རྨོག་རུ་བསྟན་པ།
རི་ངོགས་གཏམ་རྒྱུད་ཅེས་པའི་དེབ་ཅིག་འདོན་འཆར་ལ་ལོ་གཉིས་གསུམ་གོང་ནས་འཆར་གཞི་ཡོད་ནའང་། དེབ་ཀྱི་བརྗོད་བྱའི་མགོ་གང་ནས་འཛུགས་རྒྱུ་སོགས་ཀྱི་ཐད་བསམ་བློ་ངེས་ཅན་ཞིག་གཏོང་དགོས་པ་དང་། དངོས་བྱུང་གི་ལོ་རྒྱུས་དང་འབྲེལ་བའི་དེབ་ཀྱི་བརྗོད་བྱ་རེ་ཟུང་ཡུལ་དུས་སྐབས་དོན་དང་འགྲིག་མིན་སོགས་ཀྱིས་ཅུང་ཙམ་ཕྱིར་འགྱངས་བྱེད་དགོས་ཆགས་ཡོད། རི་ངོགས་གཏམ་རྒྱུད་ཀྱི་བརྗོད་དོན་གཙོ་བོ་ནི་རང་ཉིད་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བའི་སྐབས་དོན་དང་འབྲེལ། རང་ཉིད་དང་འབྲེལ་ཡོད་ཀྱི་ཁོར་ཡུག་དང་། སྤྱི་ཚོགས། མི་སྣ་སོགས་བརྒྱུད་པའི་དངོས་བྱུང་གཏམ་རྒྱུད་ཀྱི་སྙིང་པོ་ཞིབ་ཚགས་སུ་འགོད་རྒྱུ་དེ་ཡིན།
འགྲོ་ལུགས་བྱས་ན་ཐོག་མར་རྒྱ་གར་དུ་ཡོང་བ་ནས་མགོ་བརྩམས་པའི་ལོ་རྒྱུས་དག་དེབ་ཕྲེང་དང་པོར་འདོན་སྤེལ་བྱེད་དགོས་པ་ཞིག་ཡིན་མོད། དགོས་དབང་ཞིག་གིས་ཕྱི་ལོ་༢༠༡༢ ལོའི་ལོ་མཇུག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་རྒྱ་གར་མངའ་སྡེ་ཁག་ནང་ཞུ་གཏུགས་ལས་འགུལ་སྤེལ་ཕྱོགས་སྐོར་བརྗོད་བྱའི་གཙོ་བོར་བཟུང་སྟེ་དེབ་ཕྲེང་དང་པོ་འགྲེམས་སྤེལ་བྱས་པ་ཡིན། རི་ངོགས་གཏམ་རྒྱུད་ལ་ཞིབ་ཚགས་པ་དང་། ཁ་གསལ་བ། དོན་སྙིང་གིས་ཕྱུག་པའི་ཁྱད་ཆོས་ཡོད་དཀོན་ནའང་། རི་ངོགས་སུ་ཆགས་པའི་གྲོང་ཁྱེར་ཅིག་གི་ཁོར་ཡུག་དང་། ཁོར་ཡུག་དེ་དང་འབྲེལ་བའི་སེར་སྐྱ་མི་མང་གི་འཚོ་བ། ལམ་ལུགས། དགོན་པ་དང་སློབ་གྲྭའི་ནང་གི་སློབ་གསོའི་ཁ་ཕྱོགས་བཅས་པའི་སྣང་བརྙན་ཇི་བཞིན་བཞེངས་བསྐྲུན་གྱིས་མ་འོངས་པའི་ལོ་རྒྱུས་སུ་ཕྱི་མིག་ལྟ་མཁན་ཚོར་བོད་ཆགས་འཇིག་གི་མཚམས་སུ་སླེབས་པའི་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་རི་ངོགས་འདི་ནས་གཏམ་རྒྱུད་འདི་འདྲ་ཞིག་བྱུང་འདུག་ཅེས་པའི་འཇིག་རྟེན་ཆུང་ཆུང་ཞིག་གི་སྣང་བརྙན་བསྐྲུན་རྒྱུ་དེ་ཡིན།
རི་ངོགས་གཏམ་རྒྱུད་ཀྱི་ཚེ་སྲོག་ནི་རྟོག་བཏགས་ཀྱིས་བཞེངས་པ་ཞིག་མ་ཡིན་པར་དངོས་ཡོད་ཀྱི་འཚོ་བའི་བྱུང་རིམ་ཞིག་ཡིན། གཏམ་རྒྱུད་འདིའི་ནང་རྩོམ་པ་པོའི་དགའ་སྐྱོའི་ཚོར་བ་སྤེལ་ཏེ་བཅོས་མའི་འཆར་ཡན་བསྡུ་སྒྲིག་བྱེད་འཆར་མེད། འདི་ནི་རང་གི་ཕ་ས་དང་། ཕ་མ་སྤུན་ཉེ་རྣམས་ལེ་དབར་ཁྲི་ཕྲག་གི་མཚམས་སུ་བཞག་སྟེ་རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས།། རང་བྱུང་སྙིང་གི་དབུས་ན་གནས་པ་འདིས།། རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ།། རང་གི་ནུས་པས་སྲི་ཞུ་ཅུང་ཞིག་བསྒྲུབ་འདོད་པའི་མི་བུ་ཞིག་གི་ཚེ་སྲོག་གི་རིན་ཐང་དང་། བཙན་པོར་མགོ་བོ་མི་སྒུར་ལ། ཉམ་ཆུང་རྡོག་པས་མི་བརྫི་བའི་མི་བུ་ཞིག་གི་བཞུད་ལམ་ཡང་ཡིན།
སྐུ་ཉིད་ནས་སྤྲོ་སྣང་ལྡན་པའི་ཐོག་རི་ངོགས་གཏམ་རྒྱུད་ཀློག་རྒྱུར་ངེད་ཀྱིས་གུས་བརྩི་ཞུ་རྒྱུ་ཡིན། ཨ་མཆོད་ཚོར་བསྙེན་བཀུར་བྱེད་པ་ལྟ་བུའི་གསོལ་ཚིགས་དང་གསོལ་ཇ་འདེགས་འབུལ་ཞུ་ཐུབ་པར་ཆ་རྐྱེན་མེད་ཀྱང་། ཞི་བདེ་དང་། ལ་རྒྱ། བརྩེ་སེམས། དུང་བ་སོགས་ཀྱི་ཚ་རླབས་འཐུལ་བའི་ནང་སེམས་དྲོན་མོ་ཞིག་གིས་ཁྱོད་ཚོར་བསུ་མ་དང་ཕེབས་སྐྱེལ་ཞུ་བཞིན་ཡོད། འདི་ནི་ངའི་ཡོད་ཚད་ཡིན་ཅེས་བཤད་ཀྱང་ཆོག
རི་ངོགས་གཏམ་རྒྱུད་ནི་དེབ་གཅིག་གིས་མཇུག་བསྒྲིལ་འགྲོ་བ་ཞིག་མིན། དེབ་ཕྲེང་གི་ངོ་བོར་རྒྱུན་མཐུད་དེ་འདོན་སྤེལ་བྱེད་འཆར་ཡོད། རི་ངོགས་ནི་གོ་བ་གཉིས་སུ་ལེན་ཆོག་པ་ཡིན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་རི་ངོགས་སུ་ཆགས་ཡོད་པས། སྒྲིག་འཛུགས་དེའི་ཁྱབ་ཁོངས་དང་འབྲེལ་ཡོད་ཀྱི་གཏམ་རྒྱུད་ཡོད་ཚད་ནི་རི་ངོགས་གཏམ་རྒྱུད་ཀྱི་བརྗོད་བྱར་འགོད་རུང་བ་ཞིག་དང་། བོད་གངས་ཅན་ལྗོངས་ནི་འཛམ་གླིང་གི་མཐོ་སྒང་ངམ་རི་ངོགས་སུ་ཆགས་ཡོད་པས། བོད་གངས་ཅན་ལྗོངས་ཀྱི་ཆགས་འཇིག་དང་། འདས་མ་ད་གསུམ་གྱི་གནས་ཚུལ་དང་ལོ་རྒྱུས་རྣམས་ཀྱང་རི་ངོགས་ཀྱི་གཏམ་རྒྱུད་ལ་བཤད་ཆོག ཀློག་པ་པོ་རྣམས་ཀྱིས་རི་ངོགས་གཏམ་རྒྱུད་ཀྱི་བརྗོད་བྱ་དང་། རྗོད་བྱེད་གང་ཅིའི་ཐད་ལམ་སྟོན་དང་། དགོངས་འཆར། བསམ་ཚུལ་ལྷུག་བརྗོད་ཡོང་བའི་འབོད་སྐུལ་བཅས་མདའ་མོ་ཚང་རྨོག་རུ་བ་བསྟན་པ་རྒྱ་མཚོར་འབོད་པས་བཞུགས་སྒར་རྡ་རམ་ས་ལ་ནས།
ཨ་ཁུ་བསྟན་པ། ཁྱེད་བདེ་མོ། ང་སྦྲ་རིགས་ཐོགས་མེད་ཡིན། འདས་པའི་ཉིན་ཤས་རིང་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་རི་ངོགས་གཏམ་རྒྱུད་ཞིབ་ཀློག་དང་གྲྭ་རྐྱང་ཞིག་གི་ཀྱག་ཀྱོག་གི་མི་ཚེར་རོལ་མྱོང་བྱེད་སྐལ་ལྡན་སོང་། ངས་ནམ་རྒྱུན་དངོས་བྲིས་དཔེ་དེབ་འདི་འདྲ་གང་མང་མང་ཡོད་ན་བསམ་བཞིན་ཡོད། ཁྱེད་ཀྱི་རི་ངོགས་གཏམ་རྒྱུད་དེ་དངོས་ཡོད་འཚོ་བ་དང་ཁ་ཐག་ཉེ་ཞིང་འབངས་མི་དཀྱུས་མ་ཞིག་གི་འཚོ་བ་བྲིས་ཡོད་པས་རོ་བྲོ་ལྡན་པས་ནུབ་ཕྱོགས་པ་དག་གིས་དངོས་བྲིས་དཔེ་ཆ་ལྟར་གསོན་ཤུགས་ལྡན། ད་དུང་རི་ངོགས་གཏམ་རྒྱུད་ཀྱི་བཞུར་རྒྱུན་དང་ལྷན་དུ་ང་ཚོས་ས་གནས་སོ་སོའི་ལོ་རྒྱུས་དང་མི་སྣ་ཆེ་གེ་མོའི་སྣང་བརྙན་སོགས་མང་བོ་ཞིག་མཐོང་ཐུབ་པ་ཡིན།
རི་ངོགས་གཏམ་རྒྱུད་ཀྱིས་གོང་གི་སྐུ་ངོར་སོ་དཀར་བསྟན་མེད་པ་སྨད་ཀྱི་སྤྲང་བོར་སྡང་མིག་ཀྱང་བལྟས་མེད། རི་ངོགས་གཏམ་རྒྱུད་ཀྱིས་དཔོན་པོ་དང་བླ་མ་ལས་མི་སེར་ཕལ་བ་གཙོ་བོར་བཟུང་ཡོད་ལ། ལུང་ཚན་དང་ཆོལ་ཁའི་བདེ་སྡུག་ལས་བོད་མི་རིགས་སྤྱིའི་ལས་དབང་གལ་ཆེར་བརྩིས་ཡོད། དེ་རིང་གི་རི་ངོགས་གཏམ་རྒྱུད་འདི་མི་འགྱངས་བའི་ལོ་རྒྱུས་དང་སྤྱི་ཚོགས་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་འགྱུར་བའི་སྔ་ལྟས་ཡོངས་སུ་ཚང་འདུག འདི་དག་ནི་ཀློག་པ་བོ་ཞིག་གི་ངོས་ནས་བསྟོད་ཡུལ་དག་ཡིན།
དེ་དང་མཉམ་དུ་བསམ་ཚུལ་ཁ་ཤས་ཡང་ཞུ་འདོད་བྱུང་། གང་ཡིན་ཟེར་ན་བསམ་ཚུལ་འདིས་གཅིག་བྱས་ན་རི་ངོགས་གཏམ་རྒྱུད་རྗེས་མ་དག་ལ་ལམ་བྲོ་ཆུང་ངུ་རེའི་ཕན་ཐོགས་འབྱུང་ཡང་སྲིད་པས་ཡིན།
༡ ཁྱེད་རང་ལ་སྔོན་ཆད་དགོན་པའི་སྒྲིག་ཁྲིམས་གནད་དོན་དང་འབྲེལ་བའི་གནད་དོན་ཁག་དང་། ཁྱེད་རང་གིས་གངས་ཅན་སྐྱིད་གཤོང་དང་གྲོས་ཚོགས་ར་བའི་ནང་གི་གནད་དོན་སྐོར་སོགས་ལ་ད་དུང་ཞིབ་ཚགས་པོ་དང་དྲ་རྒྱས་པོ་འབྲི་དགོས་ཀྱིན་འདུག དཔེར་ན། ཁྱེད་ཀྱི་བོད་གཞུང་གི་རྩིས་ཁྲ་གཙང་མ་ཡིན་པའི་སྒྲུབ་བྱེད་དུ་ཁྱེད་རང་གོ་པལ་སློབ་གྲྭར་གཞུང་འབྲེལ་རླངས་འཁོར་བཏང་ནས་སོང་བ་སོགས་ཀྱི་ལོ་རྒྱུས་ལྟ་བུ། བཀའ་བློན་ཀྱིས་ཁ་པར་ཉོས་པའི་གནད་དོན་ལྟ་བུ་སོགས་གླེང་ཐུབ་ན་མ་འོངས་ཞིབ་འཇུག་གི་མ་ལག་གལ་ཆེན་ཆགས་ངེས།
༢ གཉིས་པ་གནད་དོན་གལ་ཆེན་ཁག་གླེང་སྐབས་གང་ཐུབ་ཐུབ་ཀྱིས་ཟླ་དུས་ཚེས་གྲངས་དང་དེ་བཞིན་ཞིབ་འཇུག་བྱ་ཡུལ་གྱི་གྲངས་ཀ་དང་རེའུ་མིག་སོགས་གཞུང་འབྲེལ་གང་རུང་ནས་ག་ཚོད་རག་ཇི་ཐུབ་རེ་བྱས་ན་ལེགས། དཔེར་ན། ཁྱེད་ཀྱི་ལེའུ་རེ་རེའི་མགོར་ཟླ་དུས་ལོ་གྲངས་བྲིས་པ་ལྟ་བུ་རེད།
༣ སྐད་ཆ་ལུང་འདྲེན་དང་ཡིག་ཆ་དང་གྲངས་ཀ་ལུང་འདྲེན་སོགས་གང་ཡིན་ཡང་དེབ་ཀྱི་མཇུག་ཏུ་གཤམ་མཆན་གསལ་བོ་ཞིག་འགོད་ཐུབ་ན་དེང་རབས་ཀྱི་ཞིབ་འཇུག་རང་བཞིན་གྱི་གླེང་བརྗོད་དང་ཡོངས་སུ་མཐུན། དཔེར་ན། ཁྱེད་རང་ཉིད་ཀྱིས་དུས་བབ་ཐོག་གི་རྩོམ་ཡིག་རེ་ཚུར་ལུང་འདྲེན་བྱས་པ་ལྟ་བུ་རེད།
༤ ད་དུང་མི་སེར་དཀྱུས་མའི་བདེ་སྡུག་གི་འཚོ་བ་དང་ཆབ་སྲིད་ཀྱི་ལྟ་བ་བྱེ་བྲག་པའི་དབང་དུ་མ་སོང་བར་དངོས་སུ་མཐོང་བ་དེ་བཤད་ཐུབ་པའི་སྙིང་སྟོབས་ཀྱང་ཆེ་ཙམ་མཛོད།
རི་ངོགས་གཏམ་རྒྱུད་རྗེས་མ་དག་མགྱོགས་མྱུར་ཐོན་པའི་སྨོན་འདུན་དང་བཅས་སྦྲ་རིགས་ཐོགས་མེད་ཀྱིས་ཕུལ།
བཀྲ་ཤིས་བདེ་ལེགས་ཡོད། རེ་བར་རི་ངོགས་གཏམ་རྒྱུད་ནི་གཉོམ་ཆུང་གི་སར་ལངས་ནས་འབྲི་བ་ལས་བཙན་པོ་དང་སྐུ་དྲག་གི་སར་ལངས་ནས་བྲིས་ཚེ། དེང་གི་བར་གུང་ཁྲན་ཏང་ལ་བསྟོད་པ་འབྲི་མཁན་ཚོ་ནང་བཞིན་རེད། དཀའ་ལས་བརྒྱབ་པ་ཆུད་ཟོས་སུ་སོང་ནས་རིན་ཐང་འབྱུང་གི་མ་རེད། ཤི་རེ་བྱོས།