རྫ་ཚེ་རིང་བཀྲ་ཤིས།
སྔོན་གླེང་།
ཁྱེད་ཁྱིམ་སར་བབས་པར་ང་ཧང་མ་སང་ཡང་། ཕངས་སེམས་ཀྱིས་ནུབ་གཅིག་ལ་གཉིད་ཁུག་མ་བྱུང་། ཡིན་ན་ཡང་། མི་སོ་སོར་རང་ཉིད་ཀྱི་མི་ཚེ་ལ་གདམས་ཀ་བྱེད་རྒྱུའི་ཐོབ་ཐང་ཡོད་པས་ཁྱེད་ལ་དེའི་སྐོར་སྐད་ཆ་མང་པོ་འདྲི་རྒྱུའི་བསམ་བློ་མེད་ན་ཡང་། ད་ཆ་ཁྱེད་ཀྱིས་ང་ལ་དྲི་བ་ཁག་ཅིག་དྲིས་ཤོག་གསུངས་པ་ཡིན་དུས་ངས་ཀྱང་གུས་ཞབས་ཆེན་པོས་དང་ལེན་བྱེད་རྒྱུ་ཡིན། སྤྱིར་བཏང་གི་མི་ཞིག་དང་། ནང་པའི་རྗེས་འཇུག་པ་ཞིག ཡང་ན་གསར་འགོད་པ་ཞིག་སྟེ། ངོས་གསུམ་ཆར་ནས་འདྲི་བ་འདྲི་རྒྱུ་ཡིན།
དྲི་བ་དང་པོ། ཐད་ཀར་ཞུས་ན། ཁྱེད་རང་ག་རེ་བྱས་ན་གྲྭ་པ་ལོག་པ་རེད།
ཐོག་མར་ང་ལ་དྲི་བ་བཏོན་གནང་བར་བཀའ་དྲིན་ཆེ། མ་གཞི་ནས་ང་ལ་སེམས་ཁུར་གནང་མཁན་གྱི་གྲོགས་པོ་ཚོར་ཁ་བརྡ་འགའ་ཞིག་བཤད་འདོད་ཡོད། ངའི་རེ་བར་དྲི་ལན་འདི་དག་བརྒྱུད་ནས་ཁྱེད་ཚོས་ཤེས་འདོད་ཡོད་པའི་དོན་དག་འགའ་ཞིག་ཁ་གསལ་ཆགས་རྒྱུའི་རེ་བ་ཡོད། ཡིན་ན་ཡང་། མི་སོ་སོའི་ལྟ་ཚུལ་དང་བསམ་ཕྱོགས་མི་འདྲ་བས་ཀློག་པ་པོ་ཚང་མའི་ཐུགས་ལ་འཕྲོད་པ་ཞིག་ཡོང་རྒྱུར་རེ་བ་བརྒྱབ་མེད། ང་གྲྭ་ལོག་པ་ནི་ཉོན་མོངས་ཤུགས་ཆེ་ནས་རང་གི་ཇི་སྲིད་འཚོའི་བར་ཁས་བླངས་པའི་དམ་བཅའ་དེ་མཐར་མ་ཕྱིན་པ་རེད། ད་དུང་ཁ་གསལ་ཙམ་བྱས་ན། ཕོ་མོའི་འདོད་བརྩེའི་འགག་སྒོ་ལས་མ་ཐར་བ་རེད། ངའི་བསླབ་པ་མ་བཏང་བའི་སྔོན་དུ་ཕུལ་ཡོད་མེད་ལ་སེམས་ཁུར་གནང་མཁན་ཡོད་ས་རེད། དེའི་ཐད་འདུལ་བའི་འགྲོ་ལུགས་དང་མཐུན་པའི་བསླབ་པ་འབུལ་དུ་རུང་བའི་ཡུལ་ལས་བསླབ་པ་ཕུལ་བ་ཡིན་ཞེས་ཞུ་རྒྱུ་ཡིན།
ཡང་འགའ་ཞིག་གིས། བསླབ་པ་འབུལ་ཡུལ་དེར་རྟེན་བྱིན་ཅན་དང་། ཡང་ན་སྔར་སྡོམ་པ་ཞུ་ཡུལ་གྱི་མཁན་སློབ་ལྟ་བུ་ཞིག་དགོས་སྣང་ཤར་གྱི་ཡོད། དེ་ནི་ཡང་དག་པ་མ་རེད། ཕ་རོལ་པོ་དང་སྐད་ཆ་གོ་བརྡ་ཕྲོད་རྒྱུར་དཀའ་ངལ་མེད་པ་ཞིག་དགོས། དུད་འགྲོ་དང་མི་མ་ཡིན་ལྟ་བུ་མ་ཡིན་པ་ཞིག་དང་། སེམས་རྣལ་དུ་གནས་པ་ཞིག་ཡིན་དགོས་ལ་བསླབ་པ་འབུལ་མཁན་གྱིས་རང་གི་སྡོམ་པ་སྲུང་སེམས་དང་འགལ་ཟླར་གྱུར་པའི་བསམ་བློ་དངོས་སུ་སྐྱེས་ཤིང་། གཞན་དེར་ཁ་གསལ་པོས་ར་སྤྲོད་བྱས་པ་ན་སྡོམ་པ་ཕུལ་བའི་དངོས་གཞི་རྫོགས་པ་ཡིན། བསླབ་པ་འབུལ་ཡུལ་ལ་ཕོ་མོའི་ཁྱད་པར་དང་། ཆོས་ལུགས་དད་མོས་ཀྱི་ཁྱད་པར་མེད། སྡོམ་པ་འབུལ་ཡུལ་འབུལ་མཁན་གཉིས་ཀ་ཕན་ཚུན་གོ་བརྡ་འཕྲོད་ཐུབ་མཁན་ཞིག་ཡིན་དགོས། འདིའི་སྐོར་ལ་མང་པོ་ཞིག་གོ་ནོར་ཐེབས་ཀྱི་ཡོད། ངའི་བླ་མ་མཁན་པོ་ཆོས་ཁྱབ་རིན་པོ་ཆེས། རིག་གསར་སྐབས་སུ་སྡོམ་པ་སྲུང་རྒྱུའི་འགལ་རྐྱེན་འཕྲད་མཁན་གྱི་དགེ་ཚུལ་སློང་རིགས་གཅིག་གིས་རྟེན་གསུམ་དང་། ཐ་ན་ཁྱི་དང་བྱི་མི་སོགས་ཀྱི་ཐད་དུ་སྡོམ་པ་ཕུལ་བ་བྱུང་ཡོད་མོད། དེས་སྡོམ་པ་ཕུལ་བའི་གོ་མི་ཆོད་ཅེས་ནན་བརྗོད་གནང་གིན་ཡོད། བསྟན་པའི་མར་ཞབས་འདི་འདྲ་ཞིག་ཏུའང་། ཁྱིམ་པ་དག་གི་ནང་ན་ཡང་འདུལ་བ་དང་འབྲེལ་བའི་ལག་ལེན་ཞིབ་ཚགས་ཀྱི་ཐད་ལ་སེམས་ཁུལ་བྱེད་མཁན་ཡོད་པ་ནི་དགའ་འོས་པ་ཞིག་རེད། དེས་མ་མཐའ་ཡང་། འདུལ་བའི་ཆོ་ག་དང་སློབ་གསོ་འཇིག་རྟེན་འདིར་ད་དུང་གནས་བཞིན་ཡོད་པ་མཚོན་གྱི་ཡོད། འོན་ཀྱང་། རབ་ཏུ་བྱུང་བའི་བསླབ་པ་དང་འབྲེལ་བའི་དཔྱད་བརྗོད་དང་ཐག་གཅོད་རིགས་དེ་ཚོར་གང་ཐུབ་ཐུབ་ཀྱིས་དགེ་འདུན་པ་དང་སྡེ་སྣོད་འཛིན་པ་དག་གིས་དཔྱད་ཞིབ་གནང་འོས་ཤིང་། ཁྱིམ་པ་དག་གིས་འདིའི་སྐོར་གླེང་བ་ནི་ཅུང་ཟད་ཉེན་ཁ་ཅན་ཞིག་རེད།
དྲི་བ་གཉིས་པ། ཁྱེད་རང་ད་ལྟ་རབ་བྱུང་ནི་མ་རེད། སྔར་ཁྱོད་རང་ལ་ཡིད་སྨོན་བྱེད་མཁན་གྱི་ཞེན་མི་ཚོས་ཚིག་ཇ་འཐུང་ས་དང་ཆང་ཁང་སོགས་ལ་མགྲོན་ཁ་དང་དགའ་བོ་སྒྲིག་འདོད་བྱས་ན་ཁྱོད་ཀྱིས་ག་རེ་བྱ་རྩིས་ཡོད།
དུས་ཚོད་འདི་དག་གི་རིང་ཕོ་མོའི་བརྩེ་དུང་གི་ཐད་ནས་ཀྱང་ནམ་རྒྱུན་སློབ་དེབ་ཐོག་ནས་ཐོབ་མི་ཐུབ་པའི་རྩ་ཆེ་བའི་སློབ་གསོ་གང་མང་ཞིག་ཐོབ་སོང་། ཉེ་ཆར་མི་མང་པོས་ང་གར་ཡོད་ཚོད་དཔག་དང་། སྦྲང་རྩི་ལྟ་བུའི་འཚོ་བ་ཞིག་རོལ་གྱི་ཡོད་དམ་སྙམ་གྱི་ཡོད་པ་རེད། དོན་དངོས་ཐོག་ངའི་ཉེ་བའི་དུས་ཚོད་མང་ཆེ་བ་དེབ་ཀློག་པ་དང་། བསམ་བཞིག་གི་ཕྱོགས་སུ་བཏང་བ་ཡིན། མ་ཟད། ད་ལྟ་ང་ལ་འདུལ་ཁྲིམས་ཀྱི་བཀག་རྒྱ་མེད་ན་ཡང་། འདོད་སྲེད་དང་། དགའ་བ། བརྩེ་དུང་བཅས་ཀྱི་མག་མོག་གི་གོ་དོན་དང་འབྲེལ་བའི་ཐད་གོ་རྟོགས་དང་ལྟ་ཚུལ་ཁ་གསལ་ཆགས་ཡོད་པས། གལ་ཏེ་ཞེན་མི་ཚོས་ང་རྗེས་དེད་བཏང་ན་ཡང་། དེའི་ཐད་སྔར་ལས་བློ་རིག་བསྒྲིམས་ནས་འཇུག་ལྡོག་བྱེད་ངེས་ཡིན།
དྲི་བ་གསུམ་པ། ཁྱེད་ཀྱིས་བླ་མ་རྣམ་པར་རང་གི་གནས་ཚུལ་དེ་ཡར་ཞུ་བྱས་པ་ཡིན་ནམ། ཁོང་ཚོས་ག་རེ་གསུང་གི་འདུག མཆེད་གྲོགས་ཚོས་ག་རེ་གསུང་གི་འདུག
དོན་དག་གཞན་ཞིག་དང་མཉམ་དུ་ང་སྒེར་གྱི་གནས་ཚུལ་འདི་དང་འབྲེལ་བའི་ཐོག་ནས་འཕགས་ཡུལ་དུ་ལན་ཅིག་འགྲོ་འདོད་བྱུང་སྟེ། ཐོངས་མཆན་འགྲིག་མ་སོང་། འོན་ཀྱང་། ངས་སྤྱི་ཟླ་དགུ་པའི་ཚེས་བདུན་ཉིན་མོ་སྟེ། ངས་རང་གི་གནས་ཚུལ་ཁྱབ་བསྒྲགས་བྱས་པའི་ཉིན་མོ་དེར་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེར་ཡིག་ཐོག་ནས་ཞུས་པ་ཡིན། རིན་པོ་ཆེས་ཕྱི་ཉིན་ནང་མོ་ང་ལ་དོན་དག་གསུམ་གྱི་ཐོག་ལ་བཀའ་ལན་གནང་འདུག
དོན་དག་དང་པོ། རིན་པོ་ཆེས། ཁྱེད་རང་སྒེར་གྱི་ཉམས་ལེན་དང་ནང་ཆོས་འཆད་སྤེལ་སོགས་ལས་ཀ་ལས་རྒྱུ་མང་པོ་ཡོད་རེད། དེ་ནི་ཁྱེད་རང་གིས་ཏན་ཏན་ལས་ཐུབ་གི་རེད། སྙིགས་མ་ལྔ་བརྡོའི་དུས་འདིར་ནང་ཆོས་འཆད་སྤེལ་ལས་ལྷག་པའི་ལས་ཀ་ཞིག་ཡོད་མ་རེད། དེས་ན་རང་གིས་དེ་དག་མུ་མཐུད་དགོས། ཞེས་གསུང་འདུག
དོན་དག་གཉིས་པར། རིན་པོ་ཆེས། ཁ་གསལ་གཏིང་གསལ་བྱས་ནས་རབ་བྱུང་ཡིན་མིན་ཀྱི་ས་མཚམས་གསལ་པོ་བཟོས་པ་དེ་ཡག་པོ་རེད་། ཅེས་གསུངས་བྱུང་།
མ་གཞི་རིན་པོ་ཆེར་མཚོན་ན། ང་ཚོའི་སྲོལ་རྒྱུན་སྤྱི་ཚོགས་ཀྱིས་རབ་ཏུ་བྱུང་བར་ལྟ་སྟངས་དང་དགོས་འདུན་གྱི་གནོན་ཤུགས་ཆེ་དྲགས་ནས་རབ་བྱུང་མང་པོ་ཞིག་དངོས་ཡོད་གནས་ཚུལ་ལ་གདོང་གཏོད་མི་ཕོད་པར་གྱུར་ཅིང་། དེ་ནི་ནང་པའི་སྤྱི་ཚོགས་ཀྱི་རུལ་སུངས་ཀྱི་རྒྱུ་རྐྱེན་བྱེད་ཀྱི་ཡོད་པའི་གཟིགས་ཚུལ་ཤུགས་ཆེན་ཡོད་པ་རེད།
དོན་དག་གསུམ་པ། རིན་པོ་ཆེས་མུ་མཐུད། ང་རང་ཚོའི་སྤྱི་ཚོགས་འདིར་བཤད་རྒྱུ་གླེང་རྒྱུ་བསམ་རྒྱུ་ཁེ་མཚར་པོ་ཡོད་རེད། དེ་ཚོ་ཡིས་ཁྱེད་རང་ཐུགས་སེམས་མ་སུན་པ་བྱས་ནས་སྔར་ལས་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའི་དམ་བཅའ་དེ་ཤུགས་ཆེ་རུ་གཏོང་རོགས། ཞེས་གསུང་འདུག
རིན་པོ་ཆེས་ང་ལ་ཡིད་ཆེས་གནང་བ་ངའི་བསམ་ཚོད་ལས་བརྒལ་བས་ང་ལ་ཞེ་ནོང་ཡང་བྱུང་མོད། བླ་མ་ནི་བླ་མ་རང་ཡིན་པས་ཐད་ཀར་ཡར་ཞུ་ཞུ་རྒྱུའི་གོ་སྐབས་ཐོབ་པ་དང་། བླ་མས་ཀྱང་བརྩེ་བ་ཆེན་པོས་དང་ལེན་དང་དབུགས་དབྱུང་གནང་བ་ཡིན་སྟབས། ང་ལ་མཚོན་ན། དོན་དངོས་ཐོག་སེམས་ཁུར་དགོས་པའི་དོན་དག་གང་ཡང་ལྷག་མེད་པ་ལྟ་བུ་ཞིག་རེད།
སྤྱི་ཟླ་བརྒྱད་པའི་མཇུག་ཏུ་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་གཙོ་འཛིན་བླ་མ་ཡེ་ཤེས་རབ་རྒྱས་ཀྱིས་སྐབས་དེར་ཐའེ་ཝན་དུ་མཛད་འཕྲིན་སྐྱོང་བཞིན་པའི་༧སྐྱབས་རྗེ་མགར་ཆེན་རིན་པོ་ཆེར་ངའི་སྐོར་ཞུས་འདུག མགར་ཆེན་རིན་པོ་ཆེ་ནི་ངའི་རྩ་བའི་བླ་མ་རྩ་ཆེ་ཤོས་ཤིག་ཡིན།
དེ་རྗེས་ཐེངས་མ་གཅིག་རྒན་ཡེ་ཤེས་རབ་རྒྱས་ལགས་བླ་མ་མགར་ཆེན་རིན་པོ་ཆེའི་མདུན་ནས་ཕྱིར་ཐོན་ཁ་ཞིག་ལ་མགར་ཆེན་རིན་པོ་ཆེས་གློ་བུར་དུ་ཁོང་ལ་ངའི་གནས་སྟངས་སྐོར་ལ་བཀའ་འདྲི་གནང་འདུག ཁོང་གིས་ཆེད་དུ་ང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་ལས་འཛིན་ཁོངས་ནས་དགོངས་པ་ཞུས་ཟིན་མིན་བཀའ་འདྲི་གནང་བ་དང་འབྲེལ། ཚོགས་པ་འདི་ཧ་ཅང་གལ་ཆེན་པོ་ཡིན། འདི་ལས་དགོངས་པ་མ་ཞུ་ལོབ་ཤོག་ཨང་། ཞེས་གསུངས་ཤིང་། ཡང་མུ་མཐུད་ནས། སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ལ་སོགས་པ་ཐེག་ཆེན་གྱི་དགེ་འདུན་མང་པོ་ཡང་ཁྱིམ་པའི་རྟེན་ཅན་རེད། ཚེ་རིང་བཀྲ་ཤིས་ལ་ཁྱེད་རང་ད་ལྟའི་གནས་བབས་ལ་སུན་སྣང་ཡིད་ཆེས་བརླགས་པ་དེ་རིགས་གཏན་ནས་མི་དགོས། ངེས་པར་དུ་སེམས་བསྐྱེད་རྒྱ་ཆེན་པོ་བྱོས། མི་ཚེའི་འགྱུར་བ་ཚང་མར་བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱིས་རྩིས་ཟིན་པ་གྱིས། ནང་ཆོས་མཆད་སྤེལ་སོགས་མུ་མཐུད། ཁྱེད་རང་ད་དུང་ཐེག་ཆེན་གྱི་དགེ་འདུན་རེད་ཅེས་ཤོད་ཤོག་ཨང་། ཞེས་བཀའ་གནང་འདུག དེ་རྗེས་ངས་མགར་ཆེན་རིན་པོ་ཆེ་ལ་བཀའ་དྲིན་ཆེ་ཞུ་དང་འབྲེལ་བའི་ཞུ་ཕྲིན་ཞིག་ཀྱང་ཕུལ་བ་ཡིན། ངའི་དགོན་པ་རྫ་དྲེལ་དཀར་དགོན་པའི་ངོས་ནས་གོང་འོག་ཚང་མས་སྔར་བཞིན་ཆོས་ཉམས་ལེན་དང་འཆད་སྤེལ་སོགས་ད་ཡོད་ཀྱི་ལས་དོན་མཚམས་འཇོག་རྒྱུ་མེད་ཚུལ་ཕྲིན་ཕྲན་ཚོགས་པ་དེ་འདྲའི་ནང་ནས་ཆེད་དུ་གྲོས་བསྡུས་བྱས་ཏེ་ཁོང་རྣམ་པའི་དགོངས་ཚུལ་གང་ཡོད་པ་ང་ལ་གསུངས་བྱུང་། མ་ཟད། མང་པོ་ཞིག་གིས་རྩོམ་ཡིག་འདྲ་མིན་གྱི་ལམ་ནས་སོ་སོས་ཕྲན་ལ་བཅངས་པའི་རེ་བ་དང་ཡིད་ཆེས། བློ་འགྱོད་སོགས་གསལ་སྟོན་གནང་་བ་དང་མཉམ་དུ། རྒྱུ་མཚན་མང་པོ་ཞིག་གིས་ང་ལ་གོ་བ་སྐོན་གནང་སྟེ། མུ་མཐུད་ཆོས་པ་ཞིག་གི་སྣང་བརྙན་མི་འདོར་རྒྱུའི་རེ་བ་བཏོན་འདུག
དེ་ལས་གཞན་ཞིག་ནི། ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་སྔོན་གྱི་ཨ་རིག་བཤད་གྲྭ་ནས་མཉམ་དུ་བསྡད་མཁན་གྱི་ཆོས་གྲོགས་ཤིག་རེད། ཁོང་ད་ལྟ་གཞན་ལ་སློབ་ཁྲིད་གནང་མཁན་གྱི་མཁན་པོ་ཆགས་ཡོད་ཅིང་། སྐབས་དེར་ང་ཁོང་གི་དཔེ་ཁྲིད་དགེ་རྒན་གྱི་མིང་ཁུར་མཁན་ཡིན་པས་ཁོང་ནི་ངའི་སྐབས་དེའི་སློབ་མའི་གྲས་རེད། ཁོང་གིས་རྩོམ་ཡིག་རིང་པོ་ཞིག་གི་ལམ་ནས་སྐབས་དེའི་ཆ་རྐྱེན་ཞན་པའི་་ཁོར་ཡུག་ནས་མཉམ་དུ་སློབ་སྦྱོང་བྱས་པའི་བརྒྱུད་རིམ་སྣ་ཚོགས་ཕྱིར་དྲན་གྱིས། ཁྱེད་ལ་འགྱུར་བ་གང་འདྲ་ཞིག་ཕྱིན་ན་ཡང་། ཁྱེད་ནི་ནམ་ཡང་ངའི་སེམས་ནང་གི་དགེ་རྒན་ཡིན་ཞེས་བྲིས་འདུག འོན་ཀྱང་། ཁོང་གིས་ཐ་མ་དེར་སྐྱ་ལམ་སེར་ལམ་སོ་སོར་ཕྱེས་ནས་མི་སྐྱ་དཀྱུས་མ་ཞིག་གི་ལམ་ཁ་འདེམས་རྒྱུར་རེ་བ་ནན་ཏན་གནང་འདུག
ངའི་བླ་མ་དང་ཆོས་གྲོགས་དག་གིས་ང་ལ་ངན་ཕྱོགས་ཀྱི་ལྟ་ཚུལ་དང་དགག་པ་དམིགས་བསལ་གང་ཡང་གནང་མ་བྱུང་། ཚང་མས་ཐུགས་རྒྱ་ཧ་ཅང་ཆེན་པོ་དང་བཟང་ཕྱོགས་ཀྱི་གཟིགས་ཚུལ་གྱིས་ང་ལ་རེ་བ་སྐྲུན་ཐབས་ཀྱི་འབད་བརྩོན་ཤུགས་ཆེར་གནང་བྱུང་། ཁོང་ཚོས་ང་ལ་བཀའ་བཀྱོན་གནང་མི་ཕོད་པ་དང་ཁ་ཡག་བཤད་པར་ཡིད་ཆེས་བྱེད་ཀྱི་མེད། དོན་དངོས་ཐོག་བླ་མ་དང་མཆེད་གྲོགས་དེ་དག་ལ་ང་ལ་བཀའ་བཀྱོན་དང་ནན་ཏུར་གནང་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་མོད། འོན་ཀྱང་། ཁོང་ཚོས་སྔར་བཞིན་ཡིད་ཆེས་ཆེན་པོ་གནང་བ་དེས་ང་ལ་བསམ་བློ་མང་པོ་འཁོར་བཅུག་བྱུང་།
དྲི་བ་བཞི་པ། ད་ཐེངས་ཀྱི་འགལ་རྐྱེན་འདི་དག་ལྷའི་དངོས་གྲུབ་རེད་དམ། བདུད་ཀྱི་བར་ཆད་རེད། ཁྱེད་ཀྱིས་འདི་ལ་ལྟ་སྟངས་ག་འདྲ་ཞིག་སྤྱད་ནས་དང་ལེན་བྱེད་ཀྱི་ཡོད།
བལྟས་ཚོད་ལ་འགལ་རྐྱེན་དུ་སྣང་བ་མང་པོ་ཞིག་དོན་ལ་འགལ་རྐྱེན་ཡིན་པའི་ངེས་པ་མེད། ཡིན་ན་ཡང་། ང་ཚོའི་འཇུ་སྟོབས་ཀྱི་ནུས་པ་ལ་ཚད་བཀག་ཡོད་པས་ལས་སླ་པོས་འགལ་རྐྱེན་དུ་འགྱུར་གྱི་ཡོད། ཐེངས་འདིར་ངའི་ཐོག་ཏུ་བྱུང་བའི་གནས་ཚུལ་འདི་ཚོ་ལྷ་བླ་མས་གནང་བའི་དངོས་གྲུབ་ཅིག་རེད་དམ། ཡང་ན་སོ་སོའི་ལས་སྒྲིབ་རེད་ཟེར་ན། དེ་ཡང་རྒྱུ་མཚན་གཅིག་མཚུངས་རེད། བཀའ་གདམས་གོང་མ་དེ་ཚོས། མི་གཞན་ཞིག་གིས་ཁྱོད་ཀྱི་མཚན་སྙན་དང་ཆེ་མཐོང་ལ་གནོད་པའི་སྐད་ཆ་ཤོད་པ་འདུག་ན་དེ་ནི་ལྷའི་དངོས་གྲུབ་ཡིན་པར་ཡིད་ཆེས་བྱེད་དགོས་པར་བཤད་ཡོད། རྫ་དཔལ་སྤྲུལ་རིན་པོ་ཆེས། མི་ནི་མིང་ལ་ཧ་ཅང་གཙིགས་ཆེན་བྱེད་ཅིང་། མིང་གི་ཆེད་དུ་རྒྱུ་ནོར་དང་ཐ་ན་སྲོག་ཀྱང་འདོར་ཐུབ་ཅེས་གསུངས་ཡོད། ཉི་མ་གཅིག་ལ་ཁྱོད་ཀྱི་མིང་གྲགས་ཉམས་ཆག་ཕྱིན་ཅིང་། ཁྱོད་ལ་དོ་སྣང་བྱེད་མཁན་ཉུང་དུ་ཕྱིན་པ་ཡིན་ན་ཆོས་ཉམས་ལེན་གྱི་ངོས་ནས་ནི་གནས་ཚུལ་ཡག་པོ་ཞིག་ཏུ་རྩིས་ཆོག རྒྱལ་སྲས་ལག་ལེན་སོ་བདུན་མར། མི་ཞིག་གིས་མི་གཞན་གྱི་སྔུན་ནས་ཁྱོད་ལ་ངན་སྨྲས་ཀྱི་གཏམ་མི་སྙན་བཤད་མཁན་དེ་ཉིད་དགེ་རྒན་ཡག་པོ་ཞིག་ཏུ་ངོས་འཛིན་བྱེད་དགོས་ཞེས་བཤད་པའི་རྒྱུ་མཚན་ཡང་དེ་རེད། ཅིག་བྱས་ན། ང་ལ་བླ་མ་དཀོན་མཆོག་གིས་གོ་སྐབས་འདི་བརྒྱུད་ནས་ལྟས་ཚོད་ལ་བློས་བཏོང་མི་ཐུབ་པའ་ིདངོས་པོ་ཚང་མ་འདོར་ངེས་ཡིན་པ་དང་། ཕར་བལྟས་ཚོད་ལ་འཇོག་མི་ཐུབ་པ་མང་པོ་ཞིག་བཞག་ནས་འགྲོ་ཆོག་ཆོག་ཡིན་པའི་གནས་ལུགས་ལ་ངེས་ཤེས་ཡག་པོ་རྙེད་དུ་འཇུག་དགོངས་པ་ཡིན་སྲིད། ངའི་ངོས་ནས་ཇི་སྲིད་འཚོའི་བར་ཁས་བླངས་པའི་དགེ་ཚུལ་སློང་གི་བསླབ་སྡོམ་བློས་གཏོང་བྱས་པར་འགྱོད་སེམས་ཡོད་དང་ཡོད། འོན་ཀྱང་། འདས་པའི་མི་ལོ་བཅུ་ཕྲག་གསུམ་ལ་ཉེ་བར་རང་ཉིད་ཀྱིས་རབ་བྱུང་དགེ་ཚུལ་སློང་ཞིག་གི་འཚོ་བ་བསྐྱལ་བ་དེར་ད་ལྟའང་དགའ་བ་བསྒོམས་ཀྱི་ཡོད། དེང་སང་ང་ཚོས་ཐའེ་ལན་དཱ་སོགས་སུ་དར་སྲོལ་ཆེ་བའི་དུས་ཐུང་གི་རབ་བྱུང་ཙམ་ཡང་ཕན་ཡོན་ཆེན་པོ་ཡོད་པར་ཡིད་ཆེས་བྱེད་པ་ཡིན་ན། ང་ཚོས་སོ་སོའི་འདས་པའི་མི་ཚེའི་ནང་གི་བསོད་ནམས་ཀྱི་བགོ་སྐལ་དེ་ཚོར་གདེངས་འཇོག་བྱེད་མི་འོས་པའི་རྒྱུ་མཚན་མེད།
ཉེ་ཆར་ངས་སྔོན་བྱོན་སྐྱེས་ཆེན་མང་པོའི་རྣམ་ཐར་ཚུད་པའི་དེབ་བཀླགས་ཤིང་། སེམས་རྣལ་དུ་ཕབ་ནས་བསམ་བློ་གཏོང་བ་དང་། རང་ཉིད་ཀྱི་མི་ཚེའི་འདོད་འདུན་ལ་བསྐྱར་དུ་བསམ་གཞིགས་བྱས་པ་བརྒྱུད་། སྐབས་འགར་ཕྱིའི་ལྟར་སྣང་གི་གཟི་བརྗིད་དང་མཚན་སྙན་ལ་མངོན་པའི་ང་རྒྱལ་ཅི་ཙམ་ཆེ་བ་དེ་ཙམ་རང་ཉིད་ཀྱི་ཐོག་མའི་རེ་བ་དང་རིང་དུ་འགྲོ་སྲིད་པའི་ཕྱོགས་ལ་བསམ་བློ་འཁོར་བྱུང་། ད་ཆ་ངས་གཏམ་འདོད་ཀྱི་གདོང་འབག་དང་བཅོས་མའི་མཛེས་རྒྱན་གྱི་ཕྱི་ཤུན་ཕུད་ཟིན་ཙ་ན། ཅིག་བྱས་ན་རང་གི་ཐོག་མའི་བསམ་འདུན་དང་ཉེ་རུ་འགྲོ་བ་ཡང་སྲིད།
དྲི་བ་ལྔ་པ། ཁྱེད་ཀྱིས་ད་ལྟ་སེམས་ཁུར་ཆེ་ཤོས་གང་རེད། ཨ་མ་ལགས་ཀྱིས་ག་རེ་ཟེར་གྱི་འདུག
སྤྱིར་རབ་ཏུ་བྱུང་བ་ཟེར་དུས། ནང་པ་སངས་རྒྱས་པའི་ཁྱབ་ཁོངས་སྤྱི་དང་། ཁྱད་པར་ཤར་ཕྱོགས་སྤྱི་ཚོགས་ཀྱི་ནང་པ་དག་གི་ཁྲོད་དུ་གསེར་གྱི་དཔྲོག་ཞུ་ལྟ་བུ་ཞིག་རེད། གཞན་གྱིས་ཚབ་བྱེད་མི་ཐུབ་པའི་བྱེད་ནུས་ཤིག་ཡོད། ཐོབ་རྟགས་འདི་བརླགས་ཚར་བ་ཡིན་སྟབས། སྐད་ཆ་བཤད་མཁས་པོ་ག་འདྲ་ཡོད་ཀྱང་། སེམས་ཤུགས་ཡག་པོ་ཡོད་ན་ཡང་། ལག་ལེན་དངོས་ཀྱི་ཐོག་ནས་དཀའ་ངལ་ཡོད་པ་དངོས་ཡོད་རེད།
འདི་ནི་ང་ལ་མཚོན་ན་ཉམས་སད་ཅིག་ཡིན་པར་མ་ཟད། ངའི་སློབ་མ་ཚོར་མཚོན་ན་ཡང་ཉམས་སད་ཅིག་རེད། སུ་ཞིག་ཡིན་ན་ཡང་། ཐོག་མར་རྨོང་དད་བྱེད་ཅིང་། སྨྱོ་བ་ལྟར་རེ་བ་ཆེན་པོའི་སྤྱོད་ཚུལ་འཛིན་པ་དང་། དཀའ་ངལ་འཕྲད་པའི་སྐབས་སུ་ལས་སླ་པོས་བློས་གཏོང་བྱེད་མཁན་ཞིག་ཡིན་ན། དེ་འདྲའི་སློབ་མ་ཞིག་དང་དགེ་སློབ་ཀྱི་འབྲེལ་བ་རྒྱུན་བསྐྱངས་ཡང་ཕྱི་ཚུལ་ཙམ་ལས་དོན་སྙིང་གང་ཡང་མེད།
དེ་མིན་ངའི་སེམས་ཁུལ་བྱེད་ཡུལ་གཞན་ཞིག་ནི། ཨོ་གླིང་དང། ཐའེ་ཝན། མ་ལའེ་ཤི་ཡ། སིང་གྷ་པུར་སོགས་ཀྱི་ང་ལས་སྐྱབས་སྡོམ་ལེན་མཁན་ཉུང་ཤས་དང་། ཡེ་ཤེས་འཁོར་ལོའི་ཚོགས་མི་ཁག་ཅིག་ཡོད་པ་དེ་ཚོ་རེད། ཁོ་ཚོར་མཚོན་ན། ད་ཐེངས་ཀྱི གནས་ཚུལ་དེས་སེམས་ལ་དཀའ་ངལ་འཕྲད་སྲིད་པ་དང་། ཁོང་ཚོས་ང་ལས་ཀྱང་མང་བར་མི་གཞན་པ་ཚོས་ངའི་སྐོར་ལ་ཚོད་དཔག་དང་མཐོ་བཤད་དམའ་བཤད་བྱེད་པ་གོ་རྒྱུའི་གོ་སྐབས་ཡོད་པ་རེད།
ང་རང་ཉིད་ཆོས་ཚོགས་འདིའི་ཚབ་མཚོན་མཁན་དང་། དགེ་རྒན་གྱི་མིང་ཁུར་མཁན་ཡིན་པའི་ངོས་ནས་དེའི་ཐད་ང་ལ་འགན་འཁྲི་ཡོད་པ་རེད། འོན་ཀྱང་། དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་ངས་གང་བྱེད་ཐུབ་པ་དེ་ནི་ཁོང་ཚོར་ནང་ཆོས་དང་ཁ་མི་འབྲལ་རྒྱུའི་བསླབ་རྒྱ་རྒྱག་རྒྱུ་ཙམ་ཏེ། གཞན་དག་ཚང་མ་ཁོང་ཚོ་རང་གིས་ཐག་གཅོད་རྒྱུ་རེད།
ད་ལྟ་ངས་འདི་འདྲ་བཤད་ན་འགྲིག་གི་ཡོད་མེད་མ་ཤེས་སྟེ། གལ་ཏེ་ཁྱོད་རང་ཆོས་ཀྱིས་འབྲེལ་བའི་སློབ་མ་ཞིག་མིན་ན། དགེ་བའི་བཤེས་གཉེན་དང་བླ་མ་སུ་ཞིག་ལ་ཡང་བརྟགས་བཤད་བྱེད་རྒྱུའི་ཐོབ་ཐང་ཡོད་ན་ཡང་། གལ་ཏེ་ཁྱོད་རང་སློབ་མ་ཞིག་ཡིན་ན་ཁྱོད་རང་དང་བླ་མའི་བར་གྱི་འབྲེལ་བའི་སྒྲིག་འཛུགས་སུ་འཛུལ་ཟིན་པ་དང་། ཁྱོད་རང་དེའི་ཚོགས་མི་ཞིག་ཆགས་ཟིན་པ་སྟེ། ཁྱོད་ལ་འགན་འཁྲི་དང་ལས་བགོས་ཡོད་པ་དེ་ཡང་དྲན་དགོས་པ་ཞིག་ཆགས་ཡོད། གནས་ཚུལ་དང་འཕྲད་པའི་སྐབས་སུ་རང་གི་མིག་གིས་མཐོང་བ་དང་རྣ་བས་ཐོས་པ། རྣམ་རྟོག་གི་འཆར་སྒོ་བཅས་ལ་ཚད་ལས་བརྒལ་བའི་ཡིད་ཆེས་བྱེད་པ་དེའི་ཚད་གཞི་ཏོག་ཙམ་དམའ་རུ་བཏང་ན་ཡག་པོ་ཡོད། ཆོས་ཀྱི་ཉམས་ལེན་གྱི་འགྲོ་སྟངས་ཀྱི་ངོས་ནས་མ་མཐའ་ཡང་དེ་འདྲ་རེད།
ཨ་ཅང་ཅང་། ང་ཚོ་ཚང་མ་མི་ཕལ་བ་རེད། དགེ་རྒན་གྱི་ཐག་གཅོད་དང་བྱ་སྤྱོད་འགའ་ཞིག་དངོས་གནས་སེམས་ལ་ཤོངས་མ་ཐུབ་པའི་དཀའ་ངལ་འཕྲད་ན། ཁྱེད་ཀྱིས་ཁུ་སིམ་པོས་བཏང་སྙོམས་སུ་འཇོག་རྒྱུའི་གདམས་ཀ་དང་ལེན་བྱས་ན་འགྲིག ཡིན་ན་ཡང་། སྐུར་འདེབས་དང་སྐྱོན་འཚོལ་ལས་གཡོལ་ཅི་ཐུབ་བྱེད་དགོས། རང་གི་བླ་མ་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་ཞིག་ཏུ་ཁྱོད་ལ་སྣང་དགོས་བསམ་ན། དེ་ནི་དོན་དང་མི་མཐུན་པའི་རེ་སྟོང་ཤིག་རེད། རྫིང་བུ་རྟག་ཏུ་གཡོ་བཞིན་ཡོད་ན། ཟླ་གཟུགས་མི་གཡོ་བ་ལྟ་ག་ལ་སྲིད། ང་ཡང་རང་གི་རྩ་བའི་བླ་མར་སྐྱོན་བརྗོད་དང་སྐུར་འདེབས་བྱེད་མཁན་མང་པོར་ཐུག་སྐབས། ངས་རང་གི་སེམས་ནང་ལ་གྲ་སྒྲིག་ཡོད་པ་བྱེད་ཀྱི་ཡོད། ཨ་མ་དང་འབྲེལ་ཐོག་ནས་བཤད་ན། གང་ལྟར་གནས་ཚུལ་ནི་ལྷག་ཟིན་པ་རེད། སེམས་ཁུར་བྱས་ན་ཡང་ཕན་ཐོགས་མེད་པ་རེད། ཡིན་ན་ཡང་། ངས་རང་ཉིད་ཀྱི་ཐབས་ལམ་སྤྱད་ནས་བུ་ཆོས་ཉམས་ལེན་གྱི་འཚོ་བ་དང་ཁ་གྱེས་མེད་པ་གསལ་སྟོན་བྱེད་ཐུབ་རྒྱུའི་དམ་བཅའ་ཡོད། དེ་ནི་གཅིག་བྱས་ན། ཨ་མ་ལགས་ཀྱི་ཐུགས་སེམས་གསོ་བྱེད་ཀྱི་ཐབས་ཤེས་གཅིག་པུ་དེ་ཡིན་སྲིད། འདིའི་ཐད་ང་ལ་ད་དུང་སེམས་ཁུལ་ཆེན་པོ་ཡོད།
དྲི་བ་དྲུག་པ། ཁྱེད་རང་སྔར་ཡིན་ན། ཚོགས་པ་འཚོགས་དུས་གྲལ་མགོར་དབང་བ་དང་ཞལ་ལག་མཆོད་དུས་བང་བསྒྲིགས་དགོས་རྒྱུ་མ་རེད། ད་ཆ་སྐུ་མགྲོན་གྱི་ཐོབ་ཐང་དང་འབུལ་བ་དེ་ཚོ་ཉུང་དུ་འགྲོ་སྲིད། དེ་གྱོང་གུད་ཅིག་རེད་དམ།
སློབ་མ་ཚོས་ད་དུང་ཡང་ཆོས་པ་ཞིག་དང་སོ་སོའི་དགེ་རྒན་ཡིན་པའི་ཆ་འཇོག་བྱེད་ཀྱི་འདུག འགའ་རེས་བསམ་ན། གྲྭ་ལོག་ནི་གྲྭ་ལོག་རང་ཡིན་སྟབས་མི་དཀྱུས་མ་རང་ཞིག་ཏུ་ངོས་འཛིན་གནང་གིན་ཡོད། ཐ་ན་ཐ་ཆད་དང་སྡིག་ཅན་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡང་ཡོད་སྲིད། མ་གཞི་འགའ་ཞིག་གྲྭ་ཆས་ཕུད་པ་ཙམ་ན་རང་གི་མི་ལོ་བཅུ་ཕྲག་མང་པོའི་རང་གི་སློབ་སྦྱོང་དང་ཉམས་ལེན་དེ་ཚོ་ཕལ་ཆེར་ཁོའི་ལུས་སྟེང་ནས་གཏན་ནས་མཐོང་རྒྱུ་མེད་པ་ཆགས་བཞིན་ཡོད།
ངས་སྔ་མོ་ཡོ་རོབ་ལ་འགྲོ་སྐབས་སློབ་སྦྱོང་ཡག་པོ་ཡོད་པའི་གྲྭ་པ་ཁག་ཅིག་སྐྱ་སར་བབས་འདུག་པ་མཐོང་བྱུང་། ང་ལ་སེམས་ཁྲལ་ཆེ་ཤོས་དེ་ཁོང་ཚོ་སྐྱ་སར་བབས་པ་དེ་མིན་པར་ཁོང་ཚོས་མུ་མཐུད་ཁོང་ཚོའི་ལུས་ཐོག་ཏུ་ཡོད་པའི་རྩ་ཆེའི་མ་རྩ་དེ་ཚོ་བེད་སྤྱོད་བྱེད་ཐུབ་ཀྱི་མེད་པ་དེ་རེད། ཁོང་ཚོར་ཡོད་པའི་མ་རྩ་དེ་ངས་བསམ་ན་སོ་སོ་ལ་ཕན་ཐོགས་ཡོད་པ་དང་མི་ལ་ཡང་ཕན་ཐོགས་ཡོད་པ་ཞིག་རེད། ཁོང་ཚོས་བོད་ཀྱི་སྐད་ཡིག་ཤེས་པ་དང་། ཁོང་ཚོས་གཞུང་བཀའ་པོད་ལྔ་ཤེས་ཀྱི་ཡོད། ད་དུང་བསྒོམ་དང་རིགས་ལམ་གྱི་སྐོར་ཏེ། དེ་ཚང་མ་ནུབ་ཕྱོགས་པ་ཚོ་ཧ་ཅང་དགའ་མོས་བྱ་ཡུལ་རྐྱང་རེད། གལ་ཏེ་ཁོང་ཚོས་མ་རྩ་དེ་མུ་མཐུད་གཞན་དང་མཉམ་སྤྱོད་ཐུབ་པ་ཡིན་ན་དེ་ནི་ཤེས་རིག་དར་སྤེལ་རེད་ལ། ལུགས་མཐུན་གྱི་འཚོ་ཐབས་ཤིག་ཀྱང་རེད། ངས་ཁོང་ཚོས་དེ་ལྟར་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་ལ་བསམ་བློ་གཏོང་སྐབས། སྐད་ཡིག་གི་བཀག་རྒྱ་ཡོད་པ་ལས་གཞན་པ་ཞིག་ནི་དགོན་པའི་སྲོལ་རྒྱུན་གྱི་སློབ་གསོས་གྲྭ་མགོ་མི་ཐོན་མཁན་ཚོར་འཛིན་པའི་ལྟ་སྟངས་དང་འབྲེལ་བ་ཡོད་པ་མཐོང་བྱུང་། དགོན་པས་རང་གི་ཁོར་ཡུག་ནས་སྤྲད་པའི་སློབ་གསོ་དེ་སྤྱི་ཚོགས་ཀྱི་ཐོག་ཏུ་བྱ་བ་སྒྲུབ་པའི་ཆ་རྐྱེན་ནམ་རིན་ཐང་གི་ལྟེ་བ་དེ་དགེ་ཚུལ་སློང་གང་རུང་ཡིན་དགོས་པའི་ཆ་རྐྱེན་ནམ་བག་ཆགས་དེ་འདྲ་ཞིག་སྐྲུན་ཡོད། དེས་ན་ཁོང་ཚོས་ཀྱང་རང་ཉིད་འཚོ་བ་དེ་དང་ཁ་བྲལ་མ་ཐག་ཕལ་ཆེར་རང་ཉིད་དང་ར་ཉིད་ཀྱི་ཤེས་ཡོན་གང་ཡོད་པ་དེ་ཚོ་བེད་མེད་ཆགས་སོང་བ་ཞིག་ཏུ་སྙམ་གྱི་ཡོད། དེ་ནི་གཅིག་བྱས་ན་དད་མོས་ཆེ་བའི་བོད་པ་མི་མང་གི་གྲྭ྄་པ་ལོག་མཁན་ལ་ཆད་པ་གཅོད་སྟངས་ཤིག་ཡིན་སྲིད།
འདུལ་བ་མེ་ཏོག་འཕྲེང་རྒྱུད་དུ། གལ་ཏེ་སྡེ་སྣོད་འཛིན་པ་ཞིག་ཡིན་ན་ཁྱིམ་སར་བབས་ཚར་ན་ཡང་བསྟན་པ་ལ་ཕན་ཐོགས་ཡོད་པ་དང་། དེ་ལ་དམིགས་བསལ་གྱི་བདག་རྐྱེན་འགའ་རེ་གནང་འོས་པའི་དགོངས་ཚུལ་གསུངས་ཡོད། འདུལ་བ་དང་རབ་ཏུ་བྱུང་བ་ཁོ་ན་བསྟན་པ་རིན་པོ་ཆེའི་ཚབ་བྱེད་མཁན་དངོས་དེ་ཡིན་པར་ངེས་ཤེས་སྙིང་ཐག་པ་ནས་ཡོད། དེའི་ཆ་ནས་མི་ཚོས་འདུལ་ཁྲིམས་ལ་འཛིན་པའི་ནན་ཏན་གྱི་ལྟ་སྟངས་དེ་ཡང་ངས་བསམ་ན་ཧ་ཅང་ཡག་པོ་རེད། ཡིན་ན་ཡང་། ང་ཚོས་མ་འོངས་པའི་སངས་རྒྱས་བསྟན་པའི་ཡུན་གནས་ཀྱི་ཐད་ལ་ཡང་བསམ་བློ་གཏོང་སྟངས་འགའ་རེ་གྲ་སྒྲིག་སྡུག་ས་ནས་བྱེད་དགོས།
ན་ཉིན་ཐེངས་གཅིག་༧གོང་ས་མཆོག་གིས། མ་འོངས་པར་ཁྱིམ་པས་སངས་རྒྱས་ཀྱི་བསྟན་པ་འཛིན་དགོས་པའི་དུས་ཚོད་ཅིག་ཤར་རྒྱུ་རེད་ཅེས་བཀའ་གནང་འདུག སྤྱི་ལོ་༢༠༡༥ལོར་ཐའེ་ཝན་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་རབ་བྱུང་གི་སྡེ་ཉུང་དུ་འགྲོ་བཞིན་པའི་སྐོར་ལ་བཀའ་འདྲི་ཞུས་སྐབས། མཁན་པོ་མཆོག་གིས། དེ་ནི་ཟློག་ཏུ་མེད་པའི་འཕེལ་ཕྱོགས་ཤིག་རེད། ཅེས་ལན་གནངསོང་། སྐབས་དེར་ང་ཡང་དེར་ཡོད། དེས་ན་ཁྱེད་རྣམ་པས་ཀྱང་ང་དང་ང་ལྟ་བུ་འདུལ་ཁྲིམས་ཡག་པོ་སྲུང་མ་ཐུབ་མཁན་ཚོར་ཡང་སེམས་ཤུགས་ཅུང་ཟད་སྤར་ན་མི་ཆོག་གམ།
ང་དང་ང་ལྟ་བུའི་འདུལ་ཁྲིམས་སྲུང་མ་ཐུབ་མཁན་ཚོས་ཀྱང་། སོ་སོའི་རྒྱུད་ལ་ཡོད་པའི་ཐོས་བསམ་དང་དགེ་བའི་ཡོན་ཏན་གྱི་ལྷག་མ་དེ་ཚོ་མུ་མཐུད་བསྟན་པ་དང་སེམས་ཅན་གྱི་དོན་དུ་བསྔོས་ན་མི་ཆོག་གམ།
ཉེ་ཆར་ང་ཡེ་ཤེས་འཁོར་ལོའི་ལས་ཀ་བྱེད་མཁན་ཚོར་ཐུག་སྐབས་ཀྱང་། ངས་རང་ཉིད་ད་ནས་ཁྱིམ་པ་རང་ཡིན་པས་རབ་ཏུ་བྱུང་བ་ལ་དབང་བའི་ཐོབ་ཐང་དེ་ཚོ་གང་ཡང་དང་ལེན་བྱ་རྒྱུ་མིན་ཞེས་བཤད་པ་ཡིན།
སྔོན་ནས་ད་བར་དཀོར་གྱིས་འཚོ་བ་སྐྱེལ་མཁན་ཞིག་ཡིན་ན་ཡང་། དྲང་མོ་བཤད་ན་འབུལ་བ་ལ་སྲེད་ཞེན་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་མིན། འདིའི་ཐད་ལ་རང་ཉིད་ལ་ཡིད་ཆེས་ཡོད།
ཆུང་ནས་ད་བར། ཁྱིམ་ནས་དགོན་པ་དང་། བོད་ནས་རྒྱ་གར། རྒྱ་གར་ནས་འཛམ་གླིང་གང་དུ་ཕྱིན་ཡང་སྒོར་ཁུག་ནང་དུ་སྒོར་མོ་ག་ཚད་ཡོད་མེད་ལ་སེམས་ཁུལ་ཆེན་པོ་བྱས་མེད། འབྱུང་འགྱུར་གྱི་ཆ་ལ་ཡང་། སྒེར་གྱི་འཚོ་བ་ཙམ་ནི་ཧ་ཅང་སྟབས་བདེ་རེད། མ་ཟད། ངས་སློབ་མ་ཚོར་ངའི་འབྱུང་འགྱུར་སྒོར་མོ་དང་འབྲེལ་བའི་ཕྱོགས་ལ་རང་གི་བསམ་ཚུལ་ཁ་གསལ་བྱས་ཟིན།
རྫོང་སར་མཁྱེན་བརྩེ་རིན་པོ་ཆེས་ཀྱང་བོད་ཡིག་གི་བརྒྱུད་ལམ་ཞིག་ལ་དྲིས་ལན་གནང་སྐབས། ག་ལེར་བྱས་ནས་རྒྱ་ནག་ནང་ཁུལ་གྱི་བོད་ཀྱི་བླ་མ་དག་དང་དད་ལྡན་བར་གྱི་འབུལ་བ་འབུལ་བཞེས་ཀྱི་ལམ་ལུགས་འདི་ལ་གནད་དོན་ཡོང་གི་རེད་ཅེས་གསུངས་མྱོང་།
མ་འོངས་པར་ཡེ་ཤེས་འཁོར་ལོ་རང་གི་མིང་ཐོག་ནས་དོན་སྙིང་ཡོད་པའི་ལས་འཆར་ཚད་ལྡན་དེ་འདྲ་སྤེལ་རྒྱུའི་གོ་སྐབས་བྱུང་ན་སུས་ཀྱང་མཉམ་ཞུགས་གནང་བར་དགའ་བསུ་ཡོད། དེ་ནི་མི་སྒེར་ལ་དམིགས་པ་ཞིག་མིན་པར། ཡོངས་གྲགས་དང་ཕྱི་གསལ་ནང་གསལ་གྱི་ཐོག་ནས་འགྲོ་ཐུབ་རྒྱུའི་འགན་ལེན་ཞུ་ངེས་ཡིན། དེ་འདྲའི་འཕོ་འགྱུར་གྱི་ཐོག་ལ་གོམ་པ་སྤོ་བ་ནི་གྱོང་གུད་མིན་པར་མ་ཟད། ཕུགས་རྒྱང་རིང་པོར་ཕན་པ་ཡོད་པ་ཞིག་ཡིན། ཆོས་ཕྱོགས་དང་དགེ་ལས་ལ་བྱུང་སོང་རྩིས་ཁྲ་གསལ་པོ་མེད་པ་ནི་ཆོས་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་རུལ་སུངས་ཀྱི་མཆེད་ཁུངས་ལྟ་བུ་ཡིན་ལ། འདི་ནི་མ་འོངས་པའི་ང་ཚོའི་ཉེན་ཁའང་ཡིན། གནས་སྟངས་འདི་ད་ལྟ་ནས་ཛ་དྲག་ཆགས་མགོ་ཚུགས་འདུག འདིའི་ཐད་ལ་བསམ་ཚུལ་མང་པོ་ཞིག་སྔར་ཡང་བརྒྱུད་ལམ་གཞན་དུ་ཞུས་མྱོང་།
མཚམས་མཚམས་མཚན་མོ་རྨི་ལམ་དུ་གྲྭ་ཆས་རང་གོན་ནས་འགྲོ་བཞིན་པ་ཁོ་ན་རྨིས་པ་དང་། སད་པའི་སྐབས་སུ་སེམས་ལ་འགལ་འདུའི་བསམ་བློ་གང་མཚམས་ཡོང་གིན་འདུག དེ་ནི་མི་ལོ་སུམ་ཅུ་ལྷག་གོན་པའི་སྟོན་པའི་ན་བཟའ་དེ་དང་གཏན་དུ་ཁ་གྱེས་པ་དེར་གོམས་གཤིས་ཀྱི་ཆ་ནས་ཅུང་བློས་མི་ཐོངས་པའི་རྟགས་མཚན་ཞིག་ཡིན་ས་རེད། ག་ལེ་ག་ལེར་སྐྲ་རིང་དུ་འགྲོ་བ་མཐོང་སྐབས་བྲེག་ན་འདོད་པ་སོགས་གོམས་གཤིས་ཀྱི་ཆ་ནས་གདོང་ལེན་དགོས་པ་ཡང་མང་པོ་ཞིག་འདུག དེ་ནི་འཚོ་བ་དང་མི་ཚེའོ།།
དྲི་བ་བདུན་པ། ཁྱེད་ཀྱི་སློབ་མ་ཚོ་ཁྱོད་རང་ཁྱིམ་སར་བབས་པར་ལྟ་སྟངས་ག་འདྲ་འདུག བོད་ནས་ཀྱང་རྩོམ་ཡིག་གི་ལམ་ནས་བསམ་ཚུལ་འདོན་མཁན་ཡོད་པ་འདྲ། དེ་ཚོར་ལྟ་ཚུལ་ག་འདྲ་་ཡོད།
ངའི་ཆོས་ཚོགས་ཀྱི་སློབ་མ་ཕལ་མོ་ཆེའི་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་དང་ལེན་ཡོད་པའི་རྣམ་འགྱུར་བསྟན་སོང་། འོན་ཀྱང་ངས་ཁོང་ཚོ་ལ། ང་ཚོས་མཉམ་དུ་དཀའ་ངལ་མང་པོར་གདོང་ལེན་བྱེད་དགོས་སྲིད་ཅིང་། དེའི་ཐོག་ཏུ་ད་ཆ་ང་ཡང་རབ་བྱུང་མིན་པས་ཁྱེད་ཀྱི་སྔུན་དུ་ཡོད་པ་དེ་གླང་རྫིའི་དོར་མ་གྱོན་པའི་མི་ཞིག་ཡིན་སྲིད། ཁྱོད་ཀྱིས་དེ་ལྟ་བུའི་མི་ཞིག་ལ་ཆོས་ཕྱོགས་ཀྱི་ཡིད་ཆེས་མུ་མཐུད་ཉར་ཐུབ་ས་རེད་དམ། དེ་ནི་ཧ་ཅང་ནན་ཏན་བྱས་ནས་བསམ་བློ་གཏོངད་གོས་པའི་དོན་དག་ཅིག་རེད་ཅེས་རང་འགུལ་གྱིས་བཤད་པ་ཡིན།
ཡང་དང་ལེན་མི་ཐུབ་པའི་རྣམ་འགྱུར་འཛིན་མཁན་དང་། བསླབ་པ་ཉམས་པ་ནི་ཧ་ཅང་ཚབ་ཆེན་ཡིན་པས་མི་མཐུད་དེ་ལྟ་བུའི་མིའི་ས་ནས་ནང་ཆོས་སྦྱང་ན་ཕན་ཡོན་ཡོད་མ་རེད་ཟེར་ནས་ཤོད་མཁན་ཡང་ཡོད་འདུག དེ་ཡང་ཡག་པོ་རེད་སྙམ་ཡོད།
དྲི་བ་བརྒྱད་པ། ད་ནི་ཁྱེད་རང་ཁྱིམ་པ་རེད། མཁན་པོའི་མིང་ཐོག་ནས་གནང་ཆོག་པའི་བྱེད་སྒོ་དེ་འདྲའི་ཁྲོད་ནས་ད་ཕྱིན་བྱེད་མི་ཆོག་པ་གང་དང་གང་ཡོད་པ་རེད།
རབ་ཏུ་བྱུང་བ་ནི་གསོད་ནམས་ཀྱི་གཏེར་མཛོད་ཆེན་པོ་ཞིག་སྟེ། མིང་དང་རྟགས་ཙམ་གྱིས་ཀྱང་བསོད་ནམས་ཆེན་པོ་འཛིན་གྱི་ཡོད། ང་ལ་མཚོན་ན་ད་ཆ་མིང་དང་རྟགས་འདི་བོད་བརླགས་སུ་ཕྱིན་པ་སྟེ། དེ་དངོས་ཡོད་གནས་ཚུལ་རེད།
ཆོག་མི་ཆོག་གི་སྐོར་ནས་བཤད་ན། རབ་བྱུང་དང་དགེ་ཚུལ་སློང་གི་བསླབ་པ་སྦྱིན་པ་དང་། གསོ་སྦྱོང་དང་དབྱར་གནས་ཀྱི་མཁན་པོ་བྱེད་མི་ཆོག་པར་མ་ཟད་འཚོགས་ཡང་མི་ཆོག་པ་རེད།
དེ་ལས་གཞན་པའི་དབང་སྐུར་ཆོས་འཆད། སྤྱིར་བཏང་གི་འཚོགས་པ་དེ་འདྲར་མཉམ་ཞུགས་བྱ་རྒྱུར་དམིགས་བསལ་དགག་བྱ་མེད་པ་རེད།
དྲི་བ་དགུ་བ། ཁྱེད་རང་ལ་ད་ལྟ་འཆར་གཞི་གང་ཡོད། མུ་མཐུད་ཆོས་ཕྱོགས་ཀྱི་ལས་ཀ་བྱེད་ཀྱི་ཡིན་ནམ།
དེའི་ཕྱོགས་ལ་ངས་བསམ་བློ་ཞིབ་ཚགས་བཏང་བ་ཡིན། མགར་ཆེན་རིན་པོ་ཆེ་དང་རྫོང་སར་མཁྱེན་བརྩེ་རིན་པོ་སོགས་ཀྱིས་ང་ལ་ཆོས་འཆད་སྤེལ་སོགས་ཀྱི་ལས་དོན་མུ་མཐུད་རྒྱུན་སྐྱོང་དགོས་པར་གསུངས་ཤིང་། དེ་ནི་རྩ་བའི་བླ་མས་བསླར་ཡང་ང་ལ་འགན་བཀལ་བ་ཞིག་ཏུ་བརྩི་གིན་ཡོད། གནས་བབས་འདི་འདྲ་ཞིག་གི་སྐབས་སུ་ཡང་བླ་མ་རྣམ་པས་དེ་ལྟར་ཐུགས་བསྐྱེད་དང་རེ་བ་གནང་བ་དེ་ཚོ་ངའི་སྟོབས་ཤུགས་སུ་འགྱུར་རྒྱུར་ཐེ་ཚོམ་གང་ཡང་མེད། ཡིན་ན་ཡང་། ལས་འགན་དེ་ནི་ལྕིད་པོ་ཞིག་ཡིན་པ་དང་། ད་ལྟ་ང་ནི་སྔར་གྱི་དེ་རང་གི་ཐོག་ཏུ་བསྡད་མེད་པ་ཡིན་སྟབས་དཀའ་ངལ་མེད་པ་མ་རེད། དེས་ན་ཐོག་མར་མཚམས་སྒྲུབ་ཉམས་ལེན་ཕྲན་བུ་ཞིག་བྱ་རྒྱུར་སེམས་ཐག་བཅད་ཟིན། དེ་ནི་འདྲིས་གོམས་ཆེ་བའི་ཡུལ་དང་བྱ་བ་། ཁོར་ཡུག་བཅས་དང་ཁ་ཐག་ཅུང་རིང་ས་ཞིག་ཏུ་ཕྱིན་ནས་ནང་སེམས་ཀྱི་གཉུག་མར་གནས་པའི་སྟོབས་ཤུགས་ལ་འཚོལ་ཞིབ་ཀྱི་ཚོད་ལྟ་ཞིག་བྱ་འདོད་པ་ཡིན། ཨོ་གླིང་གི་གླིང་ཕྲན་ཁྲ་སི་མ་ནི་ཡ་ནི་ཧ་ཅང་མཛེས་ཤིང་ཡིད་དུ་འོངས་པའི་ས་ཆ་ཞིག་ཡིན་སྐད་དེ། དེ་ནི་མཐའ་ཡོངས་སུ་ཞི་བདེ་རྒྱ་མཚོས་བསྐོར་ཞིང་། གངས་རི་དང་རྫ་རི་སྤང་རི་སོགས་ཀྱིས་མཛེས་ཤིང་། ལྷུང་ལྷུང་དུ་འབབ་པའི་ཆུ་བོ་དང་བསུང་ཞིམ་གྱི་ངད་པ་འཐུལ་བའི་མེ་ཏོག་ཀུན་ནས་བཀྲ་བ་སྟེ། ཁྱད་པར་དུ་ད་ལྟ་ནི་ཡུལ་དེར་ཡང་དབྱར་གྱི་དུས་ཀྱི་མགོ་ཚུགས་རན་པ་ཙམ་དུ་ཡོད། དེས་ན་ས་ཆར་སྔོན་གྱི་དབེན་པའི་ཚལ་ལ་བསྔགས་པ་བརྗོད་མཁན་གྱི་དྲང་སོང་དག་གི་སྙན་ངག་གི་རབས་ཀྱི་འཇིག་རྟེན་ལ་བདེ་དཔང་བྱེད་དུ་འགྲོ་བའང་ཡིན། ང་ཚོའི་སེམས་ནི་གུད་དུ་སྦས་པའི་གསེར་གྱི་གཏེར་ཁ་ཞིག་དང་འདྲ་ཞིང་། སེམས་ཀྱི་ཡོན་ཏན་མང་པོ་ཞིག་དངོས་གནས་ཁོ་རང་གི་གཤིས་ལ་ཡོད། དེ་ཡང་སེམས་ཀྱི་གནད་འཚོལ་བའི་ཆེད་དུ་དུས་ཚོད་ཉུང་ཉུང་ཞིག་ལས་མ་བཏང་བ་ཡིན་ན་ཡང་དེ་དང་འདྲ་བའི་གྲུབ་འབྲས་ཐོབ་རྒྱུ་གཏན་ཁེལ་བ་ལྟ་བུ་ཞིག་རེད། དེ་ནི་དེང་སང་གི་རླུང་སྦྱོར་དང་ལུས་རྩལ་རྩེ་བ་ནང་བཞིན་རེད། ལྟ་ཚུལ་འདི་ངས་《མི་ཚེ་དང་ཉམས་ཉེན་གྱི་མཐུན་སྦྱོར་》ཞེས་པའི་རྩོམ་དུ་སྔར་ནས་མང་པོ་བཤད་ཡོད། ངས་ད་ཐེངས་མ་བསམ་ས་ནས་སེམས་ཁམས་ཀྱི་སྦྱོང་བརྡར་ཞིག་བྱ་རྒྱུར་དུས་ཚོད་གཏོང་ཐུབ་པ་འདིར་དགའ་ཚོར་སྐྱེ་བཞིན་ཡོད།
མི་འགའ་རེས་ད་ཆ་ཁྱིམ་སར་བབས་ནས་འཇིག་རྟེན་གྱི་འཚོ་བ་རོལ་རྒྱུ་བཞག་ནས་མཚམས་ལ་འདུག་པ་མགོ་རྔ་ལོག་པའི་ལས་ཀ་རེད་དགོངས་ནས་གད་མོ་དགོད་མཁན་ཡང་ཡོང་གི་རེད་དེ། དེ་ལ་ཁྱད་པར་མི་འདུག ཐག་གཅོད་ག་འདྲ་ཞིག་ཡིན་ཡང་། མི་གཞན་གྱི་ཅི་ཟེར་བསྒུགས་ནས་འདུག་རྒྱུའི་དུས་ཚོད་མེད་པ་རེད། ང་མི་ཚེ་འདིར་སྲིད་ན་དཀོན་པའི་བླ་མ་དུ་མ་ཞིག་དང་མཇལ་ཞིང་། ཆོས་དང་གདམས་ངག་གི་བགོ་བསྐལ་བཟང་པོ་གནང་ཡོད་པ་དེ་ངས་ད་དུང་ཡང་བློས་གཏོང་བྱ་འདོད་མེད། མུ་མཐུད་ང་ལ་ཡིད་ཆེས་བྱ་རྒྱུ་བདམས་མཁན་གྱི་སློབ་མ་དེ་ཚོའི་ཆེད་དུའང་ངས་སྔར་ལས་ལྷག་ཙམ་བརྩོན་འགྲུས་བྱ་ངེས་ཡིན།
ངའི་མ་འོངས་པའི་འཚོ་ཐབས་ཐད། ད་ལྟའི་བར་དུ་རང་ཉིད་ཀྱིས་གང་སྦྱང་བའི་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ཤེས་བྱ་འདི་དག་ནམ་ཡང་རྩ་ཆེ་བའི་ནོར་བུ་ཞིག་རེད། ཤེས་ཡོན་རང་གི་ངོས་ནས་ཀྱང་མ་རྩ་འདིས་ངའི་འཚོ་བ་ལ་ཁག་ཐེག་ཐུབ་ཀྱི་རེད། རྩོམ་ཡིག་འབྲི་བ་དང་ཡིག་སྒྱུར་སོགས་ལས་རིགས་གཞན་ཡང་གཉེར་ཆོག་གི་རེད། མཁྱེན་བརྩེ་ཐེབས་རྩ་དང་། ནུབ་ཕྱོགས་ཀྱི་བོད་ཀྱི་ནང་ཆོས་དང་འབྲེལ་བའི་ཡིག་སྒྱུར་ལས་གཞི་གཉེར་མཁན་ཚོགས་སྡེ་འགའ་ཞིག་གིས་ང་ལ་ལས་ཀ་སྤྲོད་རྒྱུའི་འདོད་པ་ཡོད་ཚུལ་ཡང་གསུངས་བྱུང་།
མ་གཞི་རང་ཁ་རང་གསོ་ནི་ཧ་ཅང་ཡག་པོ་རེད། ཐའེ་ཝན་དུ་རྒྱའི་དགེ་འདུན་པ་ཞིག་གིས་དུས་ཚོད་ཡོད་དུས་གླ་འཁོར་བཏང་ནས་ལོ་ཉི་ཤུའི་རིང་དགོན་པའི་སྐུ་ཡོན་མ་བླངས་པར་རང་ཁ་རང་གསོའི་འཚོ་བ་བསྐྱལ་འདུག དེ་ལ་ཉེ་ཆར་གསར་ལམ་དང་མི་མང་གིས་བསྔགས་བརྗོད་ཐོབ་འདུག
འབྲི་གུང་༧སྐྱབས་མགོན་ཆེ་ཚང་རིན་པོ་ཆེས་ཀྱང་ཉེ་ཆར་ཞིག་ལ། ད་ཆ་དགེ་འདུན་པ་ཚོ་འབུལ་བ་ཁོ་ནས་འཚོ་བ་སྐྱེལ་བའི་དུས་ཚོད་ཕལ་ཆེར་རྫོགས་འགྲོ་གིན་ཡོད། སོ་སོས་རང་གི་ནུས་པར་རྟེན་ནས་འཚོ་བ་སྐྱེལ་རྒྱུའི་དུས་ལ་བབས་ཡོད་ཅེས་གསུངས་འདུག འོན་ཀྱང་། ནང་པའི་དགེ་འདུན་པ་དང་སྦྱིན་བདག་བར་གྱི་འབུལ་བ་དང་སྐུ་འགྱེད་ཀྱི་ལམ་ལུགས་འདིར་སྤྱི་ཚོགས་རང་ལུགས་ཀྱི་ལྟ་སྟངས་ཁོ་ནས་འགྲེལ་བཤད་རྒྱག་རྒྱུ་ཞིག་མ་རེད། བླ་མ་དང་དགེ་འདུན་པར་འབུལ་བ་ཕུལ་བ་ནི་འབུལ་མཁན་གྱི་ངོས་ནས་ཚོགས་གསོག་སྒྲིབ་སྦྱོང་གི་ལས་ཀ་ཞིག་དང་། ཁྱིམ་པའི་ཕྱོགས་ཀྱི་ཉམས་ལེན་རིགས་ཤིག་རེད། ངོས་གཞན་ཞིག་ནས། ཁྱིམ་པ་ཚོས་རབ་ཏུ་བྱུང་བའི་འཚོ་བ་ལ་ཆ་རྐྱེན་སྦྱོར་ཐུབ་ན་རང་བྱུང་ཚོས་ཀྱང་བློ་སེམས་བདེ་པོས་ནང་བསྟན་ལ་ནུས་པ་འདོན་ཐུབ་པ་དང་། བསྟན་པ་དང་སེམས་ཅན་ལ་ཕན་པའི་ལས་ཀ་མང་བ་ལས་ཐུབ།
དེས་ན་སྲོལ་རྒྱུན་གྱི་འབུལ་བ་དང་སྐུ་འགྱེད་སོགས་ཀྱི་ལམ་ལུགས་འདིར་ང་མཐད་པ་བརྒྱ་ཆ་བརྒྱ་ཡོད། འོན་ཀྱང་། དུས་རབས་འགྱུར་ཞིང་མི་རྣམས་ཀྱི་བསམ་བློ་དང་ཁོར་ཡུག་ཀྱང་འགྱུར་བཞིན་ཡོད། འགྱུར་བ་དེ་དག་དང་མཉམ་དུ་ང་ཚོའི་ཀྱང་ལས་ཀ་ལས་སྟངས་མང་པོ་ཞིག་ལ་བཅོས་སྒྲིག་འགའ་རེ་མ་བྱས་རང་བྱས་རེད།
དྲི་བ་བཅུ་པ། ཁྱོད་ལ་ཁྱིམ་ཐབས་བཟུང་ནས་ཕྲུ་གུ་སྐྱེ་རྒྱུ་སོགས་ཀྱི་འཆར་གཞི་ཡོད་དམ།
ང་སྒེར་ལ་ད་དུང་དེའི་ཕྱོགས་ལ་གྲྭ་སྒྲིག་མེད། གནས་སྐབས་གོང་དུ་བཤད་པའི་ཞི་འཇགས་ཀྱི་འཚོ་བ་གཞན་ཞིག་ལ་ཚོད་ལྟ་ཞིག་བྱེད་ཀྱི་ཡིན། ཆང་སའི་སྐོར་ང་ཚོས་རྗེས་ནས་བཤད།
དྲི་བ་བཅུ་གཅིག་པ། ད་ནས་ཁྱོད་ལ་མཁན་པོ་ཞེས་བོས་ན་འགྲིག་གི་རེད་དམ། རྗེས་ནས་ཁྱེད་ཀྱིས་གྱོན་པ་ག་འདྲ་གྱོན་རྒྱུ་ཡིན།
མ་གཞི་ལྷ་རམས་པ་དང་དགེ་བཤེས་དེ་འདྲ་ཁྱིམ་སར་བབས་ཀྱང་མུ་མཐུད་མིང་གནས་རང་འཇགས་སུ་གནས་བསྡད་པ་དེ་འདྲ་ཡང་མེད་པ་ནི་མ་རེད། མཁན་པོ་ཟེར་བ་དེ་དགོན་སྡེའི་ཤེས་ཡོན་ལམ་ལུགས་ཁྲོད་ཀྱི་སློབ་སྦྱོང་མཐར་ཕྱིན་པའི་གནས་རིམ་ཙམ་ཞིག་ཡིན་པའི་རང་ལྡོག་ནས་གོ་བ་བླངས་ན་རང་འཇགས་སུ་གནས་མི་ཆོག་པའི་རྒྱུ་མཚན་མེད་པའང་སྲིད།
གལ་ཏེ་ངའི་སློབ་མ་ཞིག་ཡིན་ན་ཁོང་ཚོས་ང་ལ་བླ་མ་དང་དགེ་རྒན་སོགས་ཀྱིས་འབོད་དང་མི་འབོད་དེ་དགེ་རྒན་དང་དགེ་ཕྲུག་གི་འབྲེལ་བའི་ཐོག་ནས་ཡོང་གིན་ཡོད་སྟབས་དེ་ལ་གནད་འགག་ཆེན་པོ་མི་འདུག ཡིན་ན་ཡང་། མཁན་པོ་ཟེར་བའི་ཐ་སྙད་དེ་སྤྱི་ཚོགས་ཀྱི་གོམས་གཤིས་ཁྲོད་སྐབས་ཕལ་མོ་ཆེར་རབ་ཏུ་བྱུང་བའི་རྟེན་ཅན་ཞིག་ཡིན་པའི་བག་ཆགས་ཤུགས་ཆེན་ཡོད། དེའི་ཐད་གོ་བ་ལེན་སྟངས་མི་འདྲ་བ་རེད། དེ་ནི་ལུགས་སྲོལ་དང་འབྲེལ་བའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། མཁན་པོ་ཞེས་ལབ་རྒྱུ་དེ་དེ་ཙམ་འོས་པོ་མི་འདུག་སྙམ་པ་ཡོད་སྲིད། ངས་ཀྱང་བསམ་ཚུལ་དེར་བརྩི་བཀུར་ཡོད།
ད་ལྟ་ང་ལ་མཚོན་ན་མིང་ལ་རྒྱབ་ཁེན་ནས་འདུན་ལམ་འཚོལ་བའི་དུས་ཚོད་དེ་ཕལ་ཆེར་ཡོལ་ཚར་བ་ཞིག་རེད་སྙམ་གྱི་ཡོད། ག་རེས་བོས་ན་ཡང་ཁྱད་མི་འདུག གྱོན་པའི་ཐད་ནས། ནམ་རྒྱུན་ཕྱི་ལོགས་སུ་འགྲོ་དུས་དང་ཡང་ན་སྤྱིར་བཏང་གི་ཚོགས་འདུ་དང་ལས་ཞུགས་ལྟ་བུར་སྐྱ་ཆས་གྱོན་རྒྱུ་ཡིན། ཨོ་གླིང་གི་ཁོར་ཡུག་འདི་ན་དགེ་ཚུལ་སློང་ཚོ་ལ་ཡང་ནམ་རྒྱུན་གྲྭ྄་ཆས་གྱོན་སའི་ཁོར་ཡུག་ཉུང་ཉུང་མ་གཏོགས་མེད་པ་དེ་འདྲ་རེད། བོད་ནང་དང་གནས་སྟངས་རྦད་དེ་མི་འདྲ་བ་རེད། ཡིན་ན་ཡང་། སོ་སོ་མཚམས་སྒྲུབ་བྱེད་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་གཙོ་སྐྱོང་བྱེད་སྐབས་སྔགས་པ་འགའ་རེས་རྒྱུན་གོས་སུ་བྱེད་བཞིན་པའི་བོད་ཆས་ལྭ་རིང་དེ་འདྲ་དང་། ཡང་ན། དེང་སང་གི་མིས་ཇུས་འགོད་བྱས་པའི་རས་གོས་རིགས་དེ་འདྲ་གྱོན་འདོད་ཡོད། ཐའེ་ཝན་ནས་ཇུས་འགོད་བྱས་པའི་རས་གོས་དེ་འདྲ་ངས་ཉེ་ཆར་མངགས་ཉོ་བྱས་པ་ཡིན། གང་ལྟར་ཡོངས་གྲགས་རབ་བྱུང་གི་ཆས་སུ་ངོས་འཛིན་ཡོད་པའི་གྲྭ་ཆས་དེ་ཚོ་ད་ནས་གྱོན་གི་མ་རེད།
སྔན་ཆོད་འཇིགས་མེད་གླིང་པའི་དངོས་སློབ་འབར་ཆུང་འཇིགས་མེད་གོ་ཆ་ལ་དབུས་གཙང་ནས་དགེ་བཤེས་ཤིག་གིས་རྡོ་རྗེ་འཆང་དང་དགོངས་སྤྱོད་མ་མཉམ་ན་སྔགས་ཆས་གོན་ནས་རལ་བ་འཇོག་མི་རིགས་པའི་རྩོད་པ་བྱས་པ་ལ། ཁོང་གིས་ཤཱཀྱ་ཐུབ་པ་དང་དགོངས་པ་མ་མཉམ་ན་ཆོས་གོས་གྱོན་མི་རུང་བའི་ཁྱབ་འགྲིགས་འཕངས་པ་རེད། རྟགས་འདི་ཚོ་ཡང་སྤྱིར་བཏང་གི་དབང་དུ་བྱས་ན་ནི། དེ་དང་དེ་དག་གི་རྗེས་སུ་ཞུགས་པའི་དམ་ཚིག་གི་རྟེན་ཙམ་མཚོན་པ་ལས་སོ་སོ་ལ་ལྟ་དགོངས་ཁྱད་པར་བ་ཡོད་པ་དང་། ཚོགས་ཀྱི་སྤྱོད་པའི་ཉེ་རྒྱུ་སོགས་ཀྱི་བརྟུལ་ཞུགས་ཁས་བླངས་པ་དེ་འདྲ་གཏན་ནས་མ་རེད། རང་ཉིད་རབ་བྱུང་དང་བཙུན་པ་ཡིན་འདོག་སྟོན་སྐབས་ཀྱང་འདི་དག་གི་ཐད་ལྟ་ཚུལ་འདི་ག་རང་ཡིན། ཐ་ན་རང་རེ་རྙིང་མའི་ཕྱོགས་ལ་དར་བའི་སེར་ཁྱིམ་པ་གྲྭ་ཆས་གྱོན་མཁན་དེ་ཚོ་ལ་ཡང་ལོག་མཐོང་མེད་པར་ཆགས་མེད་རིན་པོ་ཆེ་སོགས་ཀྱི་གསུངས་པ་ལྟར་དགོས་པ་རྒྱུ་མཚན་ཡོད་པ་ཞིག་ཏུ་མཐོང་གིན་ཡོད། ཚུལ་ཁྲིམས་འཆལ་བས་མུ་མཐུད་རབ་བྱུང་གི་རྟགས་མ་དོར་བ་ལ་ཉེས་པ་ཡོད་པའི་ལུང་འདྲེན་མང་པོ་ཕྱོགས་སྒྲིག་བྱས་པ་དེ་འདྲ་མཇལ་བྱུང་། དེ་ནང་བཞིན། ཚུལ་ཁྲིམས་འཆལ་བའི་དགེ་སྦྱོང་གི་རྟགས་བཙན་གྱིས་འཕྲོགས་པའི་ཉེས་དམིགས་དང་འབྲེལ་བའི་ལུང་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པ་རུ་དྲངས་པ་དེ་ཚོ་ཕྱོགས་སྒྲིག་བྱས་པ་ཡིན་ན་དེ་ལས་ལྡབ་མང་པོས་མང་བ་ཡོད་པ་རེད། དེས་ན་དེ་ཚང་མ་སྐབས་དོན་དང་འབྲེལ་བའི་ཐོག་ནས་སྤང་བླངས་དགོས་པ་ཞིག་ཡིན་པ་འདྲ། ང་ལ་ནི་དེའི་སྐོར་ལ་ཚིག་ཐག་ཆོད་པོའི་སྐད་ཆ་དང་ལངས་ཕྱོགས་གང་ཡང་མེད།
༧གོང་ས་མཆོག་གིས་སྔར་ཡིན་ན་ཁྱིམ་ཐབས་ཡོད་བཞིན་གྲྭ་ཆས་གྱོན་བསྡད་པ་དེ་འདྲ་ཡོད་ན་ཡང་དད་པ་དག་སྣང་གིས་འགྲིག་འགྲོ་བ་ཞིག་རེད། ད་ཆ་དུས་ཚོད་དང་ཁོར་ཡུག་མི་འདྲ་བས་རབ་བྱུང་དང་རབ་བྱུང་མིན་པའི་གྱོན་པ་སོགས་ལ་དབྱེ་མཚམས་གསལ་པོ་ཡོད་འོས་པའི་བཀའ་བསྩལ་པ་དེ་ནི་ཧ་ཅང་གནད་འགག་ཆེན་པོར་མཐོང་གིན་ཡོད། གསུང་སྟངས་འདི་བྱས་ན་གོ་བ་ལེན་བདེ་བ་དང་དང་དུ་ལེན་ཐུབ་པ་ཞིག་རེད། དེ་མིན་ཆོས་བརྒྱུད་བྱེ་བྲག་པའི་གོམས་གཤིས་ལྟ་ཚུལ་དང་། མདོ་ལུང་བྱེ་བྲག་པའི་བསྟན་དོན་འགྲེལ་སྟངས་ཀྱིས་གནས་སྟངས་ཚང་མར་ཁྱབ་ཐུབ་པའི་ལྟ་ཚུལ་བཟུང་ན་མི་འགྲིག་པ་ཞིག་རེད། འོན་ཀྱང་། ང་ལྟ་བུ་འབྲེལ་འདྲེས་བྱ་ཡུལ་བོད་ལས་གཞན་པའི་ནང་པའི་སྤྱི་ཚོགས་ཡིན་སྟབས་དེ་ཚོར་རབ་བྱུང་མིན་བཞིན། སྐྱེས་སྨན་དང་འབྲེལ་བ་ཡོད་བཞིན་གྲྭ་ཆས་གྱོན་བསྡད་པ་འདི་བོད་བརྒྱུད་ནང་བསྟན་སྤྱི་ལ་གོ་ནོར་ཐེབས་རྒྱུའི་གཞི་རྩ་ཞིག་ཆགས་ཀྱི་ཡོད་པ་དེ་དངོས་ཡོད་གནས་ཚུལ་དང་ཉམས་མྱོང་ཡིན། དེའི་ཆ་ནས་ངའི་ཐག་གཅོད་དེ་བྱས་པ་ཡིན།
དྲི་བ་བཅུ་གཉིས་པ། ཁྱོད་ཀྱིས་ཐའེ་ཝན་དང་མ་ལེ་ཤི་ཡ། སང་ག་པུར་ཨོ་གླིང་སོགས་ཀྱི་སློབ་མ་དང་གྲོགས་པོ་ཚོར་གསུང་ཡ་འདྲ་ཡོད་དམ།
སྤྱི་ལོ་༢༠༡༧ཟླ་༩ཚེས་༧ཉིན་ངོ་དེབ་བརྒྱུད་གང་བཤད་པ་དེ་ངའི་གྲོགས་པོ་དང་སློབ་མ་ཚོ་ཐུན་མོང་དུ་བཤད་འདོད་པའི་སྐད་ཆ་ཡིན། ངོ་དེབ་ཀྱི་གྲོགས་པོ་སྟོང་ཕྲག་མང་པོས་དུས་གཅིག་ཏུ་གཟིགས་ཡོད་པ་རེད། ཐའེ་ཝན་དང་སེང་ག་པུར་སོགས་ཀྱི་སློབ་མ་དེ་ཚོར་བླ་མ་མང་པོ་མཇལ་ནས་ཆོས་སློབ་སྦྱོང་བྱེད་པའི་ཁོར་ཡུག་ཡོད་པ་རེད། དེའི་ཐད་ལ་སེམས་ཁྲལ་མེད། ཐའེ་ཝན་གྱི་ཡེ་ཤེས་འཁོར་ལོ་རྒྱ་ཆུང་ན་ཡང་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་འགན་ཁུར་མཁན་ཚོར་ཡང་དཀའ་ལས་ཤིག་ཡོད་ཡོད་པ་རེད། དེའི་ཐད་ལས་ཀ་ལས་མཁན་ཚོར་ཐུགས་རྗེ་ཆེ་ཞ་གིན་ཡོད། མ་ལེ་ཤི་ཡའི་ཡེ་ཤེས་འཁོར་ལོའི་ཆོས་ཚོགས་ཀྱང་རྒྱུན་ལྡན་ལྟར་ལས་ཀ་ཡག་པོ་བྱེད་ཀྱི་འདུག གང་ལྟར་ཉི་མ་གཅིག་ལ་ང་ཚོ་སླར་ཡང་ངོ་ཐུག་གི་རེད། ཨོ་གླིང་གི་ཡེ་ཤེས་འཁོར་ལོའི་སློབ་མ་དེ་ཚོ་དང་། ཁྱད་པར་ནང་པར་ཞུགས་མ་ཐག་པའི་གྲོགས་པོ་གསར་པ་དེ་ཚོར་མཚོན་ན་ངའི་འགྱུར་ལྡོག་འདིས་ཁོང་ཚོས་དང་ལེན་བྱེད་མ་ཐུབ་པ་ཡོང་སྲིད་དམ་སྙམ་ནས་སེམས་ཁུར་བྱུང་། ཐོག་མར་ངའི་རྐྱེན་གྱིས་ནང་པར་ཞུགས་ན་ཡང་། ཐ་མ་ཡང་བསྐྱར་ངའི་རྐྱེན་གྱིས་ནང་པའི་ཆོས་དང་ཁ་བྲལ་སོང་ན་ཕངས་པོ་རེད་སྙམ་པའི་སེམས་ཁྲལ་ཕྲན་བུ་ཡོད། ནང་པར་ཞུགས་མཁན་གཅིག་ཡོད་ན་ཡང་སེམས་ལ་དགའ་སྣང་ཡོད་པ་དང་། ནང་པ་གཅིག་གི་ཆོས་ལུགས་བསྒྱུར་ན་ཡང་སེམས་ལ་མ་སྐྱིད་པ་ཡོང་གི་ཡོད། སྟོན་པ་དང་བསྟན་པར་བཅངས་པའི་ལ་རྒྱ་དང་ཞེན་ཁོག་འདི་ད་ལྟའང་འདོར་རྩིས་མེད། གནས་སྐབས་ང་མེད་ན་ཡང་། སྔོན་འགྲོ་དང་འབུམ་ལྔ་སོགས་མུ་མཐུད་ཐུབ་ན་ཡག་པོ་རེད། ཉི་མ་གཅིག་ལ་ཁྱེད་ཚོས་ཀྱང་འབུམ་ལྔ་བསགས་ཚར་དེ་ང་ཚོའི་མཉམ་དུ་ངའི་རྩ་བའི་བླ་མའི་མདུན་ནས་རྫོགས་པ་ཆེན་པོའི་ཆོས་མཉམ་དུ་ཞུ་རྒྱུའི་ཉི་མ་འཆར་སྲིད་གི་རེད། མི་ཞིག་ལ་མཚོན་ན། རྨི་ལམ་ནི་མེད་དུ་མི་རུང་བ་རེད། ཆོས་པ་ཞིག་ལ་མཚོན་ན། མི་ལམ་ནི་དེ་བས་ཀྱང་མེད་དུ་མི་རུང་བ་རེད། ཕམ་ཉེས་ནི་མཇུག་བསྡུས་པའི་དོན་མ་རེད། སྐྱ་སར་བབས་པ་ཡང་ཆོས་ཀྱི་ཉམས་ལེན་ལ་རྫོགས་ཚིག་བྲིས་པའི་དོན་མིན།
སོ་སོའི་ཁོར་ཡུག་ན་དགེ་བའི་བཤེས་གཉེན་ཡག་པོ་འདྲ་ཡོད་ན་དེ་ལས་ཆོས་ཞུས་དང་རྗེས་སུ་ཡི་རང་ཡོད། ང་ལས་ལྷག་པ་དང་འོས་ཤིང་འཚམས་པའི་དགེ་རྒན་འདྲ་རྙེད་སོང་ན་ངས་ཀྱང་ཁྱོད་ལ་སེམས་ཀྱི་གཏིང་ནས་རྒྱབ་སྐྱོར་བྱེད། ཁྱེད་ཚོས་༧གོང་ས་རྒྱལ་བ་རིན་པོ་ཆེ་དང་། སྐྱབས་རྗེ་རྫོང་སར་མཁྱེན་བརྩེ། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་མགར་ཆེན་རིན་པོ་ཆེ་སོགས་ཀྱི་བཀའ་ཆོས་ཕྱག་དེབ་ལ་སློབ་སྦྱོང་གྱིས། ཁོང་རྣམ་པའི་གསུང་ལ་མཇལ་ན་ཁྱོད་ལ་གཞན་དང་མི་འདྲ་བའི་བྱིན་རླབས་དང་ཕན་ཐོགས་ཡོང་བའི་ཡིད་ཆེས་ཡོད། ཁོང་ཚོས་གུས་པ་ཐུགས་ནས་དོར་མེད་པ་ནང་བཞིན་ཁྱེད་ཚོ་ཡང་ཐུགས་ཀྱིས་འདོར་གི་མ་རེད། ཁོང་ཚོ་ནི་ང་ཚོ་ཐུན་མོང་གི་རྩ་བའི་བླ་མ་རེད།
གནས་སྟངས་ག་འདྲ་ཡིན་ན་ཡང་། སྔོན་ཆད་ངའི་ཆོས་ཁྲིའི་ཁ་ནས་ཁྱེད་ཚོར་ནང་ཆོས་ཀྱི་གཞུང་ལགས་དང་བོད་ཀྱི་བླ་མ་ཉམས་ལེན་པ་དེ་ཚོའི་རྣམ་ཐར་དང་གཏམ་རྒྱུད་བཤད་པ་དང་། ངས་རང་གི་འགྲེལ་བཤད་དང་དྲིས་ལན་ལ་རྟེན་ནས་ཁྱེད་ཚོའི་གདོང་ལས་བློ་ཁ་ཚིམ་པ་དང་གོ་བ་ལོན་པའི་རྣམ་འགྱུར་མཐོང་བ་དང་། ངའི་སེམས་ནང་ལ་དགེ་རྒན་ཞིག་གི་འགན་འཁྲི་འགྲུབ་སོང་སྙམ་པའི་སྤྲོ་སྣང་དང་འཛུམས་མདངས་བཅོས་མིན་དུ་འཁོར་བ་དེ་ཚོ་བསམ་པ་ལྷད་མེད་ཡིན་པའི་ཡིད་ཆེས་གནང་ཆོག གལ་ཏེ་མུ་མཐུད་ང་ཚོ་དགེ་རྒན་དང་དགེ་ཕྲུག་མ་བྱུང་བ་ཡིན་ན་ཡང་། ང་ཚོའི་དུས་ཚོད་བཙལ་ནས་མཉམ་དུ་ཚིག་ཇ་འཐུང་འཐུང་བ་དང་རྒྱ་ཁོག་ཟ་ཆོག ང་ཚོ་སྔར་བཞིན་གྲོགས་པོ་ཡིན་ཞེས་ལབ་པ་ཡིན།
འོན་ཀྱང་། སྤྱི་ཟླ་བཅུ་པའི་ཚེས་ཉེར་དགུའི་ཉིན་ཨོ་གླིང་ཡེ་ཤེེས་འཁོར་ལོའི་རྐང་འཛིན་ལས་བྱེད་དག་ཚུད་པའི་ཨུ་ཚུགས་མཐར་སྐྱེལ་བྱེད་མཁན་གྱི་སློབ་མ་བཅུ་གྲངས་ཤིག་ལ་ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་ཀྱིས་མཛད་པའི་རྡོར་སེམས་སྒྲུབ་ཐུབ་ཀྱི་ལུང་དང་དམིགས་ཁྲིད། མནྡལ་ཚོམས་བུ་བདུན་མ་ཚོམ་བུ་འགོད་སྟངས་དང་དམིགས་ཁྲིད་བཅས་བསླབས་ནས་ལོ་གཅིག་རིང་འདིར་འབུམ་ལྔ་མུ་མཐུད་བསོག་རྒྱུ་བྱས་བྱུང་། དེ་ནི་ངས་གནས་བབས་ལ་འགྱུར་བ་ཕྱིན་རྗེས་སླར་ཡང་རང་གི་ལས་གནས་སུ་ཞུགས་པ་ཐོག་མ་དེ་ཡིན། ཁོང་ཚོས་ང་ལ་བཅངས་པའི་མཛའ་བརྩེ་དང་དགའ་ཞེན་གྱིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་མཚམས་ལ་འདུག་པ་ནི་སྤྱི་ཚོགས་ལ་གཡོལ་བ་ཞིག་མིན་ལ། བློ་ཕམ་དྲགས་ནས་འགྱོད་བྱེད་བཤགས་བྱེད་པ་ཁོ་ན་ཞིག་ཀྱང་མིན། ངས་རང་ཉིད་ཀྱི་ནུས་པ་ལ་ཁ་སབ་བྱས་ནས་འགན་ཁུར་ཡོད་པའི་དགེ་རྒན་ཞིག་བྱེད་འདོད་པ་ཡིན། ཁོང་ཚོས་ང་ལ་བཅངས་པའི་ཡིད་ཆེས་དེས་ངའི་ཆོད་སེམས་དེ་ཡང་གཏན་དུ་འགྲོ་སོང་།
དྲི་བ་བཅུ་གསུམ་པ། ས་གནས་ཀྱི་བོད་པ་ཚོར་བསམ་ཚུལ་ག་འདྲ་འདུག
ཨོ་གླིང་དང་ཁྱད་པར་སིད་ནི་བོད་རིགས་ཚོས་སྤྱིར་ག་རེ་གསུང་གིན་ཡོད་མེད་ཤེས་མ་སོང་། ཡིན་ན་ཡང་། ངོ་ཤེས་གྲོགས་པོ་ཚོས་སེམས་ཁུར་རྣམ་འགྱུར་བསྟན་བྱུང་། ཁྱད་པར་དུ་བྱ་བ་གང་ཅིའི་ཐད་ཅུང་ཟད་ལམ་འགྲོ་རྒྱུག་བཞིན་པའི་སྐབས་སུ་གནས་ཚུལ་འདི་ལྷག་པར་ཕངས་སེམས་ཡོད་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་། ང་ཡང་རང་ཉིད་སྤྱི་ཚོགས་འདིའི་ཆ་ཤས་ཤིག་ཡིན་པའི་ཆ་ནས་མ་འོངས་པར་ཡང་། ང་རང་ཉིད་དང་ངའི་ཆོས་ཚོགས་གང་ཅིའི་ངོས་ནས། རང་ཉིད་བོད་པ་ཞིག་ཡིན་པའི་འགན་འཁྲིའི་ཐོག་ནས་ཆོས་དང་རིག་གཞུང་དང་འབྲེལ་བའི་ལས་ཀ་ཏོག་ཕྲན་བུ་རེ་ལས་ཐུབ་པ་ཡིན་ན་ཡང་སྤྱི་ཚོགས་འདིར་ཉམས་ཞུགས་ཀྱི་སེམས་ཤུགས་དང་ཤ་ཞེན་ལ་འགྱུར་བ་གང་ཡང་མེད།
དྲི་བ་བཅུ་བཞི་པ། རང་གི་དེ་རང་གི་གནས་བབས་ཀྱིས་《དུས་ཐོག་བཅོས་བསྒྱུར་》ཕབ་སྒྲིག་དང་འགྲེམས་སྤེལ་ལ་ཤུགས་རྐྱེན་ཐེབས་ཡོད་དམ།
རེད། 《དུས་ཐོག་བཅོས་བསྒྱུར་》ཁྲིན་ཏུ་ནས་འགྲེམ་སྤེལ་ཟིན་ནས་ཆ་ཕྲིན་བརྒྱུད་ལམ་དག་ཏུ་ཤུགས་ཆེར་བསྒྱུར་བསྒྲགས་བྱེད་བཞིན་པའི་སྐབས་དེར་རྫ་ཚེ་རིང་བཀྲ་ཤིས་སྐྱ་སར་བབས་ཟིན་ཟེར་བའི་ཆ་ཕྲིན་དེ་ཡང་དྲ་ཐོག་ནས་མཉམ་འུར་བྱུང་བ་རེད། དེས་ཀློག་པ་པོ་དང་མི་འགའ་ཤས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཞིག་རེད། འོན་ཀྱང་། དུས་ཐོག་བཅོས་བསྒྱུར་ལ་བོད་ནང་དུ་དགའ་མོས་ཆེན་པོ་ཐོབ་ཀྱི་ཡོད་འདུག ལྷག་པ་དཀར་རིག་གནས་ལས་ཤག་གིས་ཟེར་ན། ད་ཆ་བོད་ནང་ལ་འགྲེམས་ཚོང་མང་ཤོས་ཀྱི་བོད་ཡིག་གི་དེབ་ཀྱི་ཟིན་ཐོ་སྐྲུན་སྲིད་པ་རེད་ཟེར། གང་ལྟར་དཔར་ཐེངས་དང་པོ་གཅིག་ཁྲི་སྟོང་དེ་དུས་ཐུང་ནང་འགྲེམས་ཚོང་ཟིན་འདུག ད་ཆ་དཔར་ཐེངས་གཉིས་པ་དཔར་བཞིན་འདུག འོན་ཀྱང་། དེ་ཚང་མ་རིན་པོ་ཆེ་རྣམ་པ་གཉིས་ཀྱི་མཚན་སྙན་དང་བཀའ་སློབ་རང་གི་རིན་ཐང་གིས་རེད། ཕབ་སྒྲིག་གི་ཐད་ནས་རྩ་བའི་ཆ་ནས་རང་ཉིད་ཀྱིས་དཀའ་ལས་བརྒྱབ་པ་ལ་བློ་ཁ་མ་ཁེངས་པ་དེ་འདྲ་གང་ཡང་མེད། རྒྱ་གར་དུ་ཡང་གང་མགྱོགས་དཔར་སྐྲུན་ཞུ་རྩིས་ཀྱིས་དེབ་ཀྱི་མ་ཕྱི་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་ལ་སྤྲད་ཟིན། གོ་སྐབས་འདི་བརྒྱུད་ནས་ཀློག་པ་པོ་ཚོར་ཐུགས་རྗེ་ཆེ་ཞུ།
མཇུག་བསྡུ།
ཁྱེད་ཀྱིས་དྲི་བ་རེ་རེ་བཞིན་ལ་ཞིབ་ཚགས་པོས་ལན་གནང་བར་བཀའ་དྲིན་ཆེ་ཞུ།
ཁྱེད་ཀྱིས་བཙོན་ཁང་ནང་ནས་འབྲས་སྐྱ་ཁོ་ན་ལས་ཟ་རྒྱུ་མེད་པའི་གནས་སྟངས་ཀྱི་འོག་ནས་ཤ་མི་ཟ་བ་ཨི་ཚུགས་མཐར་སྐྱེལ་བྱས་པའི་ལོ་རྒྱུས་བཀླགས་ནས་ངས་ཀྱང་ཤ་མེད་ཟ་རྒྱུར་དམ་བཅའ་པ་དེ་ནམ་ཡང་བརྗེད་ཀྱི་མི་འདུག ད་དུང་ཁྱེད་བརྒྱུད་ནས་བླ་རུང་ཆོས་སྒར་དང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས། མཁན་ཆེན་བསོད་དར་རྒྱས་སོགས་ཤེས་པར་གྱུར་ཅིང་། དེ་ལ་རྟེན་ནས་རང་རྒྱུད་ལ་ཡང་མི་ཚེས་འདིར་ནང་ཆོས་སློབ་སྦྱོང་གི་མྱུ་གུ་ཕྲ་མོ་ཞིག་འབུས་པ་ལྟ་བུ་བྱུང་། བཀའ་དྲིན་འདི་དག་ངས་ནམ་ཡང་བརྗེད་མི་སྲིད།
(2017/10/13)
ད་ཅི་འདྲ་ཞིག་བཤད་ནའང་གྲྭ་མགོ་མ་ཐོན་པ་རེད། དགེ་བསྙེན་སྡོམ་པ་ཡང་དག་ཅིག་བཞེས་ཏེ་བསྟན་འགྲོའི་དོན་སྔར་བཞིན་མཛད་རྒྱུ་རེད། སྔགས་ཀྱི་སུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་བཞེངས་སུ་གསོལ།
གཅིག་ཞུ་རྒྱུ་བརྗེད་བཞག། སྦྲང་རྩི་མཆོད་ན་སྐུ་ན་གཞོན་དུས་མཆོད་ན་གཞན་ཕན་ཆེ་བ་ཡོང་རྒྱུ་ཡང་། རྒས་ནས་སྦྲང་རྩི་མཆོད་ཀྱང་སྐུ་གཟུགས་གཟན་རོགས་ལས་གཞན་ཕན་ཆེན་པོ་ཡོང་རྒྱུ་ཁག་པོ་རེད། རྒད་པོའི་ཉམས་མྱོང་ཞུས་པ་ཡིན།
ད་འདུལ་བ་འདུལ་བ་ཟེར་གི་མ་འདུག གནད་འགག་སྐབས་སུ་འདུལ་མ་ཐུབ་ཟིག་མོ།
ཨ་ཧོ་རྫ་ཚེ་ཁྱེད་དགུང་ན་མཐོན་པོ་དེ་འདྲར་སླེབས་དུས་སྐྱ་སར་བབ་པ་དེ་ལ་བློ་ཕམ་བྱུང། ང་གཉིས་ནི་ཆོས་རྒྱུད་མི་གཅིག་རུང། ཁྱེད་ཀྱིས་ད་ལྟའི་ཆོད་སེམས་དེ་ཚོར་མོས་མཐུན་དང་རྒྱབ་སྐྱོར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། སྐྱ་སར་བབས་པ་དེ་ལ་ཡི་རངས་དང་རྒྱབ་སྐྱོར་ཞུ་གི་མེད་དེ། སོ་སོས་སྡོམ་པ་སྲུང་མ་ཐུབ་པའི་ཉིན་ཕྱི་གསལ་ནང་གསལ་གཙང་མར་བྱས་ནས་ཡོངས་སུ་བསྒྲགས་པ་དེ་ལ་ཞུ་གི་ཡོད། དེ་མིན་དེང་སང་སྐྱ་མིན་སེར་མིན་གྱིས་ལུང་པ་བཀང་ཡོང་གི་འདུག ཁྱེད་རང་ལ་ངས་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཞེས་ད་དུང་ཡང་མུ་འཐུད་ནས་འབོད་ངེས་ཡིན། ཁྱེད་རང་ལ་མཁན་པོའི་མཚན་གནས་རང་འཇག་འཇོག་རྒྱུ་དེ་འོས་ཤིང་འཚམས་པ་རེད་འདུག གྲྭ་ཆས་མེད་ནའང་དགེ་རྒན་དང་མཁན་པོ་བླ་མ་ཡིན་པའི་ཚུལ་བཟུང་བའི་གོས་རིགས་མང་པོ་ཡོད་པ་རེད། དཔེར་ན་པཎ་ཆེན་སྐུ་གོང་མ་ལྟ་བུའི་གོས་ཆེན་གྱོ་ལཱ་བ་བསྣབས་པ་ཡིན་ན་བབ་ཆགས་པོ་ཞེ་དྲགས་ཡོད་པ་རེད། བཀའ་དྲིན་ཆེ་ཞེས་ཞུ་གི་ཡོད། ང་ལ་མཚོན་ན་སྔར་ཁྱེད་ཀྱིས་གྲྭ་ཆས་གྱོན་ནས་བཞུགས་དུས་དང་ད་ལྟ་སྐྱ་སར་བབས་ནས་ཕྱི་གསལ་ནང་གསལ་བྱས་ཏེ་བཞུགས་པ་གཉིས་ལ་ད་ལྟ་གུས་པ་དང་དགའ་ཞེན་ཆེ་བ་བྱུང་། དེ་ངས་དྲང་པོར་ཞུས་ཡིན།
མ་ཡིན་ཡིན་མདོག་གིས་དད་ལྡན་མང་ཚོགས་ལ་མགོ་སྐོར་མང་པོ་བཏང་མཐར། བསོད་ནམས་ཀྱིས་མ་ཁྱོགས་པར་སྡོམ་མགོ་མ་ཐོན་རུང་། ད་དུང་ཡང་། ཡོན་ཏན་ཡོད་ཚུལ་དང་། ཆོས་པ་ཡིན་ཚུལ། རྫོང་སར་གྱིས་ཅིག་བཤད་སོང་། མགར་ཆེན་ནས་ཉིག་བཤད་སོང་ཞེས་མུ་མཐུད་བསྟན་པ་བཙོང་ནས་གྲོད་ཁོག་རྒྱགས་ཐབས་བྱེད་བསམ་པ་དེ་རེད་ལ། མཁན་པོ་ཡིན་ཚུལ་ཞིག་ཀྱང་གླེང་ཡོང་གི་འདུག་ཨ། ཁྱེད་ལ་མཁན་པོའི་གོ་གནས་གང་ནས་བྱུང་། སྔ་འགྱུར་རྙིང་མའི་མཁན་པོའི་གོ་གནས་དེ་འབྲོག་པའི་དགོན་ལུ་གཞི་གསུམ་མ་ཆགས་པ་ཚོས་ཀྱང་སྟེར་ཆོག་གམ། སུ་ཞིག་མཁན་པོ་ཡིན་དང་མིན་པའི་རྣམ་གཞག་ཅིག་གཏན་ནས་མེད་སོང་བ་ཨེ་རེད། རྒྱ་དང་ཕྱི་མི་ཚོའི་སྔུན་ནས་མཁན་པོ་ཡིན་མདོག་དང་རིན་པོ་ཆེ་ཡིན་ཚུལ་ལོ་མང་འཁྲབ་ནས་རྫུན་སྔ་སྐྱོང་ཐུབ་སོང་བས། སྐྱག་ལང་དུ་སོང་སྟེ་སྐྱ་སར་བབས་པ་དང་བོད་པའི་སྤྱི་ཚོགས་ནང་ལ་ཡང་རྒད་པོ་མཁན་མིང་པ་ཞིག་ཨེ་ལོན་ལྟ་གི་ཡོད་དམ། དངོས་གནས་ངོ་ཚ་ཞིག་མི་འདུག མཁན་པོ། མཁན་པོ། རིན་པོ་ཆེ། རིན་པོ་ཆེ། གྲྭ་ལོག སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ། ཁ་གསོ་ཐབས། ཉི་མ་འགྲོ་ཐབས། རང་དོན་སྒྲུབ་ཐབས། མི་འདི་འདྲ་ལ་ད་དུང་ཡང་ཡིན་མདོག་ཁ་བོ་བཤད་ཡོང་རྒྱུ་འདུག དཀོན་མཆོག་མཁྱེན། ཨ………………………
ནམ་ཉམས་མངར་མོའི་རོ་ལས་ཐར་འདོད་དེ །
བསམ་ཤེས་ན་སྦྲང་འབུ་ཡིས་སྐྱག་གཅིན་ནམ །
སྡོམ་ཤོར་ས་མི་དགེ་བའི་གསང་གནས་ལས །
ཤེས་འདོད་ན་གཅིན་སྐྱག་པའི་འབྱུང་ཁུངས་སོ།།
༄༅། རང་མགོ་མ་ཐོན་འགྲོ་དོན་ཞེས་བརྗོད་པ་།
རྨོངས་ཞིང་རྨོངས་ནས་ནང་ཆོས་ཤེས་ཡོན་མེད།
འདི་དང་འདི་འདྲའི་གནས་ཚུལ་ཡོང་དུས་སུ།
རང་སེམས་གཏིང་ནས་སྐྱོང་བྱུང་ཤེས་ལྡན་ཚོ།
སྟུ་སྒོའི་ཚོར་བ་ཙམ་གྱི་ཆེད་དུ་ཆུང་ནས་བསྲུང་བའི་བསླབ་ཁྲིམས་ཕྱགས་ལུད་ལྟར་གཡུགས་རྗེས། མཚམས་ལ་བསྡད་ནས་ནུས་པ་ལ་ཁ་གསབ་བྱ་རྒྱུ་ཡིན་རབས་དང་། བླ་མ་བཀའ་དང་འགལ་མི་རུང་ཚུལ། བླ་མའི་བཀའ་བརྩི་བཞིན་ཡོད་རབས་སོགས་སྔ་ཕྱི་ལྟག་འགལ་གྱི་ཉོག་ལུང་པ་གང་བྲིས་པ་འདི་ཡང་མུ་མཐུད་ཆོས་བཙོང་ནས་ཁ་གསོ་བར་ལྟར་སྣང་གི་སྒྲུབ་བྱེད་བཙལ་བ་ཙམ་ལས་ཅི་ཡང་མ་མཐོང་། སྡོམ་ཁྲིམས་ཡལ་ནས་སེར་གོས་འཆང་མི་རུང་བ་དེ་ཆོད་རྒྱུད་བྱེ་བྲག་པ་གང་གི་ལུགས་སྲོལ་ཀྱང་མ་རེད། སྟོན་པ་ཤཱཀྱ་ཐུབ་པའི་བཀའ་དགོངས་རེད། འདུལ་གཞུང་སྒྲ་ཇི་བཞིན་དུ་འཁུར་དགོས་པ་དགེ་འདུན་པའི་འོས་འགན་རེད། ལྟོ་ཟན་སེར་ཆས་སྤྲས་པ་བོད་ཀྱི་ཆོས་རྒྱུད་ཚང་མའི་ནང་ཡོད་རེད། གལ་ཏེ་ལྟོ་བའི་དོན་དུ་སེར་ཆས་གོན་བསམས་ན། ཐད་ཀར་གོན་བཞག་ན་དེ་རེད། རང་ལྟོ་ཙམ་གྱི་ཆེད་དུ་༸སྟོན་པ་ཤཱཀྱ་ཐུབ་པ་དང་། རྒྱལ་དབང་བསྟན་འཛིན་རྒྱ་མཚོ། ཡང་ན་ཆོས་རྒྱུད་ཕན་ཚུན་བར་དུ་ཁྲག་ལིང་འདེབས་དགོས་དོན་ག་རེ་འདུག ཁ་ཟོས་ས་རེད། དམར་པོ་འདི་གོན་དགོས་ཀི ཞེས་བོད་པ་ཚོར་དྲང་མོར་ཤོད། རྒྱ་དང་ཕྱི་མི་ཚོར་སྡིག་སྒྲིབ་དག་སོང་ཁུལ་དང་། ཡང་ན། གསང་སྔགས་ཉེ་ལམ་འཕོས་སོང་ཞེས་བཤད་ཆོག་ཆོག་གི་རྫུན་གཏམ་དེ་ཚོ་མུ་མཐུད་ཞོག་དང་། དེ་ག་རང་རེད། དོན་དག་དེའི་ཆེད་དུ་བླ་མའི་བཀའ་ལ་ཡང་ཟུར་འདོགས་དཀྱོགས་བཤད་དགོས་པ་ག་རེ་འདུག ལྟོ་ཟན།
དེང་སང་སྡོམ་པ་ཤོར་ཚར་རུང་། ད་དུང་གྲྭ་བ་ལོག་རྒྱུ་མེད་པ་སྐོར་ཞིག་ཡོད། ཁྱེད་སྐྱ་བོ་སྐྱ་ཐག་ཆོད་པ་ལ་བསྔགས་བརྗོད་ཡོད།
ཉེ་ལམ་དྲ་ལམ་ཁག་ན་ཁྱེད་ཀྱི་སེར་བོའི་བརྙན་ཐུང་དེ་ཚ་ཤས་གྱུར་འདུག ལ་ལས་ཁྱེད་ཀྱི་ངོ་ལྤགས་མཐུག་ཚུལ་གླེང་གྱིན་ཡོད། ཡང་ལ་ལས་ཁྱེད་ཀྱི་ཀླད་པ་རྒྱུན་ལྡན་མིན་ཚུལ་ལབ་ཀྱིན་ཡོད། གང་ལྟར་ང་གཅིག་པས་ཁྱེད་ལ་བདེན་ཁ་བསྩལ་ནས་ཁྱེད་ཀྱི་གཞུང་རྒྱུད་དྲང་ཚུལ་དང་གཞན་གྱིས་བསླུ་བྲིད་ཐེབས་ཚུལ་གླེང་གྱིན་ཡོད།་ ད་གང་ལྟར་ཚར་སོང་ནི་རེད་མ་འོང་བར་མི་རིགས་འཕེལ་རྒྱས་ཡག་པོ་བཏང་ཤོག་འ་་་་དེ་མིན་ལབ་ཡ་གང་མི་འདུག
སུ་ལ་ཡང་ཕན་ཐོག་མེད་པའི་ཉོག་གཏམ་རིང་མོ་དེ་འདྲ་ཀློག་འདོད་མ་བྱུང་ངོ་།
རང་ཆོས་མགོ་མ་ཐོན་པར། གཞན་ཐར་པར་འདཉརེན་འདོད་པ་དེ་ངོ་མཚར་བ་འདུག རང་སྡོམ་པ་སྲུང་མ་ཐུབ་པར་གཞན་ལ་སྡོམ་པ་སྲུང་བར་བཞུགས་པ་དེ་ངོ་མཚར་བྱུང་། སྡོམ་པ་སྲུང་མ་ཐུབ་པར། ཆོས་གཞན་ཞིག་བཤད་འདོད་པ་དེ་ངོ་མཚར་བྱུང་། འདུལ་བ་སྲུང་མ་ཐུབ་པར། ཆོས་གོས་གཞན་ཞིག་བསྣབ་འདོད་པ་དེར་ངོ་མཚར་བྱུང་། ཚུལ་ཁྲིམས་དོར་ནས། གསང་སྔགས་ལ་བཞུགས་འདོད་པ་དེ་ངོ་མཚར་བྱུང་།
རང་ཆོས་མགོ་མ་ཐོན་པར། གཞན་ཐར་པར་འདྲེན་་འདོད་པ་དེ་ངོ་མཚར་བ་འདུག རང་སྡོམ་པ་སྲུང་མ་ཐུབ་པར་གཞན་ལ་སྡོམ་པ་སྲུང་བར་བཞུགས་པ་དེ་ངོ་མཚར་བྱུང་། སྡོམ་པ་སྲུང་མ་ཐུབ་པར། ཆོས་གཞན་ཞིག་བཤད་འདོད་པ་དེ་ངོ་མཚར་བྱུང་། འདུལ་བ་སྲུང་མ་ཐུབ་པར། ཆོས་གོས་གཞན་ཞིག་བསྣབ་འདོད་པ་དེར་ངོ་མཚར་བྱུང་། ཚུལ་ཁྲིམས་དོར་ནས། གསང་སྔགས་ལ་བཞུགས་འདོད་པ་དེ་ངོ་མཚར་བྱུང་།
མཁྱེན་བརྩེ་རིན་པོ་ཆེས། འདུལ་སྡོམ་སྲུང་མ་ཐུབ་པར་སྔགས་སྡོམ་སྲུང་ཐུབ་ཚུལ་ལ་རེ་བ་འདི་ཅི་ནས་བགོད་བྲོ་གསུང་པ་དེ་ཅིས་མ་བདེན། ང་རང་ཡང་འདིའི་ཁོངས་སུ་འདུག
བོད་ཀྱི་རྒྱལ་དར་དག་བཅོས།
1.ཉི་མའི་འོད་ཟེར་བཅུ་གཉིས་ཡིན་དགོས།བཅུ་བཞི་དང་།བཅོ་ལྔ་ཡང་ན་བཅུ་དྲུག་མིན།
2.ནམ་མཁའི་ཁ་དོག་སྔོ་ནག་ཡིན་དགོས།སྔོ་དཀར་མིན།
3.ཉི་མའི་གཤམ་གྱི་ནོར་བུའི་ཁ་དོག་མི་འདྲ་བ་གསུམ་ཡིན་དགོས།གཉིས་མིན།ཁ་དོག་གསུམ་ནི།གཡས་ནས་གཡོན།སྔོ་ནག།དཀར་པོ།ལི་ཝང་ཡིན།
4.སེང་གེ་གཉིས་ཀྱི་ལག་ཏུ་ནོར་བུའི་ཁ་དོག་གཉིས་ནི།གཡས་ཕྱོགས་ལི་ཝང་དང་།གཡོན་ཕྱོགས་སྔོ་ནག
5.བོད་གཞུང་གི་དྲ་བའི་ཐོག་དང་།༡༩༨༠ལོའི་བོད་གཞུང་གི་བོད་ཀྱི་རྒྱལ་དར་དཔེ་དེབ་ཐོག་ན།བོད་ཀྱི་རྒྱལ་དར་གྱི་འགྲེལ་བཤད་གསལ་པོ་མི་འདུག།བོད་གཞུང་གི་དྲ་བ་དང་དཔེ་དེབ་ཐོག་ཀྱི་བོད་ཀྱི་རྒྱལ་དར་གྱི་རི་མོ་དང་ཚོས་མདོག་ཚོས་གཞི་གཅིག་པ་མ་རེད།ཇུས་འགོད་ཡང་གཅིག་པ་མིན།
དགོངས་ཚུལ་འདྲ་མིན་གསུང་མཁན་ཚང་མ་བཀའ་དྲིན་ཆེ།
ཁ་བརྡ་ནི་ང་དྲ་རྒྱའི་འཇིག་རྟེན་དུ་ཞུགས་ནས་འཚོ་བ་དང་བསམ་བློའི་གླེང་སྟེགས་གལ་ཆེན་ཞིག་ཡིན། ཁ་བརྡའི་དྲ་གྲོགས་དག་གིས་ང་ལ་ཡང་སློབ་སྟོན་མང་པོ་གནང་མྱོང་། ད་ལྟའི་ངའི་འཚོ་བ་དང་འབྲེལ་བའི་གཏམ་ཉོག་འདིར་ཡང་བཀའ་བཀྱོན་ག་རེ་གནང་ན་སྤྲོ་བཞིན་གཟེད་ངེས་ཡིན་ནོ།།
གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས།
ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་།
ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཞེས།
སློབ་དཔོན་ཀླུ་སྒྲུབ་གསུང་ལ་ཡིད་ཆེས་དགོས།
་
ཚང་མ་བཀའ་དྲིན་ཆེ། ཞེས་པར་ཡང་བག་མེད་པར་གྱུར་ཏམ། ཉོག་ཅེས་པར་བག་ཡོད་ཀྱིས་དཔྱད་དགོས།
དྲ་གྲོགས་རྫ་ཚེར་ལགས་སུ།
དལ་འབྱོར་ལུས་རྟེན་བོད་ནས་ཐོབ། །
དམ་ཆོས་གསན་བཞེས་རྒྱ་གར་ནང་། །
མཛད་འཕྲིན་ཕྱི་རྒྱལ་ཡུལ་གྲུ་ཁག །
ད་ལྟ་མི་ཚེར་བར་ཆད་འཚུབ། །
སྡོམ་པ་བླངས་པ་བག་ཆགས་བཟང་། །
སྡོམ་པ་ཕུལ་བ་ཐབས་ཤེས་བཟང་། །
བསྙེན་སྒྲུབ་འདོད་པ་འདུན་པ་བཟང་། །
ཆོས་དད་བསྐྱངས་པ་ཡ་རབས་བཟང་། །
སྐྱེ་བ་སྔོན་མའི་མཐའ་ནི་མེད། །
ཕྱི་མའི་སེམས་ཀྱི་རྒྱུན་མཐའ་མེད། །
དེས་ན་བར་གྱི་ཡར་མར་ལ། །
ཡར་འཛེགས་གང་ཐུབ་བྱས་ན་བཟང་། །
ཆོས་ལུགས་པ་འདི་ཚོ་ལ་ངོ་ཚ་ཡ་ཟིག་མི་འདུག
ཇི་ལྟར་བུམ་ཆག་རིན་ཆེན་སྣོད་མི་རུང། །དེ་བཞིན་ཚུལ་ཁྲིམས་རལ་བས་ཆོས་ཀུན་གཏུགས། །དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱི་ནས་མྱ་ངན་འདས་པ་འཐོབ་སྙམ་མམ། །སྣ་མེད་སྣ་རྡུམ་ལ་སོགས་གང་ཡིན་པ། །དེ་ལ་མེ་ལོང་དག་ནི་དགོས་མི་འགྱུར།
ཨ་ཁ་གྲོགས་པོ་ཚེ་བཀྲ། ད་ཁྱེད་གྲྭ་བ་ཡག་པོ་ཞིག་མ་ཡོང་ཐལ། འོན་ཀྱང་ནང་པ་ཡག་པོ་ཞིག་ཡོང་བའི་རེ་བ་ཡོད། ཁྱེད་གྲྭ་བ་ལོག་ཀྱང་ནང་པ་མ་ལོག་ཨ་ཞེས་ཞུ་རྒྱུ་ཡིན།
དྲི་བ་དང་པོའི་ལན་འདི་རེད། སློབ་དཔོན་དབྱིག་གཉེན་གྱིས། ཕྲག་རྒྱས་སྤངས་པ་མ་ཡིན་དང། ཡུལ་ནི་ཉེ་བར་གནས་པ་དང། །ཚུལ་བཞིན་མ་ཡིན་ཡིད་བྱེད་རྣམས། གྲྭ་ལོ་རྒྱུ་ནི་ཚང་བ་ཡིན། །གསུང་པ་འདི་རེད།
རྗེ་རིན་པོ་ཆེའི་བྱང་ཆུབ་གཞུང་ལམ་མམ། བྱང་སའི་ཚུལ་ཁྲིམས་ལེའུ་རྣམ་བཤད་ལྟོས་དང་ཁྱེད་རང་ཡང་སྐྱར་སྡོམ་པ་ལེན་འགྲིག་པ་འདུག་བྱང་སའི་ཁུངས་བཅས་པ་འདུག
བུད་མེད་བསྟེན་པ་ཙམ་གྱིས་ངན་པ་ཞིག་ཏུ་མཐོང་གི་མི་འདུག ཞིབ་དུ་བསམ་ན་གྲྭ་བ་ཚད་ལྡན་ཞིག་ཧ་ཅང་གི་དཀོན་པོ་རེད། ཡིན་ཀྱང་སུ་ལའང་སྐྱོན་བརྗོད་བྱེད་ཀྱི་མེད། གལ་ཆེན་ཞིག་ནི་ཆོས་ཤེས་ནས་ཉམས་སུ་ལེན་རྒྱུ་དེ་རེད། བོད་ཀྱི་དགེ་འདུན་པ་ཕལ་མོ་ཆེས་ཆོས་མ་ཤེས་པའི་དཀའ་ངལ་ཡོད་པ་མ་རེད། ཆོས་ཤེས་ནས་ཉམས་ལེན་མ་བྱས་པའི་དཀའ་ངལ་དེ་རེད། ཆོས་ཤེས་ནས་ཉམས་ལེན་མ་བྱས་ན་གྲྭ་བཙུན་ཡིན་ཁུལ་ཙམ་གྱིས་གར་ཡང་མི་ཕྱིན། དེ་ཙམ་ཡིན། །
གང་ཞིག་སྔོན་ཆད་བག་ཡོད་གྱུར་པ་ལས།
ཕྱི་ནས་བག་མེད་དབང་གྱུར་དེ་འདི་ཡང་།
ཟླ་བ་སྤྲིན་སྒྲིབ་ལྟ་བུར་རྣམ་མི་མཛེས།
སློབ་དཔོན་ང་ཡིས་གསུང་ལ་ཡིད་ཆེས་དགོས།
བུད་མེད་ཀྱི་ཉེས་པ་མང་པོ་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་ཡོད་པ་ལས་དོན་ལ་གནས་ཡོད་པས་ཟབ་ཟབ་མ་མཛད་ན་མིང་ཆད་ཡོང་ཉེན་རེད། བསོད་རྒྱལ་རིན་པོ་ཆེའི་མིང་དང་དཔལ་འབྱོར་ལ་ཆགས་ནས་ཁོ་མོ་ཚོས་འདོད་བློ་མ་ཁེངས་པའི་འཆལ་མོ་དག་གིས་ཡིག་འཁྱམ་མང་པོ་སྤེལ་བ་ལ་གཟིགས། རྒྱ་མོ་ཞིག་གིསཁྱེད་རང་གིས་འཁྲིག་པ་སྤྱད་ནས་བསྟན་པའི་མཚན་བཙོག་པ་བཟོ་གི་འདུག་ཟེར་ཡི་གེ་མང་པོ་བཀྲམ་བཞིན་འདུག་པ་ཤེས་ཡོད་ཤས་ཆེ གྲྭ་པ་ལོག་ནས་མཁན་པོའི་མིང་དང་བེད་སྤྱོད་མ་གནང་ན་སྙམ། རང་རེ་བོད་རྣམས་འདུལ་བའི་ཉམས་ལེན་མེད་དྲགས་ནས་བླ་མའི་ཆོས་ལུགས་ཟེར་བའི་མིང་ཆད་ཡོད་རེད། གདན་ས་ཁག་ནས་གྲྭ་པ་རྣམས་གྲྭ་མགོ་ཐོན་ཆེད་གང་བྱུང་མང་བྱུང་བྱས་ནས་ཡིན་མདོག་མདོག་བསྡད་མཁན་གྲངས་ལས་འདས་པ་གཟིགས།