ཀླུ་སྨྱོན།
ཨ་ཡེ་སྒྲོལ་མ་ཚེ་ལས་འདས་སོང་། ཁོ་མོ་འཇིག་རྟེན་འདི་དང་ཁ་གྱེས་པ་དེས་གྲོང་བརྡལ་ཆུང་ངུ་འདིའི་ཚེ་སྲོག་གི་གྲུབ་ཆ་གང་ཞིག་ཆག་གྲུམ་དུ་སོང་བ་དང་འདྲ་བར། བྱིས་པ་ཚོར་ཞག་མ་འགའ་ལ་གཉིད་ཀྱང་མ་ཡོང་། རེད་ཡ། ཨ་ཡེ་སྒྲོལ་མ་ཚེ་ལས་མ་འདས་སྔོན་གྱི་ཉིན་འགའི་རིང་ལ་ཡང་བྱིས་པ་ཚོར་གཏམ་རྒྱུད་བཤད་པ་མ་ཡིན་ནམ། ནམ་རྒྱུན་དབྱར་དགུན་སྟོན་དཔྱིད་གང་ཡིན་ཡང་ཉི་མ་དྲོ་སྐབས། གནའ་བོའི་གྲོང་བརྡལ་འདིའི་རྒན་རྒོན་ཚོས་ཕྲེང་བ་དང་མ་ཎི་འཁོར་ལོ་ཁྱེར་ནས་ལོ་ཟླའི་ཁ་ཆར་གྱིས་བརྡུངས་ཏེ་ཞིག་རལ་དུ་གྱུར་པའི་མ་ཎི་ཁང་གི་མཐའ་ལ་སྐོར་བ་རེ་བྱས་རྗེས། སྔ་གཞུག་ཏུ་ཉི་འོད་དྲོ་ས་ཞིག་ཏུ་འཚོགས་ནས་ཕ་མེས་ཡང་མེས་ནས་ཚ་བོ་ཡང་ཚའི་བར་གྱི་བརྗོད་མི་ཚར་བའི་ཉོག་གཏམ་གྱི་མཇུག་སྐྱོང་ཞིང་། ཨ་ཡེ་སྒྲོལ་མ་ལོ་ལོན་ཚོའི་ཁྲོད་དུ་ཡུད་ཙམ་བསྡད་རྗེས། དལ་བུར་ཡར་ལངས་ནས་ནམ་རྒྱུན་བྱིས་པ་ཚོ་རྩེད་མོར་རོལ་སའི་རྭ་སྐོར་ཆུང་ཆུང་ཞིག་ཡོད་སར་ཐོན་ཡོང་། ནམ་རྒྱུན་ཁོ་མོ་དེར་བསླེབས་མ་ཐག་བྱིས་པ་ཚོས་མོའི་མཐའ་བསྐོར་ནས་འཇམ་ཅག་གེར་ཁོ་མོས་བཤད་པའི་གནའ་གཏམ་ལ་ཉན་གྱིན་ཡོད།
“དེ་རིང་གནའ་གཏམ་གསར་བ་ཞིག་བཤད་ན་ཇི་འདྲ་རེད།”
“འགྲིགས་སོང་། འགྲིགས་སོང་།” བྱིས་པ་ཚོ་ཁྭ་སྐྱག་ཁྱུ་ཞིག་དང་འདྲ།
“སྔོན་ཆད་ས་ཆ་ཞིག་ཏུ་ཁྱིམ་ཚང་སྟོབས་འབྱོར་ལྡན་པ་ཞིག་ཡོད་ལ། ཁོ་ཚང་གི་ཕྱུགས་ཟོག་ནི་ངེད་ཚོའི་གྲོང་བརྡལ་འདིའི་ཕྱུགས་གྲངས་ལས་ལྡབས་བཅུས་མང་། ཁོ་ཚང་ལ་བུ་ཞིག་དང་བུ་མོ་ཞིག་ཡོད་པ་ནི་སར་འཇོག་མི་ཕོད་པའི་ཁྱིམ་དེའི་ནོར་བུ་ཞིག་དང་འདྲ། ཁོ་ཚང་ལ་ཕྱུགས་ཟོག་མང་བའི་རྐྱེན་གྱིས་གཡོག་པོ་གསུམ་བཞི་ཞིག་རྒྱུན་དུ་ཉར་ཡོད།”
སྤྲིན་པ་ནག་པོ་ཞིག་གིས་བར་སྣང་ཁེབས་ཤིང་། ཨ་ཡེ་སྒྲོལ་མའི་རྒས་གཉེར་གྱིས་གཡོགས་པའི་གདོང་ལ་སྤོབས་པ་ཞིག་འཕྱུར་འདུག་ལ། བྱིས་པ་ཚོ་དལ་འཇགས་སེ་འདུག
“ཁོ་ཚང་གི་བུ་མོ་དེའི་མིང་ལ་སྒྲོལ་མ་ཟེར་ཞིང་། མོ་ལོ་བཅུ་དྲུག་ལ་སོན་དུས་གཟུགས་སྐྱེ་ལུས་ནམ་མཁའི་ལྷ་མོ་ཞིག་དང་མཚུངས་པས་ཐག་ཉེ་རིང་གར་སར་སྐད་གྲགས་ཀྱིས་ཆོད་ཅིང་། གང་ས་གང་ནས་གཉེན་སློང་མཁན་ཡང་མང་པོ་ཞིག་བྱུང་མོད། ཁོ་མོའི་ཕ་མ་གཉིས་ཀྱིས་ཁོ་གཉིས་འཇིག་རྟེན་འདིར་སྡོད་པའི་རིང་ལ་ཁོ་མོ་ཁྱིམ་ཚང་གཞན་ཞིག་ལ་མནའ་མར་མི་སྟེར་རྒྱུའི་ཐག་གཅོད་བྱས་ཚར་བས། གཉེན་སློང་མཁན་ཚོས་ཀྱང་མཚོ་སྔོན་པོའི་ནང་དུ་རྡེའུ་འཕངས་པ་དང་འདྲ་བར་དབུགས་རིང་རེ་འཐེན་ནས་ཕྱིར་ལོག་དགོས་བྱུང་།
ཁོ་ཚང་གི་ཕྱུགས་རྫིའི་ཁྲོད་དུ་ལོ་བཅུ་བདུན་ཙམ་ལ་སོན་པའི་གཞོན་ནུ་རྣམ་རིག་བཀྲ་ཞིང་སྐྱེ་གཟུགས་ལེགས་པ་ཞིག་ཡོད་ཅིང་། དུས་ནམ་ཞིག་མགོ་བཙུགས་པ་མ་ཤེས་པར་སྒྲོལ་མ་དང་ཕྱུགས་རྫི་གཞོན་ནུ་གཉིས་ཀྱི་བར་ལ་བརྩེ་དུང་གི་འབྲེལ་ཐག་ཅིག་ལྷུང་སྟེ། འཇིག་རྟེན་འདིའི་གྲུ་ཟུར་ཞིག་ཏུ་སྐྱིད་ལ་སྡུག་པའི་མཛའ་བརྩེའི་གཏམ་རྒྱུད་ཅིག་འབྲི་མགོ་བརྩམས།”
ཨ་ཡེ་སྒྲོལ་མས་དངན་པ་རིང་བོ་ཞིག་འཐེན་རྗེས་གནའ་གཏམ་གྱི་རྒྱུན་བསྲིངས། “ཉིན་ཞིག་སྒྲོལ་མའི་ཕ་མ་གཉིས་ཀྱིས་མོ་དང་ཕྱུགས་རྫིའི་བར་གྱི་འབྲེལ་བ་དེ་ཤེས་རྗེས། བཀའ་བཙན་པོ་གནམ་ལྕགས་ཐོག་དང་མཚུངས་པ་ཞིག་ཕབ་སྟེ་ཕྱུགས་རྫི་གཞོན་ནུ་དེ་ས་ཆ་དེ་ནས་ཉི་མ་གསུམ་གྱི་ནང་དུ་ཁ་འབྲལ་དགོས་ཟེར་བས། དགོང་མོ་ཞིག་ལ་སྒྲོལ་མ་དང་ཕྱུགས་རྫི་གཉིས་ས་ཆ་ཐག་རིང་ཞིག་ལ་བྲོས་བྱོལ་དུ་སོང་། ཁོ་གཉིས་འཁྱམས་འཁྱམས་ནས་གྲོང་བརྡལ་ཞིག་ཏུ་འབྱོར་རྗེས། གནས་དེ་རུ་སྡོད་ཁང་ཞིག་བརྩིགས་ཏེ་འཚོ་བ་གསར་བ་ཞིག་རོལ་སྐབས། མི་ཡུལ་གྱི་སྲིན་པོར་གྲགས་པའི་རྒྱ་དམག་སྟོང་ཕྲག་མང་པོ་ཞིག་ས་དེར་འབྱོར་ནས་གྲོང་བརྡལ་དེའི་སྐྱེས་པ་མང་ཆེ་ཤོས་དམར་གསོད་བྱས་རྗེས། འགའ་ཤས་ལུས་འདུག་པ་དག་ཀྱང་རྒྱང་རིང་གི་གནས་སུ་བཙོན་ལས་བྱེད་དུ་ཁྲིད། སྐབས་དེར་སྒྲོལ་མའི་ཚེ་གཅིག་གི་སྙིང་གྲོགས་དེ་ཡང་ཧ་ཅང་རྒྱང་ཐག་རིང་བའི་ས་ཆ་ཞིག་ཏུ་བཙན་ཁྲིད་བྱས།”
ཨ་ཡེ་སྒྲོལ་མའི་སྐད་གདངས་འདར་ཞིང་མིག་མཐར་མཆི་མ་འཁྱིལ། བྱིས་པ་ཚོས་ཧ་ལས་མདོག་གིས་མིག་ལྤགས་གཟེངས་ཙམ་རེ་བྱས།
“དེ་ནས་བཟུང་སྒྲོལ་མ་གཅིག་བུར་མོ་ཧྲེང་དུ་ལུས། མོས་ནམ་རྒྱུན་ཆུང་དུས་སུ་རང་གི་ཨ་མས་བསླབས་པའི་སྒྲོལ་མའི་བསྟོད་པ་དེ་བཏོན་ནས་སྙིང་གྲོགས་ཕྱིར་ལོག་པའི་རེ་སྒུག་བྱས། ཞོགས་པ་རེ་རེ་བཞིན། མོས་རང་གི་བཞིན་རས་ལ་བྱི་དོར་ལེགས་པོ་རེ་བྱས་རྗེས། གྲོང་དཀྱིལ་ནས་རྒྱང་རིང་དུ་བསྲིངས་པའི་ལམ་ཕྲན་དེའི་སྣེ་རུ་མིག་ཞགས་འཕངས། ལོ་ངོ་བདུན་གྱི་རྗེས་སུ། སྒྲོལ་མའི་ཁྱོ་བོ་དེ་དང་མཉམ་དུ་ས་ཆ་ཐག་རིང་ལ་ཕྱིན་པའི་མི་ཞིག་ཕྱིར་རང་གི་གྲོང་ཚོར་ལོག་པའི་སྐད་ཆ་ལས། མོའི་སྙིང་གྲོགས་དེ་ཡང་ལོ་འགའི་རྗེས་སུ་ཕྱིར་ལོག་ཐུབ་པའི་གཏམ་སྙན་པོ་ཞིག་ཐོས་པས། མོའི་སེམས་ཁོང་དུ་རེ་བའི་ཉི་ཟེར་ཞིག་ཤར་ནས་ཉིན་མཚན་འཁྱོལ་དཀའ་བའི་ངང་ལོ་ཟླ་འགའ་ཤས་ཕར་བསྐྱལ། མུ་གེའི་སྒང་ལ་ཟླ་ལྷག་ཟེར་བ་བཞིན། ལོ་ཞིག་གི་སྟོན་ཁ་ནས་བཟུང་སྟེ་གྲོང་བརྡལ་འདིའི་ནང་དུ་རིག་གནས་གསར་བརྗེ་ཟེར་ཞེས་པའི་ལས་འགུལ་ཞིག་ལངས་ཏེ། སྔོན་ཆད་རྒྱ་མིའི་ཕྱོགས་ལ་དགའ་མཁན་ཚོར་གཟེངས་རྟགས་དང་གོ་ས་སྤྲད་ཅིང་། ཕྱུག་བདག་དང་ཆོས་པ་དག་ལ་ཉེས་ཆད་འཕར་མ་བཅད་དེ་མོས་ཉིན་མཚན་ཀུན་ཏུ་རེ་སྒུག་བྱས་པའི་སྙིང་གྲོགས་དེ་ཡང་གཏན་ནས་ཕྱིར་ལོག་རྒྱུ་མེད་པར་གྱུར།”
ཕར་ཕྱོགས་དེར་ཉོག་གཏམ་གྱི་མཇུག་བསྡུ་མ་ཐུབ་པའི་ལོ་ལོན་ཚོ་རེ་རེ་བཞིན་ཡར་ལངས་ནས་མ་ཎི་ཁང་ལ་སྐོར་བ་རེ་བྱས་རྗེས་འཁྱར་འཁྱོར་ངང་རང་རང་གི་སྡོད་ཁང་བསྙེགས་ནས་བུད་སོང་། ཉི་མ་ཡང་དམར་གོར་རེར་ནུབ་ཕྱོགས་ཀྱི་རི་རྩེར་ལྷུང་། དུ་ཞགས་དཀར་པོ་ཞིག་གིས་གྲོང་བརྡལ་འདི་བཏུམས་པའི་གསེབ་ཏུ། གནའ་ནས་འཇགས་མ་མྱོང་བའི་བུད་མེད་ཚོའི་དགོད་སྒྲ་དང་རྫི་བོས་ཤུ་ག་འདེབ་པའི་འགྱུར་ཁུག་དེ་དག་ནམ་རྒྱུན་ལས་ལྡབས་འགྱུར་གྱིས་ཇེ་སྙན་དུ་སོང་བ་དང་འདྲ། ཨ་ཡེ་སྒྲོལ་མའི་རྐང་ལག་གི་ནུས་ཤུགས་ཉམས་ནས་ཡང་ལངས་རྒྱུར་ཡང་དཀའ་ངལ་ཧ་ཅང་ཆེ།
“དེ་ནས་བཟུང་ཁོ་མོས་རེ་ཐག་ཆད་པའི་ངང་ཁེར་འདུག་གི་འཚོ་བ་མུ་མཐུད་དུ་བསྐྱལ་ཅིང་། ལོ་རེ་བཞིན་གྲོང་ཚོའི་ནང་གི་ན་གཞོན་ཕོ་མོ་ཆ་རེས་གཉེན་སྒྲིག་གི་སྟོན་མོའི་སྐལ་བ་མཚོན་པའི་ཤིང་ཏོག་དང་ཀ་ར་སོགས་ཀྱིས་བཀང་བའི་དཀར་ཡོལ་གསར་བ་རེ་ཁྱེར་ཡོང་དུས། ཁོ་མོས་སེམས་སྐྱ་མོ་སྡུག་གིས་ཁེངས་བཞིན་ཨུ་ཚུགས་ཀྱིས་གདོང་ལ་འཛུམ་བཅོས་མ་རེ་བསྡུས་ནས་ཁོ་ཚོར་བཀྲ་ཤིས་པའི་ཁ་གཡང་རེ་བོས་ཤིང་། ཀ་ར་དང་ཤིང་ཏོག་ཡོད་ཚད་གྲོང་ཚོའི་བྱིས་པ་ཚོར་བྱིན།”
བྱིས་པ་འགའི་མིག་ལས་མཆི་མ་ཤོར་མོད། སྣབས་ལུད་འབྱིད་ཁུལ་བྱེད་ཞོར་མགོ་བོ་ནང་དུ་བསྒུར་ནས་བསྡད།ཨ་ཡེ་སྒྲོལ་མས་ལག་ཟུང་བྱིས་པ་གཉིས་ཀྱི་ཕྲག་པར་ཁེན་ནས་ཡར་ལངས་ཏེ་གདོང་ལ་འཛུམ་ཞིག་བསྡུས་ནས། “ཨ་ཡེ་སང་ཉིན་འདིར་ཡོང་ཐུབ་མིན་མི་ཤེས། ངའི་གཅེས་ཕྲུག་ཚོས་ཕ་མའི་ཁ་ལོངས། ཨེ་གོ་ཐལ།” ཟེར་ནས་བྱིས་པ་རེ་རེའི་གདོང་ལ་བལྟས། བྱིས་པ་ཚོས་ཅི་ཞིག་གི་ཧ་གོ་བ་དང་འདྲ་བར་མགོ་བོ་བསྒུར་ནས་རང་རང་སར་བུད་སོང་། བསིལ་རླུང་ཞིག་གིས་ཨ་ཡེ་སྒྲོལ་མའི་དཀར་ཞིང་བདག་མེད་དུ་ལུས་པའི་སྐྲ་ལོ་གཟེངས་སུ་བཅུག་པས། ཁོ་མོའི་གཟུགས་རིས་ནི་ལོ་འདབ་ཡོད་ཚད་ལྷུང་ཚར་བའི་སྡོང་རྒན་སྐམ་པོ་ཞིག་དང་འདྲ། ཁོ་མོའི་གདོང་ལ་ཡིད་ཚིམ་པའི་མདངས་ཤིག་འཆར་བཞིན་དལ་བུར་མ་ཎི་ཁང་ལ་སྐོར་བ་འགའ་བརྒྱབ་རྗེས། རྒན་ཧྲེང་འདུག་སའི་ཁང་ཆུང་དེའི་ཕྱོགས་སུ་འཐེན་པའི་རྐང་ལམ་ཕྲ་མོ་དེའི་སྟེང་དུ་མི་སྣང་བར་གྱུར།
ཨ་ཡེ་སྒྲོལ་མ་ཁོ་མོའི་གནའ་གཏམ་དང་འདྲ་བར་བྱིས་པ་ཚོའི་སེམས་ཁོང་ནས་མ་ཡལ་བ་ཡིན་ནམ། ད་ལོའི་ལོ་གསར་སྐབས་སུ་གྲོང་བརྡལ་འདིའི་ནང་དུ། མཐོ་སྒང་གི་ཡུལ་གྲུ་འདིར་ལང་ཚོ་དང་ཚེ་སྲོག་གསར་བ་རེ་སྣོན་པའི་སྙན་འཇེབས་ཀྱི་བྱིས་གླུ་གཅིག་ཀྱང་ཐོས་རྒྱུ་མི་འདུག
མཇུག་བྱང་། སྒྲུང་ཐུང་འདིའི་སྒྲོམ་གཞིའི་ཐད་དུ་ངའི་སྨྱུག་གྲོགས་རྩོམ་པ་པོ་གྲགས་ཅན་སྟག་འབུམ་རྒྱལ་གྱི་སྒྲུང་གཏམ་ཉི་མ་ནུབ་རིར་ཡོལ་དུས་ཞེས་པར་ལད་འབྲི་ཏོག་ཙམ་བྱས་ཡོད་ཀྱང་། བྱུང་རིམ་དང་སྐད་ཆའི་སྒྱུ་རྩལ་གྱི་ཐད་དུ་རང་གི་སྨྱུག་རྩལ་ལས་གཞན་གྱི་རྩོམ་ཟུར་འཆོས་མེད། ཁོ་བོ་ནི་རྩིགས་ཟུར་ཐམས་ཅད་འབུ་སྡོམ་གྱི་དྲ་རྒྱས་ཁེངས་ཤིང་། མལ་ཆས་རྩབ་ཧྲལ་གྱིས་བཀང་བའི་ཁང་མིག་ཆུང་ཆུང་ཞིག་གི་ནང་དུ། འུ་ཐུག་ཐབས་ཟད་ཀྱི་མགོ་བོ་ནང་དུ་ལྷུང་ནས་འདུག་མཁན་ཞིག་ཡིན་པས། རང་གི་མི་རིགས་འདིའི་འཚོ་བ་མཚོན་པའི་བརྩམས་ཆོས་གང་ཞིག་ཀློག་མཁན་རྣམ་པའི་སྤྱན་སྔར་བཤམ་འདོད་ཚེ། རི་ཆུ་ཁྲི་སྟོང་གིས་བར་ཐག་ཆོད་པའི་གནའ་བོའི་གྲོང་བརྡལ་རེ་རེ་མདུན་དུ་བླངས་པའི་ཤོག་དཀར་གྱི་ངོས་སུ་གློག་བརྙན་བཞིན་འཆར་མ་ཐུབ་པར། གང་དྲན་ཐོལ་བྱུང་དུ་བྲིས་པའི་བརྩམས་ཆོས་གང་ཞིག་ལ་ཡང་མར་དྲི་དང་རྩམ་དྲི་ཞིག་འཐུལ་རྒྱུ་ཧ་ཅང་དཀའ་བས། ང་ཚོས་བྲིས་དང་འབྲི་བཞིན་པའི་རྩོམ་ཡིག་འདི་དག་ལ་གངས་འདབས་དང་རྫ་སུལ་དུ་གནས་པའི་མི་རིགས་ཤིག་གི་འཚོ་བ་དང་ཞིབ་བསྡུར་བྱེད་རྒྱུའི་རིན་ཐང་ཨེ་ཡོད།
ཀློག་བཞིན་ཡོད། བཀླག་ཚར་ན་མཆན་བུ་རེ་འདེབས་རྒྱུ་ཨེ་ཡོད་བལྟ།
མཆན་བུ་རེ་སང་ཉིན་འེདབས་ཡོང་།
གཟིགས་ཙམ་གནང་བར་ཐུགས་རྗེ་ཆེ་ཞུ། ང་ལ་མཚོན་ན་རང་གི་རྩོམ་ཡིག་འདི་ཚོའི་དགེ་སྐྱོན་གླེང་བའི་ཕྲན་དཔྱད་རེ་མི་གཞན་གྱིས་འབྲི་ཐུབ་ན་དགའ་བསུ་ཡོད།