ཨེ་མ་ཧོ།
བསླུ་མེད་གཏན་གྱི་སྐྱབས་གནས་ཡིད་བཞིན་གྱི་ནོར་བུ།།
སྙིང་དབུས་པད་ཟླའི་གདན་ལ་འབྲལ་མེད་དུ་བཞུགས་ནས།།
བསྟན་དང་འགྲོ་བའི་དོན་ཆེན་འབད་མེད་དུ་འགྲུབ་པའི།།
མཆོག་དང་ཐུན་མོང་བྱིན་རླབས་ལྷུན་གྲུབ་ཏུ་སྩོལ་ཅིག།
བསོད་ནམས་ཡེ་ཤེས་ཤིང་རྟའི་དཀྱིལ་འཁོར་གྱི་བཀོད་པ།།
གང་བསམ་ལྷུན་གྱིས་འགྲུབ་པའི་གནམ་ལོ་འདི་འཆར།།
རེ་སྒུག་གངས་རི་དཀར་པོའི་སྣོད་བཅུད་ཀྱི་དགེ་མཚན།།
ཕུན་ཚོགས་ཡོན་ཏན་བྱེ་བའི་གཏེར་མཛོད་དེ་མངོན་ཤོག།
འབྱུང་ལྔའི་ལང་ཚོར་བརྟེན་པའི་རྟ་བདུན་གྱི་དབང་པོ།།
ཕྱོགས་བཞིའི་མུན་པའི་གཉེན་དུ་གང་དགའ་རུ་འཆར་ཞིང་།།
ཁམས་གསུམ་འདྲེན་པའི་དེད་དཔོན་རིགས་བདག་གི་བླ་མ།།
དོན་གཉིས་ཡིད་བཞིན་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ།།
རྫོགས་ཆེན་བསྟན་པའི་ཉི་མ་འགྲོ་ཁམས་དང་མཉམ་ཞིང་།།
ཕྱག་ཆེན་དུང་གི་ཟླ་བའི་བདེ་ཆེན་ལ་རོལ་བཞིན།།
ཐེག་ཆེན་རྒྱུ་སྐར་ཕྲེང་བའི་བྱང་སེམས་གྱི་འགྲོ་དོན།།
ཆོས་དབྱིངས་ཕན་བདེའི་ཐབས་ཤེས་ཀུན་ཁྱབ་ཏུ་སྨོན་ནོ།།
ཞེས་པ་རབ་རྒྱན་ཤིང་རྟའི་ལོ་སར་ཚེས་གཅིག་གི་སྔ་ཆར་སྙིང་གྲོགས་དམ་པ་མཆོག་སྤྲུལ་ཨ་འགྱུར་རིན་པོ་ཆེ་སོགས་བླ་སློབ་མཁའ་འགྲོ་དུ་མས་གནམ་ལོ་གསར་ཚེས་ལོ་སར་རྟེན་འབྲེལ་ལེགས་འབུལ་དག་ཡང་ཡང་གནང་བར་ལེགས་སྐྱེས་སུ་གང་འཆར་དུ་རྩ་གསུམ་བསྙེན་སྒྲུབ་ཐུན་མཚམས་སུ་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་རིག་འཛིན་ཨེ་མ་ཧོས་སྙིང་ནས་སྨོན་པར་དགེའོ།། བོད་ཡུལ་དང་རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
ལོ་གསར་བཀྲ་ཤིས་བདེ་ལེགས། རི་མོ་དང་བཅས་པའི་ངོ་སྤྲོད་འདི་མི་རབས་གསར་བར་ཕན་ཐོགས་ཆེ་སྙམ།