རེབ་ཐོག་མདའ།
བསིལ་རླུང་དལ་གྱིས་ལྡིང་བའི་ནུབ་ཁ་དེར།།
སྡོང་ལོ་གཙང་འགྲམ་ཟགས་པའི་ས་སྲོད་དེར།།
ཞབས་རྗེས་སེམས་ལ་བརྐོས་པའི་བག་ཆགས་ཀྱིས།།
ཁེར་རྐྱང་སྨྲེ་ངག་མ་ཁོག་ངག་ནས་ཤོར།།
བསམ་གཞིགས་རྒྱང་ལ་བཏེགས་པའི་མཚན་མོ་དེར།།
ཟླ་བའི་ལང་ཚོ་ཁོ་ནར་སེམས་འདི་གཡེང་།།
ཁུ་སིམ་ནམ་ཟླ་རིང་བའི་ཆོས་ཉིད་ཀྱི།།
སྣང་བརྙན་རབ་རིབ་གཉིད་ཀྱི་ཟབ་སར་སྦྲུམ།།
འཚོ་གནས་ཁ་དོག་དབེན་པའི་རང་གཤིས་ཀྱིས།།
ལས་ཀྱི་ས་བོན་ད་དུང་མ་སྨིན་ཐལ།།
རྨི་ལམ་ནག་པོ་འཁྲུག་པའི་སྔ་ལྟས་ཡིས།།
རྣམ་རྟོག་འབྲས་བུའི་མེ་ཏོག་གང་ན་བཞད།།
སྐྱ་རེངས་མིག་ཟུང་ལྷོད་པའི་ཞོགས་པ་དེར།།
ཉི་ཐིགས་རི་ལ་བབས་པའི་སྟ་གོན་བྱེད།།
རྩྭ་བསིལ་རླུང་གིས་སྒུལ་བའི་ངང་ཚུལ་དེའི།།
ངོ་གདོང་བརླན་གྱིས་བཏུམ་པའི་གཏམ་རྒྱུད་དྲན།།
ས་ཆེན་མལ་ནས་དཀྲོག་པའི་སྔ་གཞུག་དེར།།
ལྗོན་མདོག་ཁོར་ཡུག་སྒེག་པའི་ཉམས་དེ་འཕྱུར།།
འདབ་ཆགས་གསུང་གིས་སྙན་པའི་ནགས་ཀླུང་ནས།།
རྒྱང་བཞད་མེ་ཏོག་རྒྱབ་གཟུགས་མིག་ལ་སྣང་།།
མེ་ཏོག་རི་ལ་བཞད་པའི་ནམ་ཟླ་དེར།།
རེག་བྱ་འཇམ་པོ་ཞིག་གི་ལག་ཟུང་དྲན།།
དུས་བཞིའི་ཚིགས་ཀྱི་ལང་ཚོའི་འགྱུར་བག་ཁྲོད།།
གཟུགས་མེད་རྣམ་ཤེས་རི་བོའི་ཕ་རོལ་འཁྱམས།།
སྤྲིན་པ་ཐར་ཐོར་རྒྱུ་བའི་ཉག་ཁ་དེ།།
སེམས་ཀྱི་ཞབས་རྗེས་ལུས་པའི་གནས་ཚང་ཡིན།།
ཡོད་ཚད་ལས་ཀྱིས་འབྲེལ་བའི་འཁོར་བ་ནས།།
གོམ་སྣེ་རྒྱང་ལ་འཐེན་ཡང་ཞེན་ཆགས་ལུས།།
མཚམས་སྤྲིན་གཤོག་སྣེ་ཟུག་པའི་ཐང་དཀར་དེ།།
ཕྱི་མིག་རི་ནས་ཤོར་བའི་རྟ་བདུན་དེ།།
སྨག་རིམ་ལོ་ཟླ་སུན་པའི་ཚོར་འདུ་དེ།།
དུངས་སེམས་ཁུག་ནས་བཞུར་བའི་སྐྱོ་གླུ་ཡིན།།
ཕྱི་ལོ་༢༠༡༤ ཟླ་༨ ཚེས་༢༦ ཉིན་དཔེ་མཛོད་ནས།