། ཁ་ནས་བཤད་པ་ལག་ནས་མི་ཕྲིས་པའི་དཀའ་ངལ་འདི་ནི་ཆུང་དུས་སློབ་གྲྭར་མ་སོང་བ་དང་། རང་གིས་སྦྱང་བརྩོན་མ་བརྟེན་པའི་ངེས་པ་རྙེད་སོང་།ཡིན་ཡང་མི་རེ་ལ་བསམ་ཚུལ་དང་དྲན་སྣང་ཡོད་ལ། ཡོད་པ་དག་ལ་ནུས་པའི་ཟབ་ཚད་དང་དཔྱད་པའི་འདུ་ཤེས་ཕྲ་རགས་གང་མང་ཡོད་ཆོག་པ་དེའི་སྟེང་ནས་ཚིག་འགའ་སྨྲ་བར་སྤྲོ།
༼རྒད་པོ་དང་རྒྱ་མཚོ།༽ཞེས་པའི་རྩོམ་ཁོ་རང་ལ་མཚོན་ན་༡༩༥༣་ལོར་པུ་ལེ་ཌི་ཛེར་ཞུ་བའི་གཟེངས་རྟགས་ཐོབ་པ་ཞིག་དང་། རྩོམ་པ་པོ་ཨར་ནེསྚི་ ཧེ་མིང་ཝེ་མཆོག་ལ་ནོ་བྷེལ་རྩོམ་རིག་གི་གཟེངས་རྟགས་ཐོབ་པ་དང་། རྩོམ་ཡིག་འདི་ལ་མཚོན་ན་འཛམ་གླིང་གི་སྐད་ཡིག་གང་མང་ཞིག་གི་སྟེང་དུ་བསྒྱུར་ཏེ་དོ་སྣང་ཡོད་པའི་སྐྱེས་བུ་གང་མང་གིས་བཀླགས་ཟིན་པ་ཡོད་པ་ཞིག་རེད་ལ། ལྷག་པར་སློབ་དེབ་བསླབ་གཞིའི་ནང་དུ་ཡང་བདམས་ཡོད་ཅེས་གོང་དུ་མྱི་ནག་ཚང་གིས་གསུངས་འདུག་པ་དེ་རེད། དེའི་ཐད་ནས་བལྟས་ནའང་སོ་སོའི་སྐད་ཡིག་སྟེང་ནས་ཀློག་རྒྱུའི་གོ་སྐབས་འདི་ནི་ཨེ་མ་ཧོ་རང་རེད། དེ་མིན་བོད་ཡིག་གི་ཕྱོགས་ནས་རང་ཚུགས་མི་ཐུབ་པ་དང་དབྱིན་ཇིའི་ཐད་ནས་སྤྱི་ཙམ་གྱི་མིང་ཚིག་འགའ་རེའི་ལྷུ་ལག་སྒྲིག་ན་འཁྱོང་མི་འཁྱོང་ན་ཡོད་པའི་རང་རེའི་བོད་པ་ཧམ་ཆེན་ཞིག་གི་ལག་ཏུ་མ་ཤོར་བ་དེ་ནིརྩོམ་འདི་འབྲི་མཁན་དང་ཀློག་མཁན་ཟུང་གི་ལམ་འགྲོ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།
བསྒྱུར་མཁན་སྐུ་ཞབས་དགེ་འདུན་རབ་གསལ་ཁོང་ལ་མཚོན་ན། མ་གཞི་བོད་ཀྱི་བརྡ་སྤྲོད་ལ་དོ་སྣང་ཙམ་མིན་པར་འཐབས་འཛིང་དུས་ཡུན་གང་འཚམས་ཤིག་ལ་བྱས་ཤིང་། བོད་ཀྱི་རྩོམ་རིག་གི་ཐད་དུ་ཐུགས་སྣང་ཟབ་མོ་གནང་མཁན་ཞིག་ཡིན་པ། ཁོང་གི་བརྩམས་ཆོས་༼ བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་༽ཞེས་པས་ཀྱང་ཧ་གོ་ངེས་རེད་ལ། ཡུལ་གྱར་སྤྱི་ཚོགས་ཀྱི་ཚགས་ཤོག་ནང་དུ་འོད་དུ་འཚེར་བའི་༼ བོད་ཀྱི་དུས་བབ༽ ཚགས་པར་རྩོམ་སྒྲིག་པ་གནང་སྟེ་སྤྱི་ཚོགས་ལ་བག་ཆགས་ཟབ་མོ་བཞག་པ་དེས་ཤེས་སླ་བས་ཡིག་རྙོག་མི་སྤུངས།
དེར་མ་ཟད་དབྱིན་ཇི་སྐད་ཡིག་ཐད་ནས་ངོ་གནོང་མི་དགོས་པར་ཨ་རིའི་ཡུལ་ན་སྐད་དང་ཡི་གེ་གཉིས་ལ་ཐུགས་སྣང་མཛད་པ་དེས་གསལ་བཤད་གནང་བ་རེད། ད་དུང་མིང་ལ་དགའ་བ་དང་སྙན་གྲགས་ཀྱི་སླད་དུ་ཧབ་སེམས་ཀྱིས་ལྕེ་འགུལ་མཁན་མ་ཡིན་པར་བོད་མི་རིགས་དང་སྐད་ཡིག་ལ་བཅངས་པའི་ལྷག་བསམ་དཀར་པོ་འདི་ལས་ཀྱང་དཔོག་ནུས་ཏེ། དཔེར་ན། ༼ང་ལ་སྒྲུང་རྩོམ་འདི་ངོ་སྤྲོད་བྱེད་མཁན་ནི་ཨ་མ་མཱེ་རེ་ཞུ་མཁན་གྱི་ཨ་མ་ལགས་ཤིག་ཡིན། ཁོང་གིས་མི་ཚེའི་རིང་སློབ་གྲྭའི་དགེ་རྒན་བྱས་པའི་སྐབས་སུ་རྩོམ་རིག་གི་སློབ་ཁྲིད་དུ་སྒྲུང་རྩོམ་འདི་བསླབས་ཡོད་འདུག ང་དང་ཨ་མ་མཱེ་རེ་གཉིས་ཀྱིས་ཕན་ཚུན་ལ་སྐད་སློབ་རེས་བྱེད་པའི་ཚུལ་དུ་སྒྲུང་འདི་ཐོག་མར་བསྒྱུར་ཅིང་། རིམ་གྱིས་ཨ་མ་མཱེ་རེ་ནི་སྒྲུང་འདི་ང་ལ་འཆད་པའི་སློབ་དཔོན་ལྟ་བུ་ཞིག་ཏུ་གྱུར། སྐབས་རེར་ཨ་མ་མཱ་རེ་ལགས་ནི་སྒྲུང་འདིའི་ཚིག་ཤུགས་ཀྱིས་དྲངས་ཏེ། བཀླག་པའི་ཉམས་མི་འདྲ་བ་ཞིག་འདོན་ཅིང་། དེ་ནི་གེ་སར་སྒྲུང་པ་ཞིག་གིས་སྒྲུང་འཆད་པའི་རྣམ་པ་མཚུངས། ཁོང་གིས་ད་དུང་སྒྲུང་འདི་སྒྲ་ཐག་ཏུ་ཕབ་པའི་སྒྲ་འཛིན་འཁོར་ཐག་དང་། སྒྲུང་འདི་གཞི་ལ་བྱས་པའི་གློག་བརྙན་བཅས་ཀྱང་ཉོས་ནས་ང་ལ་སྤྲད་བྱུང་། ད་དུང་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་དང་ཡེ་ཤུའི་ཆོས་ཀྱི་བར་གྱི་འབྲེལ་བ་ཡོད་ཚུལ་སོགས་ཀྱི་གསང་བ་ཟབ་མོའི་འགྲེལ་བཤད་དག་ཀྱང་གནང་བྱུང་། ང་ཚོས་སློབས་ཚན་ལྟ་བུའི་ངང་ནས་སྒྲུང་འདི་བཀླག་ཞོར་དང་བསྒྱུར་ཞོར་བྱས་ཏེ་ ༢༠༠༥་ལོར་ཡོངས་སུ་གྲུབ་པ་རེད།༽ ཅེས་གསུངས་པ་དང་།
ཞུ་དག་གི་ལས་ཀ་ལ་ཞུགས་པའི་སྐབས་སུ། དཀའ་ངལ་ཆེན་པོ་འགའ་རེ་འཕྲད་བྱུང་ལ། དེ་ཡང་ཐོག་མ་ནི། སྔར་རང་གིས་གང་བསྒྱུར་བ་དེ་དག་ལ་ད་ཆ་འདོད་པ་མི་ཁེངས་པའི་སྐོར་ཇེ་མང་དུ་སོང་འདུག་པ་དེ་དག་བཅོས་ཐབས་དེ་རེད། སྔོན་གྱི་འགྱུར་ནི་ཨ་མ་མཱེ་རེ་སོགས་ཀྱི་འཆད་པ་ལ་གཞི་བཅོལ་ཆེ་བ་དང་། ད་ཆའི་ཞུ་དག་ནི་ཚིག་འབྲུའི་གོ་བའི་སྟེང་ནས་རེད། ངདེ་གཉིས་གཞི་གཅིག་ཏུ་བསྡུ་སྐབས་སྔར་གྱི་འགྱུར་ལ་ད་ལྟ་ཡིད་ཆེས་མེད་པའམ་ཡང་ན་ད་ལྟའི་གོ་བ་ལ་སྔར་གྱི་འཆད་པས་གནོད་པ་འབབ་པ་སོགས་རྙོག་དྲ་མང་ཙམ་འཕྲད་བྱུང་། བརྗེད་ངས་ཟེར་བ་དེ་ནི་འདི་འདྲའི་བསླུ་བྲིད་མཁན་ཞིག་ཡིན་པ་གཞི་ནས་ངོ་འཕྲོད་བྱུང་ཞེས་ཁོང་གིས་གསལ་བཤད་གནང་འདུག
ཁོང་གི་བསྒྱུར་རྩོམ་འདི་ལ་སྐུ་ཞབས་པདྨ་འབུམ་གྱིས་འདི་ལྟར་༼གྲོགས་པོ་རབ་གསལ་ལགས། ཉིད་ཀྱི་༼རྒད་པོ་དང་རྒྱ་མཚོ༽་བདག་ལ་འབྱོར་ནས་བཀླགས་པ་ཡིན། འདི་ནི་ངས་ཐེངས་དང་པོ་བཀླགས་པ་མིན། ལོ་ཉི་ཤུ་ཙམ་གྱི་སྔོན་ལ་ལ་ངས་རྒྱ་ཡིག་གི་ཐོག་ནས་ཐེངས་ཤིག་བཀླགས་རྗེས་ས་ད་དུང་ཀློག་འདོད་ནས་ཡང་ཐེངས་གཅིག་བཀླགས་པ་ཡིན། ད་རེས་ཁྱེད་ཀྱི་བོད་འགྱུར་མ་བཀླགས་པ་ཐེངས་གསུམ་པ་ཡིན། སྒྲུང་རྩོམ་འདི་བོད་ཡིག་གི་ཐོག་ན་བཀླག་རྒྱུ་ཡོད་ན་ཅི་མ་རུང་བའི་སྨོན་སེམས་ཡང་ཡང་ཤོར་མྱོང་། ངས་རེ་བ་དེ་འདྲ་བྱེད་སྐབས་རྒྱ་ཡིག་ཐོག་ནས་བསྒྱུར་རྒྱུ་མ་གཏོགས་དབྱིན་ཡིག་ནས་བསྒྱུར་རྒྱུའི་རེ་བ་ནི་ཧམ་སེམས་ལྟ་བུ་ཞིག་རེད། དེ་རེས་ཀྱིས་༼རྒད་པོ་དང་རྒྱ་མཚོ་༽ཡི་བོད་འགྱུར་མ་ཀློག་སྐབས་སྔོན་མ་ཧམ་སེམས་སུ་འགྲོ་བ་ཞིག་ད་ལྟ་དོན་དངོས་སུ་གྱུར་བ་རེད། ངས་སྐུ་ཉིད་ཀྱི་བོད་འགྱུར་མ་འདི་དབྱིན་ཡིག་གི་མ་རྩོམ་དང་གཤིབ་བསྡུར་གྱིས་ཀློག་རྒྱུ་མ་བྱུང་ཡང་འགྱུར་སྤུས་དག་པ་ཡོང་ཡོད་པ་ལ་ཡིད་ཆེས་ཡོད། ཉིད་ཀྱིས་དང་པོ་བསྒྱུར་དུས་དབྱིན་སྐད་ཀྱི་དགེ་རྒན་ཨ་མ་མཱ་རེ་ལགས་ལ་ཚིག་དོན་མི་གོ་བའམ་མི་གསལ་བ་རྣམས་འདྲི་རྩད་གནང་གིན་གནང་གིན་བསྒྱུར་བ་དང་། བསྒྱུར་ཙམ་ནས་ཀྱང་སྐུ་ཉིད་ནས་ཞུས་དག་ཡང་ཡང་གནང་བ་མ་ཟད། ད་དུང་གྲོགས་པོ་དག་གི་དགོངས་འཆར་ཡང་སྡུད་ལེན་གྱི་ཞུས་དག་གནང་བ་འདི་དག་གིས་ཞུས་དག་འདོད་པ་ཚིམ་པ་བྱས་ཡོད་ཅེས་ན་འགྲིག་ཀྱང་ཁྱེད་ཀྱི་འདོད་པ་ཚིམ་མེད། ཁྱེད་ནས་བོད་རིག་པའི་དགེ་རྒན་ཆེན་མོ། རང་གི་ཕ་སྐད་དབྱིན་སྐད་ལ་མཁས་པ་སྨོས་མེད་སྟེང་རྒྱ་སྐད་བོད་སྐད་གཉིས་ལ་ནང་བྱན་ཆུད་པ་ཨི་ལི་འོ་ཌི་སྤེར་ལིང་དང་ལྷན་དུ་མཐའ་མའི་དཀའ་གནད་དག་ལ་ཞུས་དག་གཏོང་རྒྱུ་བྱུང་བ་འདི་ནི་ཁྱེད་ཀྱིས་རང་གི་བོད་འགྱུར་མ་འདི་ལ་གཅེས་སྐྱོང་གི་རྩེ་མོར་སླེབས་པ་སྨོས་མེད་ཀྱི་སྟེང་འགྱུར་སྤུས་སྔར་ལས་ཀྱང་ཇེ་མཐོར་སོང་ཡོད་པར་ཐེ་ཚོམ་མེད་པ་རེད། སྒྲུང་རྩོམ་འདི་ལ་དགའ་མཁན་ཞིག་ཡིན་པའི་ངོས་ནས་༼རྒད་པོ་དང་རྒྱ་མཚོ་༽་ཡི་བོད་འགྱུར་མ་སྤུས་དག་ཅིག་ཐོན་པའི་ལེགས་བྱས་འདི་ལ་རྗེས་སུ་ཡི་རངས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། གྲོགས་པོ་ཨ་ཁུ་འབུམ་གྱིས་བྲིས་༽ཞེས་པ་འདིས་ཀྱང་དོན་དག་མང་བོ་གསལ་བཤད་དང་བསེད་གྲོལ་བྱས་པ་རེད།
ལྷག་པར་བསྒྱུར་མཁན་ཁོང་གིས་བཅོས་སྒྲུང་འདིའི་ཚིག་རྩལ་དེ་བོད་སྐད་ནང་དུ་ཡང་མི་ཤོར་ཆེད། བསྒྱུར་གཞིའི་ཚིག་འབྲུ་རེ་རེ་ནས་བོད་སྐད་ལ་སླེབས་པའི་འབད་བརྩོན་བྱས་ཡོད་གསུངས་པ་རྟགས་དང་བཅས་པའི་སྒོ་ནས་རྟོགས་ནུས་སོ། །
ཉེ་སྔོན་སེང་རྡོར་དྲ་བའི་ནང་དུ་༼རྒན་པོ་དང་རྒྱ་མཚོ༽ཁ་བྱང་འདི་འདྲ་ཞིག་བཏགས་ཏེ་རྒྱ་ཡིག་ནས་ཚུཪ་བསྒྱུར་བ་ཞིག་མཐོང་། དེ་རིང་དེ་དང་འདི་གཉིས་བསྡུར་ནས་བལྟ་བསམ། འོན་ཀྱང་མ་རྙེད་པས་བྱ་ཐབས་ཟད། བོད་ཀྱི་ན་གཞོན་སྒྱུ་རྩལ་ལ་དུང་མཁན་ཚོས་འདི་ཡང་དང་བསྐྱར་ཏུ་ཀློག་ན་གཞི་ནས་བློར་ཅིག་འབབ་རྒྱུ་ཡོད་པ་ལས་ཚགས་པར་སྟེང་གི་གསར་འགྱུར་བཞིན་བལྟས་མ་ཐག་དོན་དག་ཧ་གོ་འགྲོ་བའི་རིགས་ནི་མ་ཡིན་ནོ།། འདི་ལ་རོལ་མྱོང་བྱེད་པ་ལ་རང་ལ་ཡང་ཡོན་ཏན་ཅིག་དགོས་པའམ་ཨུ་ཚུགས་ཤིག་གལ་ཆེ། དེ་མིན་རྩོམ་ཡིག་འདི་མགོ་བརྩམས་ནས་མཇུག་སྐྱོང་བར་རེ་བ་མེད། གཅིག་བཀླགས་གཉིས་བཀླགས་རྗེས་གཞི་ནས་བསྒྱུར་རྩོམ་འདི་ཁྱེད་ཀྱི་ཉེ་སར་བཅར་ཡོང་ངེས། དེ་མིན་འདི་ནི་ང་ཚོ་དང་ཐག་རིང་ཐག་རིང་ཞིག་ན་ཡོད། སྐད་ཡིག་གི་ཐད་དང་བརྗོད་བྱའི་ཐད་གཉི་ག་ནས་ལབ་ཡིན། གང་ལྟར་ལས་སླ་བོ་མི་གོ་བ་དེ་སྒྱུ་རྩལ་ཅིག་ཏུ་ངོས་འཛིན་མཁན་ཚོའི་བཤད་པ་ལ་གནས་ལུགས་འདུག་སྙམ།
ངས་དེ་རིང་སྔོན་འགྲོའི་གཏམ་དང་བསྒྱུར་མཁན་གྱི་སྐད་ཆ། སྐུ་ཞབས་པདྨ་འབུམ་གྱི་ཀློག་འཕྲིན་ནང་ནས་མང་བོ་ཞིག་ཚུར་སྤུངས་པའི་དགོས་པའམ་རྒྱུ་མཚན་ནི། ཡིག་བསྒྱུར་གྱི་ལས་ཀ་འདི་ལས་སླ་བོ་ཞིག་ཏུ་ངོས་འཛིན་མཁན་གྱི་ཧམ་སེམས་ཅན་ཚོ་ལ་བརྡ་ཞིག་བརྒྱབས་པ་དང་ཞོར་ནས་སྒྱུ་རྩལ་ལ་མོས་མཁན་དང་། བསྒྱུར་རྩོམ་ཚད་ལྡན་ནམ་ལེགས་པོ་ཞིག་ལ་རོལ་མྱོང་བྱེད་བསམ་ན་སྐུ་ཞབས་རབ་གསལ་གྱིས་བསྒྱུར་བའི་༼རྒད་པོ་དང་རྒྱ་མཚོ་༽ལ་ལྟོས་ཟེར་འདོད་པ་ལས་དམིགས་ཡུལ་གཞན་མེད།
འོན་ཀྱང་རང་གིས་བསྒྱར་རྩོམ་འདི་བཀླགས་པའི་གོ་རིམ་ཁྲོད་ཀྱི་མྱོང་བ་དངོས་ནི་ཁྱེད་ཅག་ལ་ཞུ་འདོད་སྐྱེས། ཐེངས་འགའ་རེ་བལྟས་ཡིན། ད་དུང་བརྗོད་བྱའི་སྤྱི་ཁོག་ལ་དོན་སྤྱི་ཙམ་ལས་ཁོད་ཡངས་པའི་བརྗོད་བྱ་ལ་རོལ་ཐུབ་མེད། དེ་ནི་རང་གི་ཤེས་ཡོན་གྱིས་མ་འདང་བ་དང་། སྒྲུང་གི་བརྗོད་བྱ་དང་ངེད་གཉིས་ཀྱི་བར་ཐག་ཧ་ཅང་རིང་བས་རེད། ཡིན་ནའང་ད་སྔ་དུས་རབས་གསར་བ་འདིར་བོད་ཕྱི་ནང་གཉིས་ན་བསྒྱུར་རྩོམ་ལ་མོས་པ་ཇེ་ཟབ་དང་དེའི་ཐད་ནས་ཕྱག་ལས་སྣ་མང་མཁན་ཡང་མང་། མ་ཟད་དུས་དེབ་དང་ཚགས་པར་སོགས་ལ་ཡང་བསྒྱུར་རྩོམ་མཁོ་བའི་དུས་སུ་ཐོན་པ་ཡོད་ནི། ཀློག་མཁན་གྱིས་རྩོམ་སྒྲིག་པ་འདོད་མོས་ཀྱིས་དེད་པས་ཡིན་པ་འདྲ། གང་ལྟར་ཡང་བསྒྱུར་རྩོམ་གྱི་ལས་སུ་ཞུགས་མཁན་ཧ་ཅང་མང་ཡང་། དོན་དུ་སྒྲ་ལོག་དོན་ལོག་གི་འཇིག་རྟེན་ན་མགོ་འཁོར་བསྡད་པ་ཇི་འདྲའི་མང་། མ་ཟད་ང་ནི་བསྒྱུར་རྩོམ་ལ་མཁས་པོ་སྙམ་པའི་ང་རྒྱལ་ཅན་གྱི་སྐྱེ་བོ་གང་མང་མང་ཞིག་ལ་སྐུ་ཞབས་རབ་གསལ་གྱིས་་བསྒྱུར་གནང་བའི་༼རྒད་པོ་དང་རྒྱ་མཚོ༽འབོད་པ་འདིས་འགྲམ་ལྕགས་གཞུས་ཚར་འདུག
ཉེ་རབས་ཀྱི་བསྒྱུར་རྩོམ་ནི་སྐར་ཚོགས་བཞིན་ཡིན་ན། བསྒྱུར་རྩོམ་འདི་ནི་དེ་ཡི་ཁྲོད་ཀྱི་ཟླ་བར་ངོས་མི་འཛིན་ག་མེད་རེད། བོད་ཀྱི་ད་ལྟའི་བསྒྱུར་རྩོམ་ཁྲོད་ན་འདི་ལས་ལྷག་ཅིག་མི་འདུག་ཅེས་བདག་གིས་ཁ་ཚོན་གཅོད་མ་ནུས་ཀྱང་འདི་ནི་མིག་དཔེ་ལྟ་བུའི་རིགས་རེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་ནུས་སོ། །
དེབ་དེའི་མིང་ལ་ཨིན་ཡིག་ནང་གང་ཟེར་གྱི་ཡོད་དམ
དེབ་དེའི་བསྒྱུར་ལ་སྐྱོན་བརྗོད་བྱས་ན་ཁ་བརྡ་ཚང་ལ་ཡོང་གི་འཇུག་ཐལ། བླ་མ་དཀོན་མཆོག་མཁྱེན། རྒན་པོ་དང་རྒྱ་མཚོ། སྒྲུང་གོ་བདེ་མོ་དེ་མི་གོ་ནི་ཞིག་ལ་བསྒྱུར་ཡོད་ན། ད་བོད་པ་ཚོས་འདག་རེན་སོང་ནི་རེད།
ཡོང་གི་མི་འཇུག་ཐལ། ནོར་བཅོས་ཡིན།
བདག་ཉིན་ཤས་རིང་ནད་ཅིག་གིས་མནར་ཏེ་འདིར་ཡོང་མ་ཐུབ། ཨ་རིག་དགེ་མཐོང་ལགས་ཀྱིས་ཕྲན་གྱི་འགྱུར་ལ་བསྐྱར་ཞིབ་ཀྱི་རྩོམ་འདི་སྤེལ་བ་ལ་ཐུགས་རྗེ་ཆེ་ཞུ། ད་འགྱུར་གྱི་སྐྱོན་དེ་དག་ཀྱང་གླེང་ཐུབ་ཚེ་རྩོམ་འདི་ཧ་ཅང་ཆ་ཚང་བ་ཞིག་ཡིན་པ་གོར་མ་ཆག
ཞོར་ལ་ཞུ་རྒྱུ་ཞིག་ལ། ༼དམིགས་བསལ་བཙན་པོ་མཚན་ཅན་སོགས་ལ་༽ དེང་སང་ལས་ཀ་བྱེད་མཁན་རྣམས་ལ་བསྔགས་བརྗོད་བྱེད་པ་དེ་ཡང་གལ་ཆེན་པོ་ཞིག་རེད་བསམས་བྱུང་། མི་ལ་སྐྱོན་ཡོན་ཚང་མ་ཡོད་པ་ནི་ཆོས་ཉིད་རེད། འོན་ཀྱང་རང་ཉིད་ཀྱིས་ལས་ཀ་མ་བྱས་པར་ལས་ཀ་བྱེད་མཁན་གཞན་ལ་ཚིག་དམོད་འདེབས་པ་དེ་དག་ནི་ལེགས་པར་མ་མཐོང་། ངའི་རྩོམ་ཡིག་ལ་སྐྱོན་བརྗོད་བྱས་ན་ཁ་བརྡ་ལ་ཡོང་དུ་མི་འཇུག་ཟེར་བ་སོགས་ནི་ངའི་རྨི་ལམ་ན་ཡང་མེད་པའི་དོན་ཤ་སྟག་ཡིན། མ་གཞི་ནས་ཁ་བརྡ་ལ་ཡོང་འཇུག་མིན་སོགས་དེ་ཁ་བརྡ་རྩོམ་སྒྲིག་པ་རྣམས་ཀྱི་ལས་ཀ་ཞིག་རེད། ང་ཁ་བརྡའི་རྩོམ་སྒྲིག་པ་མིན་ལགས། ཁུངས་མེད་ཀྱི་སྐད་ཆ་འདི་འདྲ་སྨྲ་བ་མང་བ་ནི་ལེགས་པར་མ་མཐོང་ངོ་།།
ཨ་ཁུ་རབ་གསལ་ལགས་ཀྱི་བསྒྱུར་རྩོམ་དེ་ཀློག་འདོད་ཤིན་ཏུ་ཆེ་བ་བཞིན། དེབ་དེ་གང་ནས་རེག་ཐུབ་མིན་ངོ་སྤྲོད་རེ་ཡོང་བ་ཞུ་ཞུ།